
༄༅། །དུས་རབས་མདུན་སྐྱོད་ཀྱི་རླབས་རྒྱུན་ལ་བསྟུན་ནས་འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས།
(2013ལོའི་ཟླ་3ཚེས་23ཉིན།)
གུས་པར་འོས་པའི་སློབ་སྤྱི་ཐུར་ཁུ་ནོ་ཧྥུ།
གུས་པར་འོས་པའི་ཙུང་ལི་སྐུ་གཞོན་ཀོ་ལོ་ཅི་ཚི་དང་།
དགེ་རྒན་རྣམ་པ་དང་། སློབ་གྲོགས་རྣམ་པ་ཚོ།
དེ་རིང་མཛེས་སྡུག་ལྡན་པའི་མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་དུ་ཡོང་ནས། དགེ་སློབ་རྣམ་པ་ཚོ་དང་མཇལ་རྒྱུ་བྱུང་བས། དགའ་སྤྲོ་ཆེན་པོ་སྐྱེས་བྱུང་།
མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་ནི་འཛམ་གླིང་དུ་སྐད་གྲགས་ཆེ་བའི་སློབ་གྲྭ་ཞིག་ཡིན་པ་དང་། འདིར་དགེ་རྒན་གྲགས་ཅན་མང་ཞིང་། མཁས་པ་མང་པོ་བྱུང་བས། ཁྱེད་སློབ་གླིང་གི་ཁྱབ་ཁོངས་ཁག་ཏུ་བླངས་པའི་ཕུལ་བྱུང་གྲུབ་འབྲས་ལ་ངས་བཀྲ་ཤིས་རྟེན་འབྲེལ་ཞུ་རྒྱུ་ཡིན།
ཨུ་རུ་སུ་ནི་ཀྲུང་གོའི་ཁྱིམ་མཚེས་བཟང་པོ་ཡིན། ད་ཐེངས་ཨུ་རུ་སུ་ལ་འཚམས་འདྲི་ཡོང་བ་ནི་ངས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁུར་རྗེས་ཀྱི་ཕྱི་ཕྱོགས་ལ་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན་པ་དང་། འཚམས་འདྲི་འགྲོ་གནས་དང་པོ་ཡིན་ལ། ལོ་གསུམ་གྱི་རྗེས་སུ་ཡང་བསྐྱར་མཛེས་སྡུག་དང་འབྱོར་ཕྱུག་ལྡན་པའི་ཁྱེད་རང་ཚོའི་རྒྱལ་ཁབ་ལ་ཡོང་བ་ཡང་ཡིན། ཁ་སང་ངས་ཙུང་ཐུང་ཕུའུ་ཅིན་དང་གྲུབ་འབྲས་ཆེ་བའི་མཇལ་འཛོམས་གྲོས་མོལ་ཞུས་པས་མི་ཚད། མཉམ་དུ་ཨུ་རུ་སུ་དང་ཀྲུང་གོའི་ཡུལ་སྐོར་ལོའི་འགོ་ཚུགས་མཛད་སྒོར་ཞུགས་པ་ཡིན།
དཔྱིད་ཟླ་གསུམ་པ་ནི་སྐྱེ་དངོས་ཐམས་ཅད་གསར་དུ་སྐྱེ་རན་པའི་དུས་ཡིན་པ་དང་། དེས་རྨོ་འདེབས་ཀྱི་དུས་ཚིགས་གསར་པ་ཞིག་སླེབས་པ་མཚོན་ཡོད། ཁ་དཔེ་ལ་ལོ་གཅིག་གི་འཆར་གཞི་དཔྱིད་དུས་འགོད་ཟེར་བ་ལྟར། ཀྲུང་ཨུ་ཕྱོགས་གཉིས་ནས་དཔྱིད་ཀྱི་དཔལ་མོ་བཞད་པའི་དུས་ཚིགས་འདིར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་འཛམ་གླིང་ཞི་བདེ་དང་གོང་འཕེལ་ཡོང་བའི་དོན་དུ་ཧུར་བརྩོན་གྱིས་རྨོ་འདེབས་ལ་འབུངས་ན། སྟོན་འབྲས་བཟང་པོ་ཞིག་ཐོབ་ངེས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྤྲུན་ཐུབ་ངེས་རེད། །
དགེ་རྒན་རྣམ་པ་དང་སློབ་གྲོགས་རྣམ་པ་ཚོ།
རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་ནི་ཆེད་དམིགས་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་དང་སློབ་ཁྲིད་བྱེད་པའི་མཐོ་རིམ་སློབ་གྲྭ་ཡིན་པས། ཁྱེད་ཚོས་རྒྱལ་སྤྱིའི་གནས་བབ་ལ་དེ་བས་དོ་སྣང་གནང་གི་ཡོད་པ་དང་། དེ་བས་འདས་པའི་ལོ་བཅུ་ཕྲག་དུ་མའི་ནང་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བྱུང་བའི་འཕོ་འགྱུར་ཧ་ཅང་ཆེན་པོ་དེ་ཉམས་ཚོར་བྱུང་ཡོད་པར་ང་ལ་ཡིད་ཆེས་ཡོད། ང་ཚོ་གནས་པའི་དུས་རབས་འདི་ནི་རླུང་འཚུབ་སྤྲིན་འཁྲིགས་ཀྱི་ཡོ་ལང་ཆེ་བའི་དུས་རབས་ཞིག་ཡིན་པ་དང་། གདོང་གཏོད་ས་ནི་ཉིན་རེ་བཞིན་དུ་གསར་སྐྱེ་འབྱུང་བའི་འཛམ་གླིང་ཞིག་རེད། །
——འཛམ་གླིང་འདིར་ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་ཁེ་བཅས་ནི་དུས་རབས་ཀྱི་འཕེལ་རྒྱུན་ཆགས་ཡོད་པ་དང་། མི་སེར་སྤེལ་བའི་མ་ལག་རྙིང་པ་སིལ་བུར་ཐོར་ཟིན་ལ། འཇམ་འཐབ་དུས་སྐབས་ཀྱི་ཚོགས་ཁག་བར་གྱི་རྒོལ་རེས་མེད་པར་གྱུར་ཚར་ཞིང་། རྒྱལ་ཁབ་བམ་རྒྱལ་ཁབ་ཚོགས་པ་གང་ཞིག་ཡིན་རུང་ད་ནི་རང་གཅིག་པུས་འཛམ་གླིང་གི་ལས་དོན་ལ་ཁ་ལོ་སྒྱུར་ཐབས་མེད་པར་གྱུར་ཡོད། །
——འཛམ་གླིང་འདིར་གསར་དར་ཚོང་རའི་རྒྱལ་ཁབ་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འབོར་ཆེན་ཞིག་གོང་འཕེལ་ཡོང་བའི་མྱུར་ལམ་དུ་ཞུགས་ཟིན་པ་དང་། མི་འབོར་དུང་ཕྱུར་བཅུ་གྲངས་དང་བཅུ་ཕྲག་དུ་མ་མགྱོགས་སྟབས་ཀྱིས་དེང་རབས་ཅན་ལ་སྐྱོད་བཞིན་ཡོད་ཅིང་། གོང་འཕེལ་གྱི་ལྟེ་གནས་མང་པོ་ཞིག་འཛམ་གླིང་ས་གནས་ཁག་ཏུ་རིམ་གྱིས་འགྲུབ་བཞིན་ཡོད་ལ། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་བ་དེ་འཛམ་གླིང་ཞི་བདེ་དང་གོང་འཕེལ་ཡོང་རྒྱུར་ཕན་ཐོགས་ཡོད་པའི་ཕྱོགས་སུ་འཕེལ་བཞིན་ཡོད། །
——འཛམ་གླིང་འདིར་རྒྱལ་ཁབ་ཁག་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་གཅིག་ལ་གཅིག་རྟེན་བྱེད་པའི་ཚད་སྔ་ན་མ་མཆིས་པར་གཏིང་ཟབ་ཏུ་སོང་ཡོད་པ་དང་། མིའི་རིགས་སའི་གོ་ལ་གྲོང་ཚོ་རུ་འཚོ་ཞིང་གནས་ཡོད་ལ། ལོ་རྒྱུས་དང་དངོས་ཡོད་བསྣོལ་བའི་ཡུལ་དུས་སུ་འཚོ་ཡོད་ཅིང་། སྔར་བས་ཁྱོད་ང་ལ་འདྲིས་ཤིང་ཁྱོད་ལ་འདྲིས་པའི་ལས་དབང་གཅིག་པའི་ཚོགས་སྡེ་ཆགས་བཞིན་ཡོད། །
——འཛམ་གླིང་འདིར་མིའི་རིགས་ལ་སྔར་བཞིན་དཀའ་གནད་དང་འགྲན་སློང་གང་མང་འཕྲད་ཡོད་པ་སྟེ། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་གཏིང་རིམ་ཟབ་མོའི་ཤན་ཤུགས་ད་དུང་ཁྱད་དུ་བསད་མེད་པ་དང་། སྲུང་སྐྱོབ་རིང་ལུགས་རྣམ་པ་སྣ་ཚོགས་མངོན་གསལ་གྱིས་རྒྱས་ཡོང་བཞིན་ཡོད། ས་ཁུལ་གྱི་ཚ་གནད་གཅིག་འཇགས་གཅིག་ལངས་ཡིན་པ་དང་། བཙན་དབང་རིང་ལུགས་དང་། བཙན་དབང་ཆབ་སྲིད། ཐེ་ཇུས་རིང་ལུགས་གསར་པ་བཅས་ལངས་བཞིན་ཡོད། དམག་དོན་དང་གོ་ཆའི་འགྲན་རྩོད་དང་། འཇིགས་སྐུལ་རིང་ལུགས། དྲ་ཐོག་གི་བདེ་འཇགས་སོགས་སྲོལ་རྒྱུན་གྱི་འཇིགས་པ་དང་སྲོལ་རྒྱུན་མ་ཡིན་པའི་འཇིགས་པ་བསྣོལ་མར་གནས་ཡོད་པ་དང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱ་རྒྱུ་དང་ཐུན་མོང་དུ་གོང་འཕེལ་ཡོང་རྒྱུ་དེ་སྔར་བཞིན་ལས་འགན་ལྕི་ཞིང་ལས་ཡུན་རིང་བ་རེད།
ང་ཚོས་འཛམ་གླིང་འདི་ཉིད་སྔར་བས་ཡིད་དུ་འོངས་པ་ཞིག་ཆགས་ན་བསམ་གྱི་ཡོད་ལ། ང་ཚོས་འཛམ་གླིང་འདི་ཉིད་སྔར་བས་ཡིད་དུ་འོངས་པ་ཞིག་ཆགས་པར་ཡིད་ཆེས་བྱེད་དགོས་པར་རྒྱུ་མཚན་ཡོད། དེ་དང་ལྷན་དུ་མདུན་ལམ་ནི་འོད་སྟོང་ལྡན་པ་ཞིག་ཡིན་ལ། འགྲོ་ལམ་ནི་ཀྱག་ཀྱོག་ཅིག་ཡིན་པ་དེ་ང་ཚོས་གསལ་པོར་ཤེས་ཀྱི་ཡོད། ཁྲེའར་ནེ་ཞུའེ་ཧྥུ་སི་ཅི་ཡིས། “ལོ་རྒྱུས་ཀྱི་བཤུལ་ལམ་ནི་ཉེ་ཝ་ཁྲོམ་གྱི་རྒྱ་ལམ་མ་ཡིན་པར། དེ་ནི་རྣམ་ཀུན་ཏུ་ཞིང་ཁ་བརྒྱུད་དེ་མདུན་དུ་སྐྱོད་པ་ཡིན་ལ། སྐབས་འགར་ས་རྡུལ་བཅགས་ནས་འགྲོ་དགོས་པ་དང་། སྐབས་འགར་འདམ་འབག་བརྗིས་ནས་འགྲོ་དགོས་ལ། སྐབས་འགར་འདམ་ར་བརྒལ་ནས་འགྲོ་དགོས་ཤིང་། སྐབས་འགར་ནགས་ཚལ་འཛུལ་ནས་འགྲོ་དགོས་པ་ཞིག་རེད” ཅེས་གསུངས་ཡོད། མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་བྱུང་བའི་ལོ་རྒྱུས་ལས་ར་འཕྲོད་གསལ་ལ། འཁོན་ཐོགས་གང་འདྲ་ཞིག་ལ་ཐུག་ཀྱང་ལོ་རྒྱུས་ནི་རང་ཉིད་ཀྱི་ཆེས་ཉིད་ལྟར་མདུན་དུ་གོང་འཕེལ་འབྱུང་བ་དང་། སྟོབས་ཤུགས་གང་ཞིག་གིས་ཀྱང་ལོ་རྒྱུས་མདུན་དུ་སྐྱོད་པའི་འཁོར་ལོ་བཀག་འགོག་བྱེད་མི་ཐུབ་པ་དེ་རེད།
