ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་ང་བདུན་པ།༽ ཐུན་མོང་ཐོག་ “དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་” འཛུགས་སྐྲུན་བྱེད་དགོས།
ཁུངས། ཀློག་གྲངས།

༄༅། །ཐུན་མོང་ཐོག་ “དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་” འཛུགས་སྐྲུན་བྱེད་དགོས།

( 2013ལོའི་ཟླ་9ཚེས་7ཉིན། )

ལོ་2100ལྷག་གི་གོང་ལ། ཀྲུང་གོའི་ཧན་རྒྱལ་རབས་ཀྱི་ཀྲང་ཆན་གྱིས་ཞི་བདེ་མཛའ་མཐུན་གྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་ཨེ་ཤ་ཡ་དབུས་མར་ཐེངས་གཉིས་བསྐྱོད་དེ། ཀྲུང་གོ་དང་ཨེ་དབུས་རྒྱལ་ཁབ་ཁག་བར་གྱི་མཛའ་མཐུན་འབྲེལ་འདྲིས་ཀྱི་སྒོ་མོ་ཕྱེ་བ་དང་། ཤར་ནུབ་འཕྲེད་དུ་བཅད་ཅིང་ཡོར་ཨེ་གཅིག་ཏུ་སྦྲེལ་བའི་དར་གོས་ཚོང་ལམ་རིང་མོ་ཞིག་བཏོད་པ་རེད། །

ངའི་ཕ་ཡུལ་ཧྲའན་ཞི་ནི་ཏག་ཏག་གནའ་བོའི་དར་གོས་ཚོང་ལམ་གྱི་འགོ་རྩོམ་ས་དེ་ཡིན། ཡུལ་འདིར་ལངས་ནས་ལོ་རྒྱུས་ལ་ཕྱི་མིག་བལྟས་ཚེ། ང་ལ་ལུང་ཁུག་རི་སུལ་དུ་སིང་སིང་གྲགས་པའི་རྔ་མོང་སྐེ་དྲིལ་གྱི་སྒྲ་དབྱངས་ཐོས་པ་དང་། མྱ་ངམ་གྱི་ཐང་དུ་འཁྱིལ་ཅིང་རྒྱུ་བའི་དུ་ཞགས་ཀྱི་གཟུགས་བརྙན་མཐོང་བའི་སྣང་བ་སྟེར་ལ། དེ་དག་གིས་ང་ལ་སེམས་ཀྱི་དུང་ཞེན་ཤུགས་དྲག་ཅིག་སྦྱིན་ཡོང་གི་འདུག །

ཧ་སག་སི་ཐན་གྱི་ཡུལ་གྲུ་འདི་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་བརྒྱུད་ལམ་ཡིན་པ་དང་། སྔོན་ཆད་ཤར་ནུབ་ཤེས་དཔལ་སྤེལ་རེས་དང་། མི་རིགས་མི་གཅིག་པ་དང་རིག་གནས་མི་འདྲ་བའི་བར་གྱི་སྤེལ་རེས་དང་མཉམ་ལས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཤར་ནུབ་ཕྱོགས་གཉིས་ཀྱི་ཕོ་ཉ་དང་། ཚོང་མགྲོན། གནས་སྐོར་བ། མཁས་པ། ལག་ཤེས་པ་ལ་སོགས་པའི་རྒྱུ་འགྲུལ་རྒྱུན་མི་ཆད་པ་དང་། ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་བར་དུ་རིན་ཆེན་ནོར་གྱི་བརྗེ་རེས་དང་བཟང་པོ་ལུགས་ཀྱི་སྤེལ་རེས་བྱས་ཏེ། མིའི་རིགས་ཀྱི་ཤེས་དཔལ་ཡར་རྒྱས་གོང་འཕེལ་ལ་སྐུལ་འདེད་བཏང་ཡོད། ། 

