

ཟླ9པའི་ཚེས11ཉིན་གྱི་དུས་ཚོད6པར། མཚོ་འཕང་ལ་སྨི2800ཡོད་པའི་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནན་མིན་ཞཱ་གྲོང་རྡལ་དུ་སྔར་བཞིན་ས་རུབ་འདུག གྲང་ངར་ནི་འཁྱགས་པར་སྦངས་པའི་སྲིང་སྐུད་སྲབ་མོ་ཞིག་དང་མཚུངས་པར་ས་གཞི་ཆེན་པོ་ཐིམ་ཡོད་པ་དང་འདྲ་ལ། ཚོད་དཀར་གྱི་ལོ་མའི་རྩེ་ཡི་ཟིལ་བ་དག་འོད་སྣང་གི་ཁྲོད་དུ་གསལ་ལ་མི་གསལ་གྱིས་མངོན་བཞིན་འདུག
ལེ་ཡན་ཡུས་ཀྱིས་རྐང་པ་གཉིས་ཀ་ཡང་མོའི་ངང་འདམ་རྫབ་ཀྱིས་སྦགས་པའི་ཞིང་ཚིགས་སུ་སྤོས་པ་ན། རྐང་པའི་མཛུབ་ཚིགས་གྲང་རླུང་གིས་དམར་པོར་གྱུར་འདུག ཁོས་གཟབ་ནན་གྱིས་ལུས་པོ་ཅུང་ཙམ་མར་སྒུར་པ་དང་། ཚོད་དཀར་ཕྱི་རིམ་གྱི་ལོ་མ་རྙིང་པ་དལ་མོར་བཏོག་རྗེས། ནང་གི་འཁྱགས་གྲང་ལ་ཐུག་པ་སྟེ། དེ་ནི་མཉམ་ལས་ཁང་གིས་ཆེས་མཇུག་མཐར་ཞང་ཀང་དུ་སྐྱེལ་འཆར་ཡོད་པའི་འཁྱག་རིགས་སྔོ་ཚལ་ཡིན་པ་དང་། འཁྱག་སྦྲེལ་རླངས་འཁོར་སྐྱོད་མགོ་བརྩམས་པ་ནས་ཞང་ཀང་དུ་སླེབས་པའི་བར་གྱི་ལམ་ཐག་ཧྲིལ་པོ་དུས་ཚོད48ལས་འགོར་མི་སྲིད།
ཧུའུ་ཀྲུའུ་ཀོང་ཧྲིན་སྔོ་ཚལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཡིན་པའི་ཆ་ནས། ལེ་ཡན་ཡུས་དཔྱིད་འགོ་ཚེས་དུས་ནས་ཟླ་དགུ་པ་དང་བཅུ་པའི་བར་དུ་སྔོ་ཚལ་བསྡུ་བའི་ལས་ལ་བྲེལ་བཞིན་ཡོད།
“དལ་མོ་བྱོས། ད་ཐེངས་ཏུན་དགུ་སྐྱེལ་དགོས། མགྱོགས་དགོས་རུང་སྤུས་ཀ་གཏན་ནས་ཇེ་ཞན་དུ་གཏང་མི་རུང་།”
སླེ་བོ་རེ་རེའི་ནང་གི་སྔོ་ཚལ་དག་ནི་ཞིང་པ་ཚོས་ལོ་མང་པོར་རེ་སྒུག་བྱས་པའི་དཔལ་འབྱོར་གྱི་ཡོང་འབབ་ཡིན་པ་ཁོས་མི་གཞན་ལས་ཀྱང་ལྷག་པར་ཤེས་ཡོད།
“སྔོན་ཆད་ས་ཞིང་མུའུ་བཅུ་ལྷག་ཙམ་སྲུང་བ་དང་། གང་བཏབ་ན་དེ་ཟ་ཞིང་། ཉམས་མྱོང་ལ་བརྟེན་ནས་འདེབས་འཛུགས་བྱེད་ཀྱི་ཡོད། སྔོ་ཚལ་བསྡུ་ལེན་བྱས་རྗེས་རང་ཁྱིམ་གྱིས་ཟ་བའམ་ཡང་ན་ནམ་མ་ལངས་གོང་འདྲུད་འཐེན་འཁོར་ལོ་བསྐྲོར་ནས་ཞོགས་པའི་ཚོང་རར་འགྲོ་བཞིན་ཡོད་ལ། འཁྱགས་རླུང་གིས་སྔོ་ཚལ་རྙིད་དུ་འཇུག་པར་མ་ཟད། ད་དུང་མི་གཞན་དང་རིན་རྩོད་གོང་གཏམ་བྱེད་དགོས། ཕྱིར་འཚོང་བྱེད་པར་དཀའ་ཁག་མང་པོ་ཡོད།” ལེ་ཡན་ཡུས་ཀྱིས་ལུས་པོ་ཅུང་ཙམ་སྒུར་ནས་སྔོ་ཚལ་གྱི་ལོ་མ་བཏོག་བཞིན་འདུག་ལ། སྐད་ཆའི་ཁྲོད་དུ་འདས་ཟིན་པའི་ཚོར་སྣང་གིས་ཁེངས་ཏེ། “ང་ཚོའི་སྔོ་ཚལ་ཞང་ཀང་དུ་བསྐྱལ་ཐུབ་པ་འདི་སྔོན་ཆད་ཡིད་ལའང་དྲན་མི་སྲིད་པ་ཞིག་རེད”ཟེར།
རྗེས་སུ་ཀོང་ཏུང་གི་སྔོ་ཚལ་ཚོང་པ་སྒོ་ཁར་ཡོང་ནས་དེ་གའི་སྔོ་ཚལ་གྱི་སྤུས་ཀ་བཟང་པོར་དགའ་པོ་བྱུང་བས། ས་བོན་གསར་པ་དང་ཁྲོམ་རར་འདོན་པའི་ཚོང་ལས་ཀྱི་གོ་སྐབས་བྱུང་བ་དང་། ཚོད་ལྟ་བྱས་ནས་འཚོལ་ཞིབ་བྱས་པ་བརྒྱུད། ས་ཞིང་རྒྱ་བསྐྱེད་ནས་ཐོན་རྫས་ཇེ་མང་དུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་འཁྱག་རིགས་སྔོ་ཚལ་ཐོན་ལས་དར་རྒྱས་བྱུང་བ་དང་བསྟུན་ནས་མཐོ་སྒང་ནས་ཞང་ཀང་བར་གྱི་བར་ཐག་རིམ་བཞིན“ཡིད་ལའང་དྲན་མི་སྲིད་པ”ནས“འགྲོ་ཐུབ་པ”མངོན་འགྱུར་བྱུང་།
ད་ལྟ་ནི་ཅི་ཞིག་ཟ་མཁན་ཡོད་ན་དེ་འདེབས་བཞིན་ཡོད། ཁྲོམ་ར་དང་ཞང་ཀང་གི་དགོས་མཁོ་ལྟར་གནད་ལ་འཁེལ་བའི་སྒོ་ནས་འདེབས་འཛུགས་བྱེད་ཀྱིན་ཡོད། མུའུ་བཅུ་ནས་མུའུ་ཁྲི་ཕྲག་འགའི་ས་ཞིང་ཡོད་ན་སེམས་རྩ་བརྟན་པའི་དབང་གིས། ཚོང་ལམ་ལ་སེམས་ཁུར་བྱེད་ཀྱིན་མེད། བྲེལ་བྲེལ་འཚུབ་འཚུབ་ཀྱི་ངང་ནས་ཞོགས་པའི་ཚོང་ཁྲོམ་དུ་འགྲོ་མི་དགོས་པས། སེམས་ཁུར་ལྕི་མོ་ཞིག་ཐང་ལ་ཕོག་འདྲའི་སྣང་བ་སྟེར་གྱི་འདུག་ཟེར། ལའེ་ཡན་ཡུས་ཀྱིས་མིག་མདངས་ལ་རྣོ་འོད་འཁྱུག་བཞིན་དེ་ལྟར་བཤད།
འོན་ཀྱང་སྤུས་ལེགས་སྔོ་ཚལ་གྱིས་རི་བོ་མང་པོ་བརྒལ་ནས་མཐོང་སྒང་གི་ས་གཞིའི་སྟེང་ནས་ཕྱི་ཕྱོགས་སར་འགྲེམ་བཞིན་པའི་ལས་ཀ་འདི་ནི་དེ་འདྲའི་ལས་སླ་མོ་ཞིག་གཏན་ནས་མིན།