འཛམ་གླིང་གི་འཕེལ་རྒྱུན་ནི་ལང་ལོང་དུ་འབབ་བཞིན་ཡོད་པས། དེ་ལ་བསྟུན་ན་དར་རྒྱས་འབྱུང་བ་དང་། དེ་ལས་ལྡོག་ན་ཉམས་ཉེས་སུ་འགྲོ་བ་རེད། དུས་རབས་མདུན་སྐྱོད་ཀྱི་རྗེས་ཟིན་དགོས་ན། ལུས་པོ་དུས་རབས་21པར་སླེབས་ཀྱང་སེམས་པ་ད་དུང་འདས་པའི་དུས་སུ་རང་འཇགས་སུ་སྡོད་མི་ཉན་པ་དང་། མི་སེར་སྤེལ་བ་དང་རྒྱ་སྐྱེད་གཏོང་བའི་དུས་རབས་རྙིང་པའི་ནང་དུ་རང་འཇགས་སུ་སྡོད་མི་ཉན་ལ། འཇམ་འཐབ་ཀྱི་བསམ་པ་དང་ཐོབ་གྲངས་ཀླད་ཀོར་གྱི་འགྲན་བསྡུར་གྱི་སྒྲོམ་གཞི་རྙིང་པའི་ནང་དུ་རང་འཇགས་སུ་སྡོད་མི་ཉན།
རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་ཟབ་མོ་དང་རྒྱལ་ཁབ་ཁག་ཕྱར་བ་གྲུ་འདེགས་བྱེད་དགོས་པའི་ཕྱི་རོལ་ཡུལ་གྱི་བླང་བྱའི་མདུན་དུ། རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་མཉམ་ལས་མཉམ་ཁེ་ཡོང་བའི་རྒྱལ་སྤྱིའི་འབྲེལ་བ་དཔེ་གསར་ཅན་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་།ཐུན་མོང་ཐོག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། །
ང་ཚོའི་འདོད་ཚུལ་ནི། རྒྱལ་ཁབ་ཁག་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་ལ་རྒྱ་མཉམ་འཛིན་བྱེད་འོས་པ་སྟེ། རྒྱལ་ཁབ་ཁག་ཆེ་ཆུང་དང་དྲག་ཞན་དང་དབུལ་ཕྱུག་ལ་མ་བལྟོས་པར་མཐའ་གཅིག་ཏུ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རང་བདག་གིས་གོང་འཕེལ་གྱི་བགྲོད་ལམ་གདམ་གསེས་བྱེད་པའི་ཁེ་དབང་ལ་བརྩི་འཇོག རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ། རྒྱལ་སྤྱིའི་དྲང་སྙོམ་དང་བདེན་སྲུང་སྐྱོང་བཅས་བྱེད་དགོས། “ལྷམ་གོན་རན་མིན་རྐང་པས་ཤེས” ཟེར་བ་ལྟར། རྒྱལ་ཁབ་ཅིག་གི་གོང་འཕེལ་གྱི་བགྲོད་ལམ་འགྲིག་མི་འགྲིག་གི་གཏམ་དབང་ནི་རྒྱལ་ཁབ་དེའི་མི་དམངས་ཁོ་ནར་ཡོད་པ་རེད། །