དར་གོས་ཚོང་ལམ་ཐོག་གི་གནའ་མཁར་ཨ་ལ་མུའུ་ཐུའུ་རུ་ཞན་ཞིང་ཧའེ་ཁྲོམ་ལམ་ཟེར་བ་ཞིག་ཡོད་ལ། མི་རྣམས་ཀྱི་ངག་ན་དེའི་སྐོར་གྱི་གཏམ་རྒྱུད་འདི་འདྲ་ཞིག་ཡོད་པ་སྟེ།  1941ལོར། རླབས་ཆེ་བའི་རྒྱལ་སྲུང་དམག་འཁྲུག་ལངས་པའི་ཚེ།  ཀྲུང་གོའི་རོལ་མོ་མཁས་ཅན་ཞན་ཞིང་ཧའེ་ཨ་ལ་མུའུ་ཐུའུ་ཕྱོགས་ལ་ཡོང་བ་དང་། ཁོང་ཉིད་གཉེན་གྲོགས་མེད་ལ་བཀྲེས་ལྟོགས་དང་ནད་ཀྱིས་གདུང་ནས་ཉམ་ངའི་གནས་སུ་ལྷུང་བའི་ཚེ། ཧ་སག་སི་ཐན་གྱི་རོལ་མོ་བ་པའེ་ཁ་ཏ་མོ་ཧྥུ་ཡིས་ཁོང་ལ་ཤ་ཚའི་སེམས་ཀྱིས་སྐྱབས་སྦྱིན་ནས་དྲོད་འཁོལ་ལྡན་པའི་ཁྱིམ་གཞིས་ཤིག་འདོན་སྤྲོད་བྱས་པ་རེད། །

ཨ་ལ་མུའུ་ཐུའུ་རུ་བཞུགས་རིང་། ཞན་ཞིང་ཧའེ་ཡིས་《མི་རིགས་བཅིངས་འགྲོལ་》དང་།《བླ་ན་མེད་པའི་དམག་འཁྲུག》《གཙང་པོ་ཐམས་ཅད་དམར་མདངས་བཀྲ་》སོགས་སྐད་གྲགས་ཆེ་བའི་རོལ་མོའི་བརྩམས་ཆོས་མང་པོ་བརྩམས་ལ། དེ་བཞིན་ཧ་སག་གི་མི་རིགས་དཔའ་བོ་ཨ་མན་ཀའེ་འེར་ཏེ་ཡི་མཛད་རྗེས་བརྗོད་གཞིར་བཟུང་ནས་བརྩམས་པའི་མཉམ་དཀྲོལ་སྙན་དངགས་རོལ་མོ་《ཨ་མན་ཀའེ་འེར་ཏེ་》ཞེས་པ་དེས་མི་རྣམས་ཀྱིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་འཐབ་འཛིང་ལ་སྐུལ་མ་ཆེན་པོ་ཐེབས་ལ། ཡུལ་དེ་གའི་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ། གནའ་བོའི་དར་གོས་ཚོང་ལམ་འདིའི་སྟེང་དུ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་སྙན་པའི་གྲགས་པ་བསྐལ་བརྒྱར་བརྟན་པའི་མཛའ་མཐུན་གྱི་བསྟན་བཅོས་ལེགས་པོ་བརྩམས་ཡོད་པ་རེད།  ལོ་ངོ་གཉིས་སྟོང་ལྷག་གི་འབྲེལ་འདྲིས་ལོ་རྒྱུས་ལས། མཐུན་སྒྲིལ་དང་ཡིད་ཆེས་དང་། འདྲ་མཉམ་དང་གཉིས་ཕན། ཁོང་ཡངས་དང་སྦྱོང་རེས། མཉམ་ལས་དང་མཉམ་ཁེ་བཅས་བྱས་པ་ཡིན་ཕྱིན། མི་རིགས་མི་འདྲ་བ་དང་། དད་མོས་མི་འདྲ་བ། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་ཁག་གིས་ཞི་བདེ་མཉམ་དུ་ལོངས་སྤྱོད་དང་གོང་སྤེལ་མཉམ་དུ་བཏང་ཆོག་པ་ར་སྤྲོད་བྱས་ཡོད། དེ་ནི་གནའ་བོའི་དར་གོས་ཚོང་ལམ་གྱིས་ང་ཚོར་བསྩལ་བའི་བློ་སྐྱེད་རྩ་ཆེན་ཞིག་ཡིན། །

