མཚམས་སྤྲིན་གྱི་མཛེས་སྡུག་བཏེགས་པའི་མི་ཕོ།༼བསྡུས་རྩོམ།༽
ཁུངས། ཀློག་གྲངས།

ཚེ་རིང་སྒྲོལ་མ།  (བོད་ལྗོངས།)

མུན་པའི་ལྟེང་ཀ་བརྡོལ་བའི་ལྷིང་འཇགས་ཀྱི་མཚན་གཞུང་ཞིག་ལ། ཚོར་འདུའི་འགྱུར་བག་རྒོད་པའི་སྙིང་ཆུང་གི་འཕར་སྒྲ་དང་སྨྱུ་གུའི་རྩེ་མོ་ཤོག་ངོས་སུ་ཟགས་པའི་ཧྲག་སྒྲ། ཡིད་ཀྱི་སེམས་ཚོར་གློག་ཀླད་དུ་གཏག་པའི་ཐག་སྒྲ་སོགས་དང་བསྡོངས་ནས། དུག་སྦྲུལ་འཁྱུག་ཉལ་བྱེད་འདྲའི་མདོ་དབུས་མཐོ་སྒང་གི་གཞུང་ལམ་གྱི་འགག་གཟར་ཞིག་དང་། མཚམས་སྤྲིན་གྱི་མཛེས་སྡུག་བཏེགས་པའི་མི་ཕོ་ཞིག་གི་རྒྱབ་གཟུགས་ཁྲ་ཆིལ་ལེར་མིག་ལ་འཁོར་ཞིང་། འཆི་གསོན་གྱི་འགག་མཚམས་སུ་ལུས་མྱོང་བའི་རླངས་འཁོར་ཞིག་གི་བརྗེད་ཐོའང་དྲན་པས་བསྣམས་འོངས།

དེ་ཡང་། མཛུབ་མོ་ནང་དུ་བཀུག་སྟེ་རྩིས་པའི་བགྲངས་བྱ་བཅུ་ཕྲག་ལྷག་གི་སྔ་རོལ་ཏུ།  ཀནP-08511ནི་ངའི་ཕ་ཡུལ་གྱི་སྤྱི་སྤྱོད་རླངས་འཁོར་ཉག་གཅིག་པུ་དེ་ཡིན་ལ།  ཆུ་ཆེན་ཁ་ཡི་ཟམ་པ་ལྟར་ཕ་ཡུལ་དང་རྫོང་མཁར་བར་གྱི་འགྲིམ་འགྲུལ་ཡོ་བྱད་གལ་ཆེ་ཤོས་དེ་རུ་གྱུར་ཡོད།  ཉིས་སྟོང་བཅུ་གཅིག་ལོའི་དབྱར་གཞུང་ཞིག་ལ། ཨ་ཕ་དང་ངེད་གཉིས་འགྲུལ་བ་ཉི་ཤུ་ལྷག་ཡོད་པའི་རླངས་འཁོར་འདིར་བསྡད་དེ་ཕྱིར་ཕ་ཡུལ་དུ་ཆས།  འོག་ན་ཀླུ་ཆུའི་བཞུར་རྒྱུན་དྲག་ཅིང་སྟེང་ན་བགྲོད་ལམ་གྱི་ཁ་ཞེང་དོག་པའི་ལ་གཟར་ཞིག་ནས།  རླངས་འཁོར་གྱི་ལྷུ་ལག་ཅི་ཞིག་ལ་གློ་བུར་དུ་སྐྱོན་བྱུང་བ་ཡིན་ནམ།  རླངས་འཁོར་ནི་ཁ་ཕྱོགས་བོར་བ་ལྟར་འོག་ཕྱོགས་ཀྱི་ཀླུ་ཆུའི་བཞུར་རྒྱུན་དུ་ཡོམ་ཞིང་།  གཡོན་ཕྱོགས་ཀྱི་འདུག་སྟེགས་སུ་ཡོད་པའི་འགྲུལ་བ་རྣམས་སྐུད་སྣེར་བསྲིངས་པའི་ལྕགས་རིལ་ཁབ་ལེན་རྡོ་ལ་འབྱར་བའི་ཚུལ་གྱིས་གཡས་ཕྱོགས་སུ་གསེག་པ་ན།  ཀུ་ཅོ་དང་སྐྱབས་འགྲོ་གཅིག་ཅར་དུ་འདོན་པའི་ངང་ཚུལ་དང་།  ལག་ཟུང་དམ་པོར་འཇུས་པའི་ཨ་ཕའི་མིག་མདངས་སོགས་ལས། ཁོ་མོས་ཀྱང་ད་ནི་ལས་མཁན་ཨ་བ་གླང་མགོས་མདུན་བསུས་ཏེ་གཤིན་རྗེ་ཆོས་རྒྱལ་དང་ཞལ་མཇལ་གྱི་སྟ་གོན་བྱས་ནས་མིག་ཟུང་ཤེད་ཀྱིས་བཙུམ་པར།  ཕྱི་དྲོའི་མཚམས་སྤྲིན་གྱི་རང་མདངས་མིག་གི་ཁྲ་ཐིག་ཏུ་བབས་ཏེ་ཞེན་ཆགས་ཀྱི་མདའ་མོ་སེམས་ཀྱི་འབེན་ལ་ཕོག་པས།  འཇིགས་སྐྲག་གི་ཚོར་བས་ལུས་སེམས་ཉོབ་ཉོབ་ཏུ་བཏང་།  ཏག་ཏག་སྐད་ཅིག་མ་དེར།  ཁ་ལོ་བའི་རྣམ་རིག་གྲུང་བོ་དེ་དང་གནད་དོན་ལ་འཕྲད་སྐབས་ཀྱི་ཞེ་སེམས་ལྷོད་པོ་དེས་འཚུབ་ཆ་ཅི་ཡང་མེད་པར་རླངས་འཁོར་གྱི་ཁ་ཕྱོགས་དྲང་མོར་བསྒྱུར་ཅིང་།   དེ་མུར་འགྲུལ་བ་རླངས་འཁོར་གང་བོའི་ཚེ་སྲོག་ཅེས་པའི་དབྱངས་རྟ་འདིའི་རྒྱུན་མུ་ནས་མུར་མཐུད་སོང་།    སྐབས་དེར།   འགྲུལ་བ་གང་མང་ཞིག་གིས་ང་ཚོས་ཅི་ཞིག་གིས་བསྐྱབས་སོང་ཞེས་གསོལ་བ་སྙིང་ནས་འདེབས་མོད།  དོན་གྱིས་མགོན་སྐྱབས་ངོ་མ་ནི་མིག་མདུན་ན་ཡོད་པའི་མཚམས་སྤྲིན་གྱི་མཛེས་སྡུག་བཏེགས་པའི་མི་ཕོ་འདི་སྟེ།  འགྲུལ་བཞུད་ལམ་གྱི་འཆི་གསོན་གྱི་གནད་འགག་ལ་འགན་འཁུར་བའི་རླངས་འཁོར་གྱི་ཁ་ལོ་བ་འདི་ཉིད་ཡིན་པ་གཞི་ནས་བརྗེད་འདུག