ལའེ་ཡན་ཡུས་ཀྱིས་སྔོན་ཆད་ལ་ཕྱིར་དྲན་བྱེད་སྐབས་ད་ལྟ་ཡིན་ནའང་སེམས་སུ་དངངས་འདར་རྒྱག་གིན་ཡོད། སྔོན་ཆད་ཕྱིར་འཚོང་རྒྱག་སྐབས། སྒོ་གཅན་ལས་ཁུངས་ལས་ཐར་ཐབས་སུ་རྒྱུ་ཆ་མང་དག་ཅིག་མཁོ་ཞིང་འགྲོ་རིམ་ཚང་མ་ཧ་གསལ་བོ་ཞིག་མ་གོ་བའི་དབང་གིས། སེམས་སུ་བྲེད་ཤ་ལངས་རྒྱུ་ལས་བྱེད་ཐབས་གཞན་མ་རྙེད། ད་ལྟ་ཡིན་ན་དེ་འདྲ་ཞིག་མ་རེད། དེང་སྐབས་སྐད་ཆ་ཚིག་གཅིག་བཤད་མ་ཐག སྒོ་གཅན་ལས་ཁུངས་ཀྱིས་སྔོ་ཚལ་འདེབས་འཛུགས་བྱས་པ་ནས་བཟུང་གོ་རིམ་ཧྲིལ་བོར་ཞབས་འདེགས་ཞུ་བཞིན་ཡོད་ལ། ང་ཚོས་ཞང་ཀང་གི་ཚད་གཞི་ལྟར་སྔོ་ཚལལ་འདེབས་འཛུགས་དང་དོ་དམ་བྱེད་བཞིན་ཡོད། ལྷག་པར་དུ་སྔོ་ཚལ་གྲང་བཟོ་ཡི་ལས་དོན་ཞབས་ཞུའི་ས་ཚིགས་བཙུགས་རྗེས། སྲིད་ཇུས་ཀྱི་ཞབས་ཞུ་མགྱོགས་ཤིང་གནད་ལ་འཁེལ་བར་བརྟེན། སྲིད་ཇུས་ཞབས་ཞུ་བཟང་ལ་སྔོ་ཚལ་གསར་པ་ཡིན་པའི་ཕན་འབྲས་མངོན་འགྱུར་བྱས། སྔོ་ཚལ་འདེབས་འཛུགས་ར་བ་རུ་སྔོ་ཚལ་འབལ་མཁན་དང་བསྡུ་ལེན་བྱེད་མཁན་གྱི་མིའི་མགོར་བཀར་ཡོད་པའི་གློག་འོད་ནི་ཞོགས་པའི་སྨུག་སྤྲིན་ཁྲོད་སྐར་འོད་ལམ་ལམ་འཚེར་བཞིན་པ་དང་འདྲ། སྔོ་ཚལ་གྱི་རིགས་བསལ་འདེམས་བྱས་ཏེ་སྒམ་ནང་བླུགས་རྗེས། དེའི་འཕྲོར་ལུས་ཡོད་པའི་སྔོ་ཚལ་གྱི་རིགས་གཞན་དག་ཉིན་གུང་གི་སྔོན་ལ་ཉེ་འགྲམ་གྱི་འཁྱག་མཛོད་ཁང་དུ་སྐྱེལ་དགོས།
འཁྱག་མཛོད་ཁང་ལ་སྐྱེལ་རྒྱུའི་གྲ་སྒྲིག་འདི་ནི་ལའེ་ཡན་ཡུས་ལ་མཚོན་ནས་བཤད་ན་སེམས་ཀྱི་ནོར་བུ་ལྟ་བུ་ཞིག་རེད། དང་ཐོག་སྔོ་ཚལ་ར་བ་དང་ཐག་ཉེ་ས་ནས་འཁྱག་མཛོད་ཁང་བསྐྲུན་སའི་གནས་འདེམས་ཆེད། ཁོས་དེ་སྔ་རང་ཁྱིམ་གྱི་ཁང་པ་རྙིང་པའི་གྱང་ཟུར་ནས་བསྐྲུན་འདོད་ཆེ་ནའང་། སྟབས་ལེགས་པ་ཞིག་ལ་ས་གནས་དེའི་ཞིང་ལས་སྡེ་ཁག་གིས་བསྐྲུན་ས་མཐུན་སྦྱོར་དང་སྔོ་ཚལ་གསར་པ་ཡིན་ཚད་སྦྲེལ་མཐུད། འཁྱགས་མཛོད་བསྐྲུན་རྒྱུར་རོགས་རམ་བཅས་བྱས་པར་བརྟེན། ད་ལྟ་མཉམ་ལས་ཁང་གི་སྔོ་ཚལ་མུའུ་ཁྲི་ལྷག་གི“གསར་ཚད་སྲུང་འཛིན་བྱེད་པའི་འགན་འཁྲི་ལྕི་མོ”ཕྲག་སྟེང་དུ་བླངས་ཡོད།