ལོ་ངོ་20ལྷག་གི་རིང་ལ། ཀྲུང་གོ་དང་ཡོར་ཨེ་རྒྱལ་ཁབ་ཁག་བར་གྱི་འབྲེལ་བ་མགྱོགས་མྱུར་གྱིས་གོང་འཕེལ་བྱུང་བ་དང་སྦྲགས་ནས། གནའ་བོའི་དར་གོས་ཚོང་ལམ་ལ་ཉིན་རེ་བཞིན་དུ་སྐྱེ་སྟོབས་གསར་པ་རྒྱས་ཡོང་བཞིན་ཡོད་པ་དང་། རྣམ་པ་གསར་པའི་ཐོག་ནས་ཀྲུང་གོ་དང་ཡོར་ཨེའི་རྒྱལ་ཁབ་ཁག་བར་གྱི་གཉིས་ཕན་མཉམ་ལས་དེ་རྒྱུན་ཆད་མེད་པར་ལོ་རྒྱུས་ཀྱི་མཐོ་ཚད་གསར་པར་སྐུལ་འདེད་གཏོང་བཞིན་ཡོད།

ཐག་རིང་གི་སྤུན་ལས་ཐག་ཉེའི་ཁྱིམ་མཚེས་དགའ་ཟེར་བ་ལྟར། ཀྲུང་གོ་དང་ཨེ་དབུས་རྒྱལ་ཁབ་ཁག་ནི་རི་ཆུ་འབྲེལ་བའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཀྲུང་གོས་ཨེ་དབུས་རྒྱལ་ཁབ་ཁག་དང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་སྤེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། དེ་ཚོ་ཕྱི་འབྲེལ་གྱི་དམིགས་བསལ་བལྟ་ཡུལ་གྱི་ཕྱོགས་སུ་བརྩིས་ཡོད། །

མིག་སྔར། ཀྲུང་གོ་དང་ཨེ་དབུས་རྒྱལ་ཁབ་ཁག་བར་གྱི་འབྲེལ་བའི་གོང་འཕེལ་ལ་རྙེད་དཀའ་བའི་གོ་སྐབས་བྱུང་ཡོད། ང་ཚོས་ཨེ་དབུས་རྒྱལ་ཁབ་ཁག་དང་མཉམ་དུ་བསྟུད་མར་ཡིད་ཆེས་ཆེར་སྐྱེད་དང་། མཛའ་འབྲེལ་སྲ་བརྟན། མཉམ་ལས་ལ་ཤུགས་སྣོན་བཅས་བྱས་ཏེ། ཐུན་མོང་ཐོག་དར་རྒྱས་ཕུན་ཚོགས་ཡོང་བར་སྐུལ་སྤེལ་བཏང་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུའི་རེ་བ་བཅངས་ཡོད། །

