
ཀྱེ་ཕུར་མཆོག་གསུམ། མཚོ་ལྷོ།
བོད་མིའི་ངག་རྒྱུན་དུ། དལ་མོར་སོང་ན་དེ་རིང་དང་། མགྱོགས་པོར་རྒྱུགས་ན་སང་ཉིན་ཐོན་ཞེས་པའི་སྐད་ཆ་ཞིག་རྟག་པར་ཐོས་རྒྱུ་འདུག་ལ། གཞན་ཡང་། “བགྲེས་པོ་བསམ་ཤེས་ཤིག་གིས་གསར་བུ་སྣང་མཐོ་ཞིག་ལ། “གསར་བུ་རླངས་འཁོར་དལ་མོར་སྐོར། འགྲིམ་འགྲུལ་ཆག་སྒོ་འབྱུང་ངེས”ཞེས་སེམས་གཏམ་ལབ་པར། གསར་བུ་སྣང་མཐོ་དེས་ཕྱིར“ཨ་ཁུ་སྐྱོན་མེད། ལོ་བཅུ་གཉིས་ལ་རླངས་འཁོར་བསྐོར་བ་ཡིན”ཞེས་ཁེངས་རློམ་གྱིས་ལན་སློག་པར། རྒན་པོས“ང་ལོ་དྲུག་ཅུར་རྐང་ཐང་དུ་སོང་བ་ཡིན་མོད། ད་དུང་ཡང་རྐང་པ་རྡོ་སྣ་བྱེད་རྒྱུ་ཡོད་ཁུ”ཞེས་ལན་བཏབ་པ་ཡིད་ལ་འཁོར་ཡོང་།
མེས་པོ་རྣམ་དཔྱོད་ཅན་དག་གི་ཉམས་མྱོང་དང་བློ་གྲོས་ཀྱི་གསེར་དངུལ་བཙོ་སྦྱངས་བྱས་པ་ལས་ཐོན་པའི་བསྡོམས་ཚིག་འདི་ནི། ཏག་ཏག་དེང་གི་འགྲིམ་འགྲུལ་བདེ་འཇགས་ཀྱི་རྩ་དོན་དུ་རྩི་རུང་བར་སྙམ།སྤྱི་ཚོགས་ཀྱི་མཚོ་རླབས་ཤུགས་ཀྱིས་བསྐྱོམས་པ་དང་།དཔལ་འབྱོར་གྱི་གཙང་པོ་རླབས་ཀྱིས་བྲུག་སྟེ།འགྲིམ་འགྲུལ་ཡོ་བྱད་སྣ་ཚོགས་ཤིག་ཆར་རྗེས་ཀྱི་ཤྭ་མོ་བཞིན་བརྡོལ་ཞིང་།མཚན་ངོགས་ཀྱི་སྐར་ཚོགས་བཞིན་འཛིང་ཡོང་བ་ནི་ཅིས་ཀྱང་དགའ་འོས་པའི་དོན་དག་ཅིག་ཡིན་ནའང་།དེ་ནི་འདོ་རིག་རྟ་ཕོ་བཞིན་དྲུག་ལ་ལྕག་གིས་བྲབས་ན་རྒྱུགས་པ་དང་།སྲབ་སྐྱོགས་ཤུགས་ཀྱིས་འཐེན་ན་འདུག་པ་འདྲ་བའི་ལས་སླ་མོ་ཞིག་མིན་ལ།གཟན་ཆས་རྒྱགས་ཚད་ཅིག་བྱིན་ཏེ་སྒ་སྲབ་སྤྲས་ནས་ལྕག་གིས་བྲབས་རྐྱང་བྱས་ཆོག་པ་ཞིག་ཀྱང་མ་རེད།ཁ་ལོ་བ་སུ་ཞིག་གིས་ལག་པས་སྐྱོགས་འཁོར་བསྐྱོར་བ་ནས་བཟུང་།སེམས་གངས་དཀར་གྱི་གཞུ་རྒྱུད་འཐེན་འཐེན་ལ་འདུག་དགོས།མིག་ཁྲ་ཆུང་གི་སོ་བ་མྱུལ་མྱུལ་ལ་འདུག་དགོས།རྣམ་རིག་གི་ཡུ་མོ་འདྲོགས་འདྲོགས་ལ་འདུག་དགོས།ད་རུང་།དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞི་ལ་གྲང་འཁྱགས་ཀྱི་རྒྱུ་སྤུན་འཐབ་སྟེ།འགྲིམ་འགྲུལ་གྱི་རྒྱུན་ཤེས་སྣ་ཚོགས་ཀྱི་གདམས་ངག་བདུད་རྩི་རུ་བསྙལ་ནས་ཉིན་ལ་མཚན་མཐུད་དེ།མཚན་ལ་སྒྲོན་མེ་བསྒྲོན་ནས་སྤྱི་འབངས་ཡོངས་ཀྱི་རྣ་རྩར་མ་ཎི་བཞིན་བགྲངས་ཏེ།མིག་ལ་ཐང་ཀ་བཞིན་བཤམས་པའི་འགྲིམ་འགྲུལ་ཉེན་རྟོག་པའིགདམས་ངག་འདི་དག་ཀྱང་སྲོག་གི་བསྐྱོར་མར་བསྟེན་ན་ཇི་འདྲའི་འགྲིག་ཨང་།
ཉིན་དེ་ནི་སྟོན་གསུམ་གསེར་མདོག་གི་སྙེ་མའི་མགོ་ལྕོག་ལྡེམ་ཞིང་། འབྲུ་རིགས་སྣ་ལྔ་བསྡུ་ལ་བྲེལ་བའི་ཞིང་བ་དག་གི་གདོང་ན་འཛུམ་ཆུང་གི་རིལ་བུ་ཐུར་དུ་འདྲིལ་ཞིང་། སྒོ་ཕྱུགས་ལ་ཤ་ཤེད་རྒྱས་པས་འབྲོག་པ་ཚོའི་རེ་བའི་རྨི་ལམ་གསེར་མདོག་གིས་འཚེར་བའི་སྟོན་མཇུག་ཅིག་ལ། ང་དངོས་སྦྱོང་ལ་འགྲོ་བཞིན་ཡོད། ང་འགྲོ་ས་དེ་ཞིང་ཆེན་བརྒལ་བའི་ལམ་ཐིག་ཅིག་རེད། རླངས་འཁོར་ཡར་འགྲོ་རྣམས་གླང་ཆེན་ཁལ་བཀལ་ཞིག་དང་འདྲ་བར་ཡར་ཡར་ནུར་གྱིན་འདུག་ལ། རླངས་འཁོར་མར་འགྲོ་རྣམས་འཕུར་མདའ་ཇི་བཞིན་ཤར་ཤར་མར་ལ་ཞོགས་ཀྱིན་འདུག་ཅིང་། ང་ཚོ་སྡོད་སའི་སྤྱི་སྤྱོད་རླངས་འཁོར་དེའང་ཅི་ཞིག་གི་ཕུགས་འདུན་སྙེག་གིན་པའི་འཁྱམ་པོ་ཞིག་དང་འདྲ་བར། སྐད་ཅིག་ཙམ་ལའང་སྡོད་དབང་མེད་པར་མདུན་ནས་མདུན་དུ་བཞུད་ཀྱིན་མཆིས།
ནུབ་ཁའི་མཚམས་སྤྲིན་དམར་པོའི་ཀློང་ན་སུ་ཞིག་ལ་ཆགས་པའི་ངོ་གདོང་དང་འདྲ་བའི་ཉི་མ་བགྲེས་པོ་དེའང་ཧ་ཅང་ཐང་ཆད་པའི་སྣང་ཚུལ་གྱིས་གོམ་བགྲོད་བྱེད་ཀྱིན་འདུགགློ་བུར་དུ་མདུན་ཕྱོགས་ཀྱི་ལམ་དུ་ནག་རབ་རིབ་ཀྱིས་མི་ཚོགས་ཤིག་རླབས་ལྟར་བརྡོལ་ཏེ་རླངས་འཁོར་གྱི་བགྲོད་ལམ་བཅད་པས། ང་ཚོའི་རླངས་འཁོར་ཡང་གནས་དེར་ཏེན་སེར་བསྡད་སོང་ལ། མི་ལ་ལ་སྒོ་ཁར་ཕྱོགས་ནས་ལྟ་བ་དང་། ལ་ལས་རླངས་འཁོར་ནང་མགོ་བོ་ཕྱི་ལ་ཕྱོགས་ཏེ་ལྟ་བཞིན་འདུགལ་ལས་ཨག་ལྡིར་དང་། ལ་ལས་གསོལ་འདེབས་ཀྱི་སྒྲ་སྣ་ཚོགས་སྒྲོག་གིན་འདུགམ་གཞི་རླངས་འཁོར་གཉིས་གདོང་ཐུག་བརྒྱབ་སྟེ་མི་བསད་པའི་བེམ་རོ་ལམ་གྱི་གཡས་གཡོན་དུ་ལྷན་པ་བཞིན་འདྲིལ་འདུག་ལ། ཤུལ་དུ་ལྷག་པ་དག་གིས་ངུ་སྐད་ཀྱི་གནམ་ས་གཡོ་བར་བྱེད། འགྲིམ་འགྲུལ་དོན་རྐྱེན་གྱི་སྔུན་ནས་མི་ལུས་ནི་འདམ་གྱིས་ལས་པ་དང་ས་ཡིས་བརྫིས་པ་བཞིན་རང་སར་ཞིག་འགྲོ་ཨང་།
རླངས་འཁོར་ཀ་བས་ཤོང་ཚད་ལས་བརྒལ་བའི་མི་དྲུད་པས་མི་ཚད་ལམ་ཐིག་ནོར་འདུག་ལ། རླངས་འཁོར་ཁ་བ་མྱུར་ཚད་ལས་བརྒལ་བའི་མི་ཚད་ཁ་ལོ་བའང་ར་བཟི་འདུག་ཟེར། དེ་ནི་ལས་ངན་དང་ལམ་ངན་ཐོ་ཐོག་པའི་གྱོང་གུན་ཞིག་ཀྱང་ག་ལ་མིན་ཨང་། རླངས་འཁོར་ཀ་བའི་ཁ་ལོ་བ་དང་བཅས་པའི་ཚེ་སྲོག་འགའ་སྔ་མོ་ནས་ཤོར་འདུག་ལ། ཤུལ་དུ་སློབ་ཆུང་འདོན་བཞིན་པའི་བུ་ཕྲུག་གཉིས་ཡོད་ཟེར། རླངས་འཁོར་ཁ་བའི་ནང་དུ་བྱིས་པ་བཙའ་རུ་འགྲོ་བཞིན་པའི་བུད་མེད་སྦྲུམ་མ་ཞིག་དང་བཅས་པའང་སྔ་ས་ནས་ཚེ་སྲོག་ཤོར་འདུགམོར་ཡང་ཤུལ་དུ་དགུང་ལོ་བརྒྱད་ཅུར་སོན་པའི་ཡབ་ཡུམ་གཉིས་དང་མིང་སྲིང་བཞི་ཡོད་སྐད།
ངས་རླངས་འཁོར་གྱི་སྒེའུ་ཁུང་ནས་ཕྱི་ལ་ལྟ་དུས། ནམ་མཁའི་མཐོངས་སུ་མིག་ཟུང་ལྷེམ་ལྷེམ་གཡོ་བའི་སྐར་ཕྲན་འགའ་ཡུན་གྱིས་འཚེར་གྱིན་འདུགདེ་དག་ནི་འདས་པོ་འདིའི་བུ་ཕྲུག་ཚོ་ཡིན་ནམ། ཡང་ན་འདས་མོ་འདིའི་ཤུལ་དུ་ལྷག་པའི་ཕ་མ་གཉིས་ཡིན་ནམ་སྙམ་སྟེ། མིག་ཆུ་སྐྱུར་པོ་ཞིག་སེམས་ཀྱི་རྣང་མར་ལྟེམ་ལྟེམ་དུ་འཁྱིལ་ཏེ། རང་གི་ཕ་མ་དང་བུ་ཕྲུག་དག་ཕྱིར་ལོག་པའི་ལམ་སྣེ་བསྲུང་བའི་ཡུལ་མི་དག་ལ་སེམས་པའི་གཏིང་ནས་མྱ་ངན་གྱི་མཆོད་མེ་ཞིག་ཀྱང་བསྒྲོན་འདོད་དོ། །
གྱེར་ཀློག་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། ཟླ་བཟང་སྒྲོལ་མ།
རོལ་མོ་སྒྲིག་སྦྱོར་པ། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན། 