སྔ་དྲོའི་དུས་ཚོད་དགུའི་སྟེང་། སྔོ་ཚལ་ཏུན9ཚང་མ་འཁྱགས་མཛོད་ཁང་དུ་བསྐྱལ་ནས། དུས་ཚོད་ཉེར་བཞིའི་རིང་གི་སོ་མ་ཡིན་པའི་ཚད་ཉར་འཇོག་བྱས་པ་ཡིན་ན། གཞི་ནས་སྔོ་ཚལ་གྱི་ས་ཐག་རིང་བོར་སྐྱེལ་སྐབས་ཀྱི་སོ་མ་ཡིན་ཚད་ལ་འགན་ལེན་བྱེད་ཐུབ་པ་ཡིན། ལའེ་ཡན་ཡུས་ཀྱིས་སྔོན་ལ་དྲོད་ཚད་ཚོད་འཛིན་རེའུ་མིག་ལ་བལྟས་རྗེས། འཁྱགས་མཛོད་ཁང་གི་སྒོ་འབྱེད་དགོས་ལ། “ལྟེ་བའི་དྲོད་ཚད་ངེས་པར་དུ0℃ནས4℃བར་ཡིན་དགོས། ཏུའུ་གཅིག་གི་ཧེ་བག་ཡོད་ཀྱང་མི་རུང་བ་ཡིན”ཟེར།
སྔོ་ཚལ་བསྡུ་ལེན་བྱེད་སྐབས་ཀྱི་དྲོད་ཚོད8℃ནས4℃བར་མགྱོགས་མྱུར་མར་ཆག་འགྲོ་བའི་དབང་གིས། “དྲོད་ཚད་མྱུར་དུ་ཇེ་དམའ་རུ་གཏོང་བའི”ཐབས་ལ་བརྟེན་ནས་སྔོ་ཚལ་གྱི་གསོན་ཉམས་སྲུང་འཛིན་དང་མྱུར་མོར་རུལ་འགྱུར་བྱེད་པ་སྔོན་འགོག་བྱ་དགོས་ལ། ཐབས་ཤེས་དེ་ནི་མཐོ་སྒང་གི་སྔོ་ཚལ་སོ་མ་ཉར་ཚགས་བྱེད་པའི་གནད་འགག་གི་གོ་རིམ་ཞིག་ཡིན། ལོ་སྔོན་མར། སྔོ་ཚལ་ཁག་ཅིག་དུས་ཚོད་ཕྱེད་ཀའི་རིང་ལ་གྲང་བཟོ་བྱེད་དགོས་པ་དལ་འགོར་བྱས་པའི་དབང་གིས། ཀོང་ཀྲོའུ་རུ་སྐྱེལ་སྐབས་གྱོང་གུད་ཐེབས་ཚད་བརྒྱ་ཆའི་གྲངས3གྱིས་ཇེ་མང་དུ་ཕྱིན་ཡོད། “དོན་དེར་རྐྱེན་བྱས་ཏེ་མཉམ་ལས་ཁང་གི་གོང་འོག་བར་གསུམ་ཚང་མ་དུས་ཡུན་ཟླ་ཕྱེད་ལྷག་གི་རིང་ལ་སེམས་སྡུག་བྱས་པར་མ་ཟད། དེ་ལས་ཐོབ་པའི་བསླབ་བྱ་དེ་གཏན་ནས་བརྗེད་ཐབས་ཤིག་མི་འདུག”ཟེར།
ད་ལྟ་མཚོ་སྔོན་གྱིས་མཚོ་སྔོན་རྟགས་ཅན་གྱི་འཁྱགས་རིགས་སྔོ་ཚལ་ལ“མྱུར་ལམ”བཏོད་ཡོད་དེ། ཞིང་ནང་གི་རིམས་བཤེར་ནས་ལག་ཁྱེར་སྤྲད་ནས་གཏོང་བའི་བར་གྱི་འབྲེལ་ཐག་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་། དེ་ནས་ཞིང་ལས་ཐོན་རྫས་སོ་མའི་ཐོན་སྐྱེད་བྱེད་ས་རུ་ཞིབ་བཤེར་བྱེད་པའི་གེགས་མེད་བགྲོད་ལམ་ཤར་གཏོང་བྱས་ཡོད་པར་བརྟེན། “མགྱོགས་མྱུར་ཞིབ་བཤེར་དང་མགྱོགས་མྱུར་ངང་ཕྱིར་གཏོང་བའི”འགག་སྒོ་བརྒལ་བའི་དུས་ཚོད་སྟོང་ཟད་དུ་མི་གཏོང་བར་ཁག་ཐེག་བྱས་ཡོད། སྡེ་ཁག་སོ་སོས་ནུས་ཤུགས་གཅིག་སྡུད་བྱས་ནས། སྔོ་ཚལ་སོ་མ་ཡིན་ཚད་གྱི་ལས་རིམ་ལ་དམ་འཛིན་ནན་མོ་བྱས།