མཚམས་སྤྲིན་གྱི་མཛེས་སྡུག་བཏེགས་པའི་མི་ཕོ་དེ་ལ།  བཀའ་དྲིན་ཆེ་ཞེས་པའི་ཡིག་འབྲུ་འགའ་ཡི་བུ་ལོན་ཆད་པའི་མི་ལོ་འདི་དག་གི་རིང་ལ།  འཆི་བདག་གི་འཇིགས་པ་ལས་ཐར་བའི་ང་ཡང་ཁྱིམ་མི་ཚོའི་སྤར་ཁུག་གི་ཀ་ར་ལ་ཞེ་འཁྲེང་བའི་བྱིས་པ་ཞིག་ནས་སྨྱུ་གུའི་སྟངས་སྟབས་བསྒྱུར་བར་དགའ་བའི་སློབ་ཆེན་སློབ་མ་ཞིག་ཏུ་ནར་སོན་ཞིང་།   རྒྱུན་པར་ཀ་ཁའི་ཡིག་ངོ་མི་ཆོད་པའི་ཁྱིམ་མི་དང་སྡེ་བའི་ཁ་ལོ་བ་ཚོར་འགྲུལ་བཞུད་ལམ་སྟོན་ལེ་ཚན་ལ་ཉན་རྒྱུར་སྐུལ་མ་བྱས་པ་ཡིན་ཞིང་། མཚམས་སྤྲིན་གྱི་མཛེས་སྡུག་བཏེགས་པའི་མི་ཕོ་དེ་ཉིད་མཚོན་དཔེར་བྱས་ཏེ།  འགྲུལ་བཞུད་ཀྱི་ལམ་ཁར་བྲེལ་འཚུབ་མེད་པའི་ལྷོད་སེམས་ཀྱི་གལ་ཆེའི་རང་བཞིན་ཡང་ཡང་གླེང་མྱོང་བ་དྲན་ངོགས་སུ་གསལ།

མདོར་ན། འགྲིམ་འགྲུལ་བདེ་འཇགས་ནི་དོན་རྐྱེན་དང་ཆག་སྒོའི་ཤུགས་ནས་བརྗོད་ཆོག་ལ། འཇིགས་སྐྲག་རྗེས་ཀྱི་བདེ་འཇགས་ནང་ནས་གླེང་ཆོག་པའང་བསྙོན་མེད་དེ།  ཆག་སྒོ་ནི་དུས་ཆད་དང་ངེས་གཏན་མེད་པའི་གཟུགས་མེད་ཀྱི་འགོང་བོ་ཞིག་ཡིན་རྐྱེན།   ཆང་རག་གི་སྤྱོད་པ་དང་བྲལ་ཞིང་།  གློག་ལྗང་གློག་དམར་གྱི་མཚོན་བྱེད་དུ་གྱུར་པའི་འགྲིམ་འགྲུལ་རྩ་དོན་དེ་དག་བརྩི་སྲུང་བྱ་རྒྱུ་སྔོན་འགྲོར་གྱུར་པའི་ཞོར་དུ།   གནད་དོན་ལ་འཕྲད་སྐབས་སུ་འཚུབ་ཆ་མེད་པར་སེམས་ལྷོད་ལ་འབབ་དགོས་པའང་གཙོ་གནད་དུ་འདོད་དོ། །

གྱེར་ཀློག་པ། འཆི་མེད་སྒྲོལ་མ།  

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ། 

 རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།  

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ། 

དོ་དམ་པ། བསོད་ནམས་དོན་འགྲུབ།  

ལྟ་སྐུལ་པ། རྟ་མགྲིན་འཚོ།  

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།