ང་ཚོའི་འདོད་ཚུལ་ནི། རྒྱལ་ཁབ་ཁག་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་གོང་འཕེལ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་འོས་ཏེ། རྒྱལ་ཁབ་རེ་རེ་ཚང་མས་རང་ཉིད་ཀྱི་གོང་འཕེལ་དོན་གཉེར་བྱེད་པ་དང་དུས་མཚུངས་ཧུར་བརྩོན་གྱིས་རྒྱལ་ཁབ་གཞན་དག་དང་ཐུན་མོང་ཐོག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་ལས། འཛམ་གླིང་ཡུན་རིང་གོང་འཕེལ་ཡོང་རྒྱུ་དེ་རྒྱལ་ཁབ་ཁག་ཅིག་འབྱོར་པ་ཇེ་ཆེ་ཇེ་ཆེར་འགྲོ་བ་དང་རྒྱལ་ཁབ་ཁག་གཞན་ཞིག་དུས་ཡུན་རིང་པོར་དབུལ་ཕོངས་རྗེས་ལུས་ཀྱི་གནས་སུ་གྱུར་བའི་རྨང་གཞིའི་སྟེང་དུ་ཚུགས་མི་ཉན་པ་རེད། རྒྱལ་ཁབ་ཁག་ཚང་མ་ཐུན་མོང་ཐོག་གོང་འཕེལ་བྱུང་ན་གཞི་ནས་འཛམ་གླིང་སྔར་ལས་ལྷག་པར་གོང་འཕེལ་ཡོང་གི་རེད། གཞན་མགོར་ཆུ་འདྲེན་དང་། ཉམས་ཉེན་གཞན་འགེལ། གཞན་གནོད་རང་ཕན་སོགས་ཀྱི་བྱེད་སྟངས་ནི་ཚུལ་ལུགས་དང་མི་མཐུན་ལ། ཕུགས་ཀྱང་མི་བརྟན་པ་རེད། །
ང་ཚོའི་འདོད་ཚུལ་ནི། རྒྱལ་ཁབ་ཁག་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་བདེ་འཇགས་ཀྱི་འགན་སྲུང་ལོངས་སུ་སྤྱོད་འོས་པ་རེད། རྒྱལ་ཁབ་ཁག་གིས་དཔུང་པ་མཉམ་གཤིབ་བྱས་ཏེ་གནད་དོན་དང་འགན་སྲུང་སྣ་ཚོགས་ལ་ཁ་གཏད་འཇལ་དགོས། ཇི་ལྟར་གོ་ལ་ཧྲིལ་པོ་ཅན་གྱི་འགྲན་སྡུར་ལ་ཐུག་ན་དེ་ལྟར་མཉམ་ལས་ཀྱིས་ཁ་གཏད་བཅལ་ནས། ཐུན་མོང་ཐོག་གནོན་ཤུགས་དེ་སྒུལ་ཤུགས་སུ་སྒྱུར་བ་དང་། ཉེན་ཁ་དེ་གསོན་ཤུགས་ལ་སྒྱུར་དགོས། སྣ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་བདེ་འཇགས་ཀྱི་འཇིགས་པའི་མདུན་དུ། དཔའ་བོ་ཁེར་རྒྱུག་བྱས་པས་མི་འཐུས་ལ། དྲག་ཤུགས་ལ་རྨོངས་དད་བྱས་པས་ཀྱང་མི་འཐུས་པར། མཉམ་ལས་ཀྱི་བདེ་འཇགས་དང་། ཐུན་མོང་གི་བདེ་འཇགས། སྤྱི་མཐུན་གྱི་བདེ་འཇགས་བཅས་ཡོང་རྒྱུ་ནི་གནད་དོན་ཐག་གཅོད་བྱེད་ཐུབ་པའི་གཏམ་ག་ཡང་དག་པ་རེད། །
འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གཏིང་ཟབ་མོར་གོང་འཕེལ་ཡོང་བ་དང་། རིག་གནས་སྣ་མང་ཅན་དང་སྤྱི་ཚོགས་ཆ་འཕྲིན་ཅན་ལ་བསྟུན་མར་སྐུལ་འདེད་བྱུང་བར་བརྟེན། ད་ལྟའི་མིའི་རིགས་ལ་འདས་པའི་དུས་གང་ཞིག་ལས་ཀྱང་ཞི་བའི་གོང་འཕེལ་གྱི་དམིགས་འཛིན་ཕྱོགས་སུ་སྐྱོད་པའི་མཐུན་རྐྱེན་ལྡན་ཡོད་པ་དང་། གཉིས་ཕན་མཉམ་ཁེ་ཡོང་རྒྱུ་ནི་དམིགས་འབེན་དེ་འགྲུབ་པའི་ཐབས་ལམ་ཡིན། །