——ང་ཚོས་ཚེ་རབས་ཀུན་ཏུ་མཛའ་མཐུན་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་མཐུན་འཆམ་མཐུན་གྱི་ཁྱིམ་མཚེས་བཟང་པོ་བྱེད་དགོས། ཀྲུང་གོས་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བློ་རྩ་བརྟན་པོས་རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན། ང་ཚོས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་བདག་གིས་གོང་འཕེལ་གྱི་བགྲོད་ལམ་གདམ་གསེས་བྱེད་པ་དང་ཕྱི་ནང་གི་སྲིད་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ལས། ཨེ་དབུས་རྒྱལ་ཁབ་ཁག་གི་ནང་སྲིད་ལ་ཐེ་གཏོགས་གཏན་ནས་བྱེད་ཀྱི་མིན། ཀྲུང་གོས་ས་ཁུལ་ལས་དོན་གྱི་གཙོ་ཁྲིད་དབང་ཆ་ཨེ་ཐོབ་བལྟ་རྒྱུ་མིན་པ་དང་། སྟོབས་ཤུགས་ཀྱི་ཁྱབ་ཁོངས་གཉེར་མི་སྲིད། ང་ཚོར་ཨུ་རུ་སུ་དང་ཨེ་དབུས་རྒྱལ་ཁབ་ཁག་བར་འདུན་གྲོས་དང་མཐུན་འཇུག་བྱས་ཏེ། ཐུན་མོང་ཐོག་ཞི་མཐུན་གྱི་ས་ཁུལ་འཛུགས་སྐྲུན་བྱེད་ཕྱིར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད། །

——ང་ཚོས་བློ་རྩ་བརྟན་པོས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ལྷག་བསམ་དཀར་བའི་གྲོགས་པོ་བཟང་པོ་བྱེད་དགོས། རྒྱལ་ཁབ་ཀྱི་བདག་དབང་དང་། མངའ་ཁོངས་ཆ་ཚང་། བདེ་འཇགས་བརྟན་བརླིང་བཅས་སྲོག་ཤིང་གི་ཁེ་ཕན་ཆེན་པོའི་ཐོག་ཕན་ཚུན་རྒྱབ་སྐྱོར་བྱེད་པ་ནི། ཀྲུང་གོ་དང་ཨེ་དབུས་རྒྱལ་ཁབ་ཁག་བར་གྱི་འཐབ་ཇུས་ངོས་ཀྱི་རོགས་ཟླ་འབྲེལ་བའི་ངོ་བོ་དང་ནང་དོན་གལ་ཆེན་ཡིན། ང་ཚོར་རྒྱལ་ཁབ་ཁག་དང་ཕྱོགས་གཉིས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་དུ་ཡིད་ཆེས་ཟབ་སྐྱེད་དང་མཉམ་ལས་ཟབ་སྤེལ་བྱས་ཏེ།  སྟོབས་ཤུགས་གཅིག་སྒྲིལ་གྱིས་ “སྟོབས་ཤུགས་ཁག་གསུམ་”དང་། དུག་རྫས་ཉོ་ཚོང་། རྒྱལ་ཁོངས་བརྒལ་བའི་སྒྲིག་འཛུགས་ཅན་གྱི་ཉེས་གསོག་བཅས་ལ་རྡུང་རྡེག་བཏང་ཐོག  ས་ཁུལ་དཔལ་འབྱོར་གྱི་གོང་འཕེལ་དང་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་ཁོར་ཡུག་བཟང་པོ་ཞིག་འདོན་སྤྲོད་བྱེད་འདོད་ཡོད།།