ཕྱི་ཉིན་གྱི་ཞོགས་པ་སྔ་མོར། འཁྱགས་སྦྲེལ་རླངས་འཁོར་འཁྱགས་མཛོད་ཁང་གི་མདུན་དུ་བསྡད་ཡོད། ཁ་ལོ་བ་ནི་ལེའེ་ཡན་ཡུས་ཀྱི་རོགས་པ་རྙིང་པ་ཀུའོ་ཧའེ་ཐའོ་ཡིན། ཁོས་འཁོར་སྒོའི་དྲོད་འཛིན་བང་རིམ་ཐེངས་འགའ་བརྡུངས་རྗེས། ཡིད་ཆེས་ཆེན་པོའི་སྒོ་ནས་བཤད་རྒྱུར། ཁ་སང་དགོང་མོ་ཞིབ་བཤེར་ཞིག་གསོ་བྱས་མ་ཐག་ཡིན་པས། བརྒྱུད་རིམ་ཧྲིལ་པོས་རང་འགུལ་ངང་དྲོད་ཚད་ཚོད་འཛིན་བྱེད་ཐུབ་ཀྱིན་ཡོད་ལ། དྲོད་ཚད་གཅིག་གིས་མ་འདང་བ་ཡིན་ན་ཉེན་བརྡ་གཏོང་ངེས་ཡིན་པས། སྔོ་ཚལ་སོ་མ་ཡིན་ཚད་ལ་ཁག་ཐེག་བྱེད་ཐུབ་ཟེར། ཁོས་དེ་ལྟར་བཤད་ཞོར་འཁྱགས་མཛོད་ཁང་གི་སྒོ་ཐེངས་འགའ་བརྒྱབ་པ་ན། དཔྱད་ཆས་ཀྱི་པར་ངོས་སུ3℃མངོན་ཡོད་པས། ཁྱད་པར་གཏན་ནས་མེད།
ལའེ་ཡན་ཡུས་དང་ལས་བཟོ་པས་མྱུར་དུ་སྔོ་ཚལ་སྒམ་དེ“རྫས”ཞེས་པའི་ཡིག་གཟུགས་ལྟར་བཅོས་ནས་ཨང་རྟགས་བརྒྱབ་པ་ན། རིམ་པ་རེ་རེར་རླུང་རྒྱུག་སྲུབ་ཀ་ཡག་པོ་བཞག་ནས་འགུལ་སྐྱོད་འཇམ་ཞིང་མཐའ་མའི་སྒམ་ལ་ཨང་རྟགས་བརྒྱབ་ཚར་རྗེས། ཀུའོ་ཧའེ་ཐའོ་ཡིས་ལའེ་ཡན་ཡུས་ཀྱི་ཕྲག་པར་རྡེབ་ནས། སྔོན་ཆད་ཐག་རིང་ལ་བསྐོར་ནས་འགྲོ་སྐབས་འཁྱགས་བཟོ་འཕྲུལ་འཁོར་ལ་མིག་གཏད་ནས་འདུག་དགོས་མོད། ད་ལྟ་ལམ་ཐག་ཧྲིལ་པོར་དྲོད་ཚད་གཏན་འཇགས་ཡིན་པས། ཞང་ཀང་དུ་སླེབས་ན་མཐོ་སྒང་ནས་བཏབ་པའི་སྔོ་ཚལ་སོ་མ་ཡིན་ཚད་སྔར་བཞིན་སོར་འཇོག་བྱེད་ཐུབ་ཡོད་ཟེར།
གྲང་སྦྲེལ་རླངས་འཁོར་མཉམ་ལས་ཁང་ནས་ཁ་འབྲལ་སྐབས། འཁྱགས་རིགས་སྔོ་ཚལ་དེ་དག་དངོས་སུ་ལེ་བར་སྟོང་གི“སོ་མ་སྲུང་འཛིན་བྱེད་པའི”ལམ་ཐིག་སྟེང་སྐྱོད་མགོ་བརྩམས། ལམ་བར་དུ། ཀུའོ་ཧའེ་ཐའོ་ཡིས་རླངས་འཁོར་གྱི་ཁ་ལོ་སྒྱུར་ཆས་དམ་པོར་བཟུང་ནས་ལྷོ་ཕྱོགས་སུ་མགྱོགས་མྱུར་ངང་བསྐྱོད། རླངས་འཁོར་གྱི་སྒེའུ་ཁུང་ཕྱི་རུ། མཐོ་སྒང་གི་སྟོན་དུས་ཀྱི་གནམ་གཤིས་རིམ་བཞིན་འཁྱགས་ཤུར་ཤུར་བྱེད། ཨོང་སྒམ་ནང་སྔོ་ཚལ་དེ་དག་གིས་ཐོག་མཐའ་བར་གསུམ་དུ་དྲོད་ཚད0℃ནས4℃བར་གྱི་ལྦུ་བ་འཕྱུར་སའི་སྒམ་ནང་དུ་ལྷིང་འཇགས་སུ་ཉལ་ཏེ། དྲོད་ཚད་བརྟན་པའི་ནང་དུ་དུས་ཚོད་དང་འགྲན་བསྡུར་བྱས་ཏེ། མཚོ་སྔོན་གྱི་ཁྱད་སྟོབས་མངོན་ཐུབ་པའི་སྔོ་ཚལ་རིགས་གཅིག་པུ་དེ་ཞང་ཀང་གི་ཟོག་སྒྲོམ་དུ་སྐྱེལ་བཞིན་ཡོད།
ཟླ9པའི་ཚེས13ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་སྟེང་དུ། འཁྱག་སྦྲེལ་རླངས་འཁོར་དུས་ཐོག་ཏུ་ཀོང་ཀྲོའུ་ནས་ཞང་ཀང་དང་ཨའོ་མིན་གྱི་སྔོ་ཚལ་ལས་སྣོན་བཟོ་གྲྭ་རུ་བསྐྱོད་དེ། དབྱེ་གསེས་དང་ལས་སྣོན། ཐུམ་སྒྲིལ་བཅས་བྱས་རྗེས་བསྐྱར་དུ་རླངས་འཁོར་དུ་བཞག་ནས་ཁེ་ལས་ཀྱིས་དུས་མཉམ་དུ་སྒོ་གཅན་ལ་ཡར་ཞུ་བྱེད་འགོ་བརྩམས་བྱུང་ལ། དེའི་རྗེས་སྐྱེལ་འདྲེན་རླངས་འཁོར་ཝུན་ཅིན་ཏུའུ་སྒོ་གཅན་ནས་ཞང་ཀང་དུ་ཐད་ཀར་བསྐྱོད་དེ། དུས་ཚོད་ཁ་ཤས་འགོར་རྗེས། མཐོ་སྒང་གི་སྔོ་ཚལ་དེ་དག་རིམ་བཞིན་ཞང་ཀང་གི་སྒོ་རྩིས་ཚོང་ཁང་ནས་མངོན་འགོ་བརྩམས།
སྐབས་དེར་སྒམ་དང་སྒམ་བྱས་ནས་ཐོན་པའི་བར་དུ་ཏག་ཏག་དུས་ཚོད48འགོར་བར་བརྟེན། “དུས་ཚོད་ཞེ་བརྒྱད་རིང་གི་སོ་མ་ཡིན་ཚད་སྲུང་འཛིན་བྱེད་པའི་ལས་སྒོ”གཞི་ནས་ཡོངས་འགྲུབ་བྱས།
སྤྱི་ལེ2500ཕན་གྱི་མཚོ་སྔོན་དུ། ལའེ་ཡན་ཡུས་ལ་དུས་ཐོག་ཏུ་སྐྱེལ་བའི་འདྲ་པར་འབྱོར་སྐབས། ཁོ་མོའི་གདོང་ལ་འཛུམ་མདངས་གཉོམ་པོ་ཞིག་རྒྱས་འགོ་བརྩམས་བྱུང་། ཁོས་སྔོ་ཚལ་འདེབས་སའི་ཞིང་སར་བལྟས་པ་ན། སྔོ་ཚལ་བསྡུ་མཁན་གྱིས་སྔར་བཞིན་སྔོ་ཚལ་བསྡུ་ལེན་ལ་བྲེལ་བཞིན་ཡོད་ཅིང་། རྣང་ཞིང་ཕྲེང་བར་བསྟར་བའི་རི་ཐང་དུ། ཆུ་དང་ལུད་གཞི་གཅིག་ཅན་གྱི་འགྱིག་སྦུག་ནག་པོ་བཏིངས་ཡོད་པས། དེས་སྔོ་ཚལ་འདེབས་པའི་དུས་ཚིགས་རྫོགས་ལ་ཉེ་བ་མཚོན་ཐུབ། ཤུལ་དུ་ལྷག་པའི་སྔོ་རྩལ་རྣམས་བསྡུ་ལེན་བྱས་རྗེས། ངས་རང་གི་ཆུང་མ་ཁྲིད་དེ་ས་ཕྱོགས་ཡར་མར་ལ་ལྟ་སྐོར་དུ་སོང་ནས་སེམས་པ་གཡེང་རྒྱུ་ཡིན་ཟེར།
