

གུ་རུ་རྒྱལ་མཚན། མཚོ་ལྷོ།
གང་དུ་འཁོར་ལོའི་རིགས་ཡོད་ན་དེ་རུ་འཁོར་བགེགས་འབྱུང་སྲིད་ལ། གང་དུ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཞན་ཚེ་དེ་རུ་ཆག་སྒོ་མང་བ་ནི་ཆོས་ཉིད་ཡིན། གལ་སྲིད་ལོ་བཅུའི་རིང་འཁོར་བགེགས་ཐེངས་བཅུ་བྱུང་ཚེ་ཧང་སངས་མི་དགོས་ལ། ལོ་གཅིག་ནང་འཁོར་བགེགས་ཐེངས་རེ་གཉིས་བྱུང་ནའང་ཧང་སངས་དགོས་པ་ཞིག་མ་རེད། ཧང་སངས་ཡུལ་དེ་གང་རེད་ཅེ་ན། སྟག་ཐང་གཞུང་ལམ་དུ་དབྱར་ཐོག་གཅིག་ལ་འཁོར་བགེགས་ཀྱི་དོན་རྐྱེན་ལྔ་དྲུག་བྱུང་བ་དེ་རེད།
ཡུལ་གསེར་བྲག་ཕྱོགས་སུ་འཐེན་པའི་སྟོང་ཤོང་གཞུང་ལམ་ད་ལོར་བསྐྱར་ལས་བྱ་དགོས་བྱུང་བས། དེའི་ལོགས་སུ་ཆགས་པའི་སྟག་ཐང་གཞུང་ལམ་ནི་ཀུན་གྱི་རྒྱུ་ལམ་ཉག་གཅིག་ཏུ་གྱུར་སོང་། འོད་ཟེར་སློབ་ཆུང་གི་སློབ་མ་སྐྱེལ་ལེན་བྱེད་པའི་ཁྱིམ་བདག་རྣམས་ཀྱི་རླངས་འཁོར་དང་སྦག་སྦག འབྲོག་སྡེ་མང་པོའི་རུ་བ་སྤོར་སྐབས་ཀྱི་ཕྱུགས་ཟོག་གི་འདེད་ལམ། འདབས་འབྲེལ་རྫོང་མཁར་གཞན་པ་དག་ལ་འགྲོ་བའི་ངེས་བརྒྱུད་ཀྱི་ལམ་ཁ། དབྱར་སྟོན་ལ་ཞོགས་པའི་མི་ཚོགས་ཀྱི་འགྲོ་འོང་། ཆོས་ཚོགས་ལ་ཞུགས་པའི་དད་ལྡན་གྱི་རྒྱུ་འགྲུལ། ཁྱུ་དང་ཁྱུ་བྱས་ནས་ཚ་གཡོལ་ལ་ཐོན་པའི་ནང་ལོགས་ཀྱི་ཡུལ་སྐོར་བ། ཐལ་རྡུལ་འཚུབ་བེར་འཛེར་སྒྲས་ཁྱབ་པའི་ཟེགས་འདྲུད་རླངས་འཁོར། འདི་དག་ཐམས་ཅད་གྲོག་ཚང་བརྡོལ་བ་ལྟར་སྟག་ཐང་གཞུང་ལམ་གཅིག་པུར་ཉིན་མཚན་རེས་མོས་ཀྱིས་བསྐྱོད་དང་སྐྱོད་བཞིན་མཆིས།
སྟོང་ཤོང་གཞུང་ལམ་བསྐྱར་ལས་སྐབས་ཀྱི་སྟག་ཐང་གཞུང་ལམ་གྱི་འདུ་འགོད་ཀྱི་རྣམ་པ་དེ་མཐོང་དུས། ཕར་བལྟས་ཚོད་ཀྱིས་སྟག་ཐང་གཞུང་ལམ་གྱིས་ལྗིད་ཏིག་ཏིག་གི་དངོས་པོ་གང་ཞིག་མ་ཁྱགས་པར་ངུ་ཤུམ་བྱེད་པ་དང་ཀུན་ནས་མཚུངས།དེར་མི་འདོད་པའི་དོན་རྐྱེན་གང་དག་བྱུང་ངམ་ཞེ་ན། སྟག་ཐང་གཞུང་ལམ་གྱི་ཉེན་ཁའི་གནས་ཚུལ་དེ་འདྲའི་འོག་ཏུ། བྲེལ་འཚུབ་སྐྱབས་ཀྱིས་ནོག་དབྱིབས་ལམ་རྒྱུད་དུ་རླངས་འཁོར་སྔོན་བརྒལ་རྩོམ་དུས། མདུན་ཕྱོགས་ནས་ཚུར་འོང་བའི་འཁོར་རིགས་ཆེ་བ་དེ་དང་གདོང་ཐུག་དྲག་པོ་བྱུང་ནས། འཇིག་སླ་བ་ཆུ་ཡི་ལྦུ་བའི་དལ་འབྱོར་གྱི་ལུས་རྟེན་དེ་འཕྲལ་མ་ཉིད་དུ། ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་དེད། འཇིགས་པའི་མུན་ནག་གིས་མདུན་ནས་བསུས་ཏེ། འདུས་པའི་བཟའ་ཟླ། མཆན་གྱི་བུ་ཕྲུག་དང་བཅས་པ་དུས་གཅིག་ལ་ལྔ་ལམ་དུ་བརྫངས་སོང་།
རྒྱུས་མེད་རྒྱལ་གྱིས་སྨག་ནག་པའི་མཚན་མོ་ཞིག་ལ། སྟག་ཐང་གཞུང་ལམ་གྱི་གནས་ཚུལ་ལ་རྒྱུས་མངའ་མེད་བཞིན་དུ་སྣུམ་སྒོ་ཆེས་ཆེར་བཏང་ནས་དམིགས་སར་བསྐྱོད་སྐབས། ཕྱུགས་ཟོག་མང་པོ་གཞུང་ལམ་དུ་དལ་བུར་འདེད་པ་མ་མཐོང་བར་ཟོག་ལུག་མང་པོ་གཅིར་ནས། ལམ་དཀྱིལ་དུ་ལྟ་བས་མི་བཟོད་པར་བསད་འདུག་པ་སྨོས་ཅི་དགོས། ཁོ་ལའང་ཉ་གསོན་པོ་བྱེ་ཚན་དུ་འཕངས་པ་ལྟ་བུའི་ན་ཟུག་བཟོད་དཀའ་བ་ཕོག་ལ། ཐེག་དཀའ་བའི་དཔལ་འབྱོར་གྱི་གྱོང་གུད་ཀྱང་ཆེན་པོ་རེག་སོང་།
ཆང་འཐུང་ཐར་ནི་ཤ་མདོག་མི་སྡུག་པ་སྡོང་དུམ་མེས་ཚིག་པ་ལྟར་ཡིན་ཞིང་།སྤྱད་ཀྱང་མི་ངོམས་པ་ལན་ཚྭའི་ཆུ་འཐུང་བ་བཞིན་ཨ་རག་ཁོ་ནས་ཉི་མ་སྐྱེལ་མཁན་ཞིག་ཡིན། ཁ་ཕྱོགས་ངེས་མེད་ཤིང་བལ་གྱི་འདབ་མ་རླུང་གིས་བསྐྱོད་པ་ལྟར་སུ་ཞིག་ལ་སྒོར་མོ་ཡོད་ཚེ་དེ་རྗེས་འབྲངས་པར་བྱེད། ད་རེབ་ཀྱང་གྲོགས་པོ་འགའ་དང་ལྷན་ཅིག་མཚན་གང་བོར་ཨ་རག་བག་མེད་དུ་སྤྱད་རྗེས། ནམ་གུང་རླངས་འཁོར་བསྐོར་ཏེ་རང་ཡུལ་བསྙེག་པའི་སྟག་ཐང་གཞུང་ལམ་དུ། ‘‘ར་རོ་གསུམ་པ་སེམས་མེད་རོ་ལྟར་ཉལ། ། ཅི་ཡང་མི་ཤེས་མུན་པའི་གནས་སུ་འཁྱམས། །’’ཞེས་གསུངས་པ་བཞིན། ཆང་འཐུང་ཐར་ཁོ་རང་སྒོ་ལྔའི་དབང་ཤེས་ནང་དུ་སྡུད་པའི་གཉིད་ཀྱི་དབང་དུ་གྱུར། མཐར་གོམ་པ་བཅུ་ལྷག་མཚམས་ཀྱི་ལམ་འགྲམ་གྱི་སྡོང་རྒན་ཞིག་ལ་གདོང་ཐུག་དྲག་པོ་བྱུང་སྟེ་རང་གི་ཚེ་སྲོག་ཤོར་ཞིང་། ནང་གི་གྲོགས་པོ་ཚོའང་རླུང་ནང་གི་མར་མེ་དང་། ནམ་གཞུག་གི་བུང་བ། སྤྲིན་ནང་གི་ཉི་ཞུ་ལྟར་གྱུར་ནས་སྲོག་གི་རྒྱུ་བ་འགག་སྟེ། ཁྱིམ་མི་རུ་སྡེ་དང་བཅས་པར་དཀའ་ལས་སྣོན་མ་བཟོས་ཤིང་། སྐྱིད་ཀྱི་མི་ཚེ་སྡུག་གི་མུན་དོང་དུ་བསྒྱུར་སོང་།
བཏང་སྙོམས་ཚེ་རིང་ནི་འགྲིམ་འགྲུལ་ཤེས་བྱ་བཏང་སྙོམས་སུ་འཇོག་མཁན་ཞིག་ཡིན་པས། སྟག་ཐང་གཞུང་ལམ་གྱི་འཚུབ་རྒྱག་དེ་འདྲའི་ནང་དུའང་རླངས་འཁོར་བསྐོར་སྐབས་སྐྱོབ་ཐག་མི་བཅངས་ལ། ཁྱིམ་ཐབ་ཀྱིས་གམ་དུ‘‘ཁ་པར་མ་རྩེ་’’ཞེས་ཡང་ཡང་བཤད་ཀྱང་བཏང་སྙོམས་སུ་བཞག་ནས་ཁ་པར་ལ་དབྱིངས་ཚུད་པས། སུམ་འཕོངས་བྱས་པའི་སྦག་སྦག་ཅིག་དང་གདོང་ཐུག་བརྒྱབ་འདུག མི་ལ་སྐྱོན་མེད་ནའང་འགྲོ་སྒོ་དང་ཆད་པའི་རྙི་ལས་ཐར་མ་སོང་།
ཚེ་སྲོག་གི་སྐྱོ་གར་འདི་དག་གིས།དུས་རྒྱུན་ཉེན་གཡོལ་སྐུལ་བརྡ་དང་འགྲིམ་འགྲུལ་ལམ་རྟགས། ཕྱོགས་སྟོན་འཕྲེད་ཡིག འགྲིམ་འགྲུལ་ཤེས་བྱ་བཅས་ལ་དོ་སྣང་མི་བྱེད་པའི་སྟག་ཐང་སྡེ་བའི་མི་རྣམས་ལ། འགྲིམ་འགྲུལ་ཉེན་ཟོན་གྱི་དྲན་སྐུལ་བསྐྱར་མ་ཞིག་བྱས་སོང་།
གྱེར་ཀློག་པ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་པ། ཟླ་བཟང་སྒྲོལ་མ།
རོལ་མོ་སྒྲིག་སྦྱོར་པ། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།