——ང་ཚོས་དོན་འབྲས་ལྡན་པའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། གཉིས་ཕན་མཉམ་ཁེ་ཡོང་བའི་རོགས་ཟླ་བཟང་པོ་བྱེད་དགོས། ཀྲུང་གོ་དང་ཨེ་དབུས་རྒྱལ་ཁབ་ཁག་ཚང་མ་གོང་འཕེལ་གྱི་གནད་འགག་ཆེ་བའི་དུས་རིམ་ལ་གནས་ཡོད་པ་དང་། སྔར་བྱུང་མ་མྱོང་བའི་གོ་སྐབས་དང་འགྲན་སློང་ཐུག་ཡོད། ང་ཚོ་ཚང་མས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་དུས་ཡུན་འབྲིང་རིང་གི་གོང་འཕེལ་དམིགས་འབེན་བཏོན་ཡོད།  ང་ཚོའི་འཐབ་ཇུས་ཀྱི་དམིགས་འབེན་ནི་གཞི་མཐུན་ཡིན་ཏེ། དཔལ་འབྱོར་དུས་ཡུན་རིང་པོར་བརྟན་བརླིང་དང་གོང་འཕེལ་ཡོང་བར་ཁག་ཐེག་ཏན་ཏིག་བྱས་ཏེ། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་རིགས་དར་རྒྱས་ཡོང་བ་བྱ་རྒྱུ་དེ་ཡིན། ང་ཚོས་ཕྱོགས་ཡོངས་ནས་དོན་འབྲས་ལྡན་པའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཆབ་སྲིད་ཀྱི་འབྲེལ་བའི་དགེ་མཚན་དང་། ཡུལ་བབ་འབྲེལ་བའི་དགེ་མཚན། དཔལ་འབྱོར་གསབ་རེས་ཡོང་བའི་དགེ་མཚན་བཅས་དོན་འབྲས་ལྡན་པར་མཉམ་ལས་བྱེད་པའི་དགེ་མཚན་དང་རྒྱུན་མཐུད་ངང་འཕར་སྣོན་ཡོང་བའི་དགེ་མཚན་དུ་བསྒྱུར་ཏེ། གཉིས་ཕན་མཉམ་ཁེ་ཡོང་བའི་ཁེ་ཕན་གཅིག་པའི་ཚོགས་སྡེ་བསྒྲིག་དགོས། །

——ང་ཚོས་སྔར་ལས་ཡངས་པའི་བློ་རྒྱ་དང་། སྔར་ལས་ཆེ་བའི་མཐོང་རྒྱ་བསྐྱེད་དེ་ས་ཁོངས་མཉམ་ལས་རྒྱ་སྐྱེད་བཏང་ནས། ཐུན་མོང་ཐོག་འོད་སྟོང་གསར་པ་སྐྲུན་དགོས། མིག་སྔར་འཛམ་གླིང་དཔལ་འབྱོར་གྱི་མཉམ་འདྲེས་མགྱོགས་མྱུར་གོང་འཕེལ་འགྲོ་བཞིན་ཡོད་པ་དང་། ས་ཁོངས་བར་གྱི་མཉམ་ལས་ཡར་རྒྱས་འབྱུང་བཞིན་ཡོད། ཡོར་ཨེ་ས་ཁུལ་དུ་ས་ཁོངས་མཉམ་ལས་ཀྱི་རྩ་འཛུགས་མང་དག་ཅིག་བཙུགས་ཟིན་ཡོད། ཡོར་ཨེ་དཔལ་འབྱོར་ཚོགས་སྡེ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཁག་དང་། ལྟ་ཞིབ་པའི་རྒྱལ་ཁབ་ཁག་གི་ཁྱབ་ཡུལ་དེ་ཡོར་ཨེ་དང་། ལྷོ་ཨེ། ནུབ་ཨེ་བཅས་སུ་ཁྱབ་ཡོད་པས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་ཡོར་ཨེ་དཔལ་འབྱོར་ཚོགས་སྡེ་བར་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་ཡིན་ན། ང་ཚོར་གོང་འཕེལ་གྱི་བར་སྟོང་སྔར་ལས་ཆེ་བ་ཐོབ་ཐུབ། །

ང་ཚོ་ཡོར་ཨེ་རྒྱལ་ཁབ་ཁག་གི་དཔལ་འབྱོར་གྱི་འབྲེལ་འདྲིས་སྔར་བས་དམ་ཚགས་ཡོང་བ་དང་། ཕན་ཚུན་བར་གྱི་མཉམ་ལས་སྔར་བས་ཟབ་ཏུ་འགྲོ་བ། གོང་འཕེལ་གྱི་བར་སྟོང་སྔར་བས་ཆེ་བར་འགྱུར་བ་བཅས་ཀྱི་ཆེད་དུ། ང་ཚོས་གསར་གཏོད་ཅན་གྱི་མཉམ་ལས་བྱེད་སྲོལ་སྤྱད་དེ། ཐུན་མོང་ཐོག་“དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་” འཛུགས་སྐྲུན་བྱས་ཆོག་པ་རེད། འདི་ནི་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པའི་བྱ་གཞག་ཆེན་པོ་ཞིག་ཡིན།  ང་ཚོས་གཤམ་གསལ་གྱི་ཕྱོགས་འགའ་ནས་སྒྲུབ་འགོ་བརྩམས་ཏེ། གནད་ལ་བརྟེན་ནས་ངོས་ཁྲིད་པ་དང་། ཐིག་གི་ཐོག་ནས་ཁོངས་ལ་ཁྱབ་པའི་སྒོ་ནས་རིམ་བཞིན་ས་ཁོངས་བར་གྱི་མཉམ་ལས་ཆེན་པོ་ཆགས་པར་བྱེད་དགོས། །