"ལོ་འདི་དག་ལ་སྔོ་ཚལ་བཏབ་ཀྱིན་བཏབ་ཀྱིན་ཇེ་མང་རེད། ལོ་རེར་ལོ་ལེགས་བྱུང་པ་ཤིན་ཏུ་ལེགས། ད་ནི་ང་ཚོ་ལག་རྩལ་ཤེས་ལ་བརྒྱུད་ལམ་རྟོགས་པའི་ཞིང་པ་གསར་པ་རུ་གྱུར་ཡོད། "་ལའེ་ཡན་ཡུས་ཀྱིས་དེ་ལྟར་མུ་རུ་བཤད་རྒྱུར། "ང་ཆུང་དུས་སུ་པེན་ཤུའི་ནང་དུ་ཤ་ཡོད་མེད་ལ་རེ་སྒུག་བྱས་མྱོང་། ཕྱིས་སུ་རེ་སྒུག་བྱེད་ས་གཙོ་བོ་ནི། ལྭ་བ་གསར་པ་གྱོན་ཐུབ་མིན་དེ་རེད། ད་ལྟ་དེ་དང་རྩ་བ་ནས་མི་འདྲ། ད་ལྟའི་རེ་སྒུག་བྱེད་ས་ནི་སྡོད་ཁང་གསར་པ་དང་རླངས་འཁོར་གསར་པ་ཉོ་ཐུབ་མིན་དེ་རེད། ད་ལྟ་ཟས་གོས་ཀྱི་གནད་དོན་ཙམ་ལས་རིང་དུ་འགོངས་ནས། རེ་བ་དང་དྲན་ཕྱོགས་གསར་པ་ཡོད་ལ། དྲན་ཕྱོགས་དེ་དག་ལག་ལེན་བྱེད་པའི་ནུས་པ་ཡང་ཡོད་"ཟེར།
མཐོ་སྒང་གི་གྲང་འཁྱགས་གནམ་གཤིས་ཀྱི་ཁྱད་ཆོས་དང་བསྟུན་ནས་ཞིང་ལས་ཞིང་སྡེ་པུའུ་ཡིས་རོགས་སྐྱོར་དང་ཟི་ལིང་སྒོ་གཅན་གྱིས་གཞོགས་འདེགས། དྲོ་འཁྱགས་སྙོམས་པའི་ཚན་རྩལ་གྱི་འདེགས་སྐྱོར་བཅས་ལ་བརྟེན་ནས། སྔོ་ཚོད་དེ་སྤྱི་ལེ་ཉིས་སྟོང་ལྔ་བརྒྱ་ལྷག་གི་མཚམས་སུ་རྙིང་དུ་མ་བཅུག་པར་འཁྱེར་ཐུབ་པ་བྱུང་ཡོད།
དེང་སྐབས། ལམ་ཐག་སྔར་ལས་ཀྱང་ཇེ་རིང་དུ་སོང་ནས། མཚོ་སྔོན་ནས་སྔོ་ཚོད་བཏོག་པ་དང་ཧྲིན་ཀྲིན་ནས་རིགས་དབྱེ་སྐུར་སྐྱེལ་བྱེད་པ། ཞང་ཀང་ནས་ཚོང་སྒྲོམ་དུ་འཇོག་པ་བཅས་དུས་ཚོད་བཅུ་གཉིས་རིང་གི་འདོན་སྤྲོད་མུ་ཁྱུད་གསར་འཛུགས་བྱས་ཤིང་། སྔོ་ཚོད་གསར་སྲུང་གི་ཚད་ཆེས་ཆེན་པོར་ཆགས་ཡོད། མཁའ་ལམ་སྐྱེལ་འདྲེན་དང་འཁྱགས་དངོས་འཁོར་རྒྱུགས་བཅས་ཀྱི་རྣམ་པ་སྣ་མང་གི་སྐྱེལ་འདྲེན་ལ་བརྟེན་ནས། མཚོ་སྔོན་ནས་ཞང་ཀང་བར་དུ་དུས་ཚོད་བཅུ་གཉིས་རིང་ལ་སྐྱེལ་ཐུབ་པར་བྱས། དུས་མཉམ་དུ། ཞིང་ཆེན་ཡོངས་ཀྱི་སྔོ་ཚོད་འཁྱགས་པའི་རིགས་ཀྱི་རྟེན་གཞི་དེ་ཟི་ལིང་ནས་མཚོ་ཤར་མཁར་ཕྱིའི་ཁུལ་དང་། རྨ་ཙོང་གཤོང་སའི་ཁུལ། རྨ་ཆུའི་འབབ་རྒྱུད། ཚ་འདམ་གཞོངས་དང་ཁུལ་དང་རྫོང་སོ་སོའི་མཐའ་འཁོར་བཅས་སུ་རྒྱ་སྐྱེད་ནས། སྔོ་ཚོད་འདེབས་ཐེངས་གཅིག་ནས་དུས་ཚིགས་བཞི་ལ་བཏབ་ཆོག་པའི་རྣམ་པར་འགྱུར་ལྡོག་བྱུང་སྟེ། ཁྱད་ལྡན་ཟོང་རྟགས་དེ་ས་གནས་ཀྱི་ཞིང་ས་ཆུང་ངུ་ལས་འབྲས་བུ་ཕྱོགས་བཞིར་ངོམ་པའི་རྣམ་པར་སྐུལ་འདེད་བཏང་ཡོད།
ཕྱིར་གཏོང་གི་ལོ་རྒྱུས་མེད་པ་ནས་ཏུན་སྟོང་ལྷག་གི་འདོན་སྤྲོད་རྒྱུན་ཆད་མེད་པའི་བར་དུ། མཐོ་སྒང་གི་འདམ་ནང་དུ་སྐྱེས་པའི་སྔོ་ཚལ་དེས་ཞིང་བའི་ཡོང་སྒོ་འཕར་དུ་བཅུག་པར་མ་ཟད། མཚོ་སྔོན་གྱི་མཚན་སྙན་དེ་རྒྱང་རིང་གི་ཟས་ཅོག་སྟེང་དུ་བསྐྱལ། འཁྱགས་རིགས་འཁོར་སྐྱེལ་གྱི་ལག་རྩལ་གཞོགས་འདེགས་འོག འཁྱགས་རིགས་སྔོ་ཚལ་གྱི་གསར་བརྗེ་ལ་བརྟེན་ནས། ཞིང་བའི་འཚོ་བ་ལ་འགྱུར་ལྡོག་གསར་པ་བྱུང་དུ་བཅུག
“ཧུར་ཐག་གིས་གནས་སྡོད་དང་ལས་སྐྲུན་ལ་འཚམ་པའི་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་པར།”མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གོམ་སྟབས་བརྟན་པོས་རེ་འདོད་དེའི་ཕྱོགས་སུ་སྐྱོད་བཞིན་ཡོད། “ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པའི”འབོད་སྐད་དེ་གངས་རིའི་རྩྭ་ཐང་དུ་གྲགས་སྐབས། ལེ་ཡན་ཡུས་ལྟ་བུའི་ཧུར་བརྩོན་ཅན་གྱི་རོང་འབྲོག་པས་ཆ་རྒྱུས་ཡོད་པའི་ས་ཆའི་སྟེང་འཕེལ་རྒྱས་ཀྱི་གནས་ཚད་གཏན་འཁེལ་བྱས་ནས་འཚོ་བའི་སྙན་ངག་དང་རྒྱང་རིང་རྙེད་ཡོད།
ད་ལྟ། འཁྱག་རིགས་སྔོ་ཚལ་ཐོན་ལས་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་ལྟར་རྒྱས་བཞིན་ཡོད་པ་དང་། ལྗང་མདོག་གི་སྐྱེ་སྟོབས་དང་གྲུབ་འབྲས་ཕུན་སུམ་ཚོགས་པའི་ཐོག་ནས་མཚོ་སྔོན་ལ་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ཁྱད་སྟོབས་ལྡན་པ་སྤྲོད་བྱས་ཡོད་པར་མ་ཟད། སྔར་ལས་ཡིད་ཆེས་དང་ནུས་པ་ལྡན་པས། ལྗང་མདོག་སྐྱེ་ལྡན་གྱི་མཐོ་སྒང་གི་ལེགས་སྐྱེས་ཀྱིས་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་ངོ་མཚར་བའི་རྒྱུགས་ལན་ཞིག་སྤྲད་ཡོད།
བན་དེ་སྐྱབས། ཤ་བོ་གསེར་མཚོ། སྐལ་བཟང་རྣམ་རྒྱལ། ཤ་བོ་རིན་མཚོ་བཅས་ཀྱིས་བསྒྱུར།