དང་པོ། སྲིད་ཇུས་ཀྱི་འདུན་གྲོས་བྱེད་པར་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཁག་གིས་དཔལ་འབྱོར་གོང་སྤེལ་གཏོང་ཕྱོགས་སྐོར་གྱི་འཐབ་ཇུས་དང་ཐབས་བཀོད་སྐོར་སྤེལ་རེས་དཔྱིས་ཕྱིན་པ་བྱས་ཏེ། མཐུན་པ་དོན་གཉེར་དང་མི་མཐུན་པ་སོར་བཞག་བྱེད་པའི་རྩ་དོན་ལྟར་གྲོས་མོལ་ཐོག་ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་ཕྱོགས་སྐོར་གྱི་འཆར་འགོད་དང་བྱེད་ཐབས་གཏན་འཁེལ་བཟོས་ཆོག  སྲིད་ཇུས་དང་བཅའ་ཁྲིམས་ཀྱི་སྟེང་དུ་ས་ཁོངས་དཔལ་འབྱོར་མཉམ་འདྲེས་ཡོང་རྒྱུར་“གློག་ལྗང་” སྤོར་དགོས། །

གཉིས་པ། གཅིག་ལ་གཅིག་སྦྲེལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཧྲང་ཧའེ་མཉམ་ལས་རྩའཛུགས་ཀྱིས་འགྲིམ་འགྲུལ་སྟབས་བདེ་ཅན་བཟོ་རྒྱུའི་སྐོར་གྱི་གྲོས་ཆིངས་ལ་གྲོས་མོལ་བྱེད་བཞིན་ཡོད། ཡིག་ཆ་འདི་གང་མགྱོགས་བཞག་སྟེ་ལག་བསྟར་བྱས་ཚེ། ཞི་བདེ་རྒྱ་མཚོ་ནས་པོ་ལོ་ཏེ་རྒྱ་མཚོའི་བར་གྱི་སྐྱེལ་འདྲེན་གྱི་ལམ་ཆེན་འབྱེད་ཐུབ་ཀྱི་རེད། རྨང་གཞི་དེའི་ཐོག་ང་ཚོར་ཕྱོགས་གང་ཅི་དང་མངའ་ཁོངས་བརྒལ་བའི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱེད་ཕྱོགས་སྐོར་གྲོས་ཞིབ་ཧུར་ཐག་བྱས་ཏེ། ཨེ་ཤར་དང་། ཨེ་ནུབ། ཨེ་ལྷོ་བཅས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་རིམ་གྱིས་ཆགས་པར་བྱས་ནས། རྒྱལ་ཁབ་ཁག་གི་དཔལ་འབྱོར་གོང་འཕེལ་དང་མི་སྣ་འགྲོ་འོང་ལ་སྟབས་བདེ་སྐྲུན་འདོད་ཡོད། །

གསུམ་པ། ཉོ་ཚོང་འཁོར་རྒྱུག་བདེ་བགྲོད་ཡོང་བར་ཤུགས་སྣོན་རྒྱག་དགོས། དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་མི་གྲངས་བསྡོམས་འབོར་དེ་མི་དུང་ཕྱུར་30ལ་ཉེ་བ་ཡོད་པས། ཚོང་རའི་གཞི་ཁྱོན་དང་བག་ཉལ་སྟོབས་ཤུགས་དོ་ཟླ་མེད་པ་མངའ་ཡོད། རྒྱལ་ཁབ་ཁག་ལ་ཉོ་ཚོང་དང་མ་རྩ་འཇོག་པའི་ཁྱབ་ཁོངས་སུ་མཉམ་ལས་ཀྱི་བག་ཉལ་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ཕྱོགས་གང་ཅིས་ཉོ་ཚོང་དང་མ་རྩ་འཇོག་རྒྱུ་སྟབས་བདེ་རུ་གཏོང་རྒྱུའི་གནད་དོན་སྐོར་གྲོས་ཞིབ་དང་བཀོད་སྒྲིག་འོས་འཚམ་བྱས་ཏེ། ཉོ་ཚོང་གི་བཀག་རྒྱ་སེལ་བ་དང་། ཉོ་ཚོང་དང་མ་རྩ་འཇོག་པའི་མ་གནས་ཆུང་དུ་གཏོང་བ། ས་ཁོངས་དཔལ་འབྱོར་འཁོར་རྒྱུག་ཡོང་བའི་མྱུར་ཚད་དང་སྤུས་ཚད་མཐོ་རུ་གཏོང་བ། གཉིས་ཕན་མཉམ་ཁེ་ཡོང་བ་བཅས་བྱེད་དགོས། །

བཞི་པ། དངུལ་ལོར་འཁོར་རྒྱུག་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་དང་ཨུ་རུ་སུ་སོགས་རྒྱལ་ཁབ་དག་གིས་དངུལ་ལོར་རྩིས་རྒྱག་གི་ཐད་མཉམ་ལས་བཟང་པོ་སྤེལ་ནས། དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་ལ། ཉམས་མྱོང་མང་པོ་ཡང་གསོག་འཇོག་བྱས་ཡོད། བྱེད་སྟངས་ཡག་པོ་དེ་དག་ཁྱབ་གདལ་དུ་གཏོང་བའི་དགོས་པ་ཡོད། གལ་སྲིད་རྒྱལ་ཁབ་ཁག་གིས་རྒྱུན་ལྡན་ལས་གཞིའི་འོག་དང་མ་རྩའི་ལས་གཞིའི་འོག་ཏུ་རང་ཕྱོགས་དངུལ་ལོར་བརྗེ་སྒྱུར་དང་རྩིས་རྒྱག་མངོན་འགྱུར་བྱུང་བ་ཡིན་ན། འཁོར་རྒྱུག་གི་མ་གནས་ཆེས་ཆེར་ཆུང་དུ་གཏོང་ཐུབ་པ་དང་། དངུལ་ལོར་གྱི་ཉེན་ཁ་འགོག་ནུས་ཆེ་རུ་གཏོང་ཐུབ་ལ། ས་ཁུལ་འདི་གའི་དཔལ་འབྱོར་གྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་ཐུབ་པ་རེད། །

ལྔ་པ། དམངས་སེམས་མཐུན་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་བར་གྱི་འབྲེལ་བ་ནི་མི་དམངས་བར་གྱི་མཛའ་མཐུན་ལ་རག་ལས་པ་རེད། གོང་སྨོས་ཁྱབ་ཁོངས་ཁག་གི་མཉམ་ལས་ཡག་པོར་སྤེལ་དགོས་ན་ངེས་པར་དུ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་དགོས་པ་དང་། ངེས་པར་དུ་མི་དམངས་ཕན་ཚུན་བར་མཛའ་མཐུན་འབྲེལ་འདྲིས་ཡོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ཕན་ཚུན་རྒྱུས་ལོན་དང་སྲོལ་རྒྱུན་གྱི་མཛའ་བཤེས་ཤུགས་ཆེ་རུ་གཏོང་དགོས་ཐོག  ས་ཁོངས་ཁག་བར་གྱི་མཉམ་ལས་ལ་དམངས་སེམས་ཀྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས། །