འཛམ་གླིང་གི་ལས་དབང་ནི་ངེས་པར་དུ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་ཁ་ལོ་སྒྱུར་དགོས། རྒྱལ་ཁབ་ཁག་གི་བདག་དབང་ནང་ཚུད་ཀྱི་དོན་དག་ནི་རྒྱལ་ཁབ་དེའི་མི་དམངས་ཀྱིས་བདག་པོ་རྒྱག་དགོས་ལ། འཛམ་གླིང་སྟེང་གི་དོན་དག་ནི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་མི་དམངས་ཀྱིས་ཐུན་མོང་ཐོག་གྲོས་མོལ་བྱས་ཏེ་སྒྲུབ་དགོས་པ་རེད། འདི་ནི་རྒྱལ་སྤྱིའི་ལས་སྒོ་ཐག་གཅོད་བྱེད་པའི་དམངས་གཙོའི་རྩ་དོན་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་དུ་བརྩི་སྲུང་ཞུ་འོས་པ་རེད། །
དགེ་རྒན་རྣམ་པ་དང་སློབ་གྲོགས་རྣམ་པ་ཚོ།
ན་ནིང་ཟླ་11པར། ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་འཚོགས་ཏེ། དེང་ཕྱིན་དུས་སྐབས་ཞིག་ནང་གི་ཀྲུང་གོའི་གོང་འཕེལ་གྱི་འཆར་གཞི་བཀོད་པ་སྟེ། 2020ལོར་སླེབས་དུས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམ་ཡོང་འབབ་དེ་2010ལོ་ལས་ལྡབ་གཅིག་འཕར་སྣོན་ཡོང་བར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་100འཁོར་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ100འཁོར་སྐབས་སྟོབས་འབྱོར་དམངས་གཙོ་ཤེས་དཔལ་ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པ་བྱ་རྒྱུ་བཏོན་ཡོད། དེ་དང་ལྷན་དུ་ང་ཚོར་ངོས་ཟིན་གསལ་པོ་བྱུང་ཡོད་པར། མི་འབོར་དུང་ཕྱུར13ལྷག་ཡོད་པའི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། ཀྲུང་གོའི་གོང་འཕེལ་གྱི་བགྲོད་ལམ་ཐོག་ད་དུང་ཉེན་ཁ་དང་འགྲན་སྡུར་ནི་སྔར་བཞིན་ཛ་དྲག་ཆེན་པོ་ཡོད་པས། གཏན་འཁེལ་བྱས་ཟིན་པའི་དམིགས་འཛིན་དེ་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་དཀའ་སྤྱད་འབད་བརྩོན་བྱེད་དགོས། །
ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུ་དེ་ནི་ཉེ་རབས་ནས་བཟུང་གི་ཀྲུང་གོའི་མི་དམངས་ཀྱི་ཕུགས་འདུན་ཆེ་ཤོས་དེ་ཡིན་ཞིང་། ང་ཚོས་དེར“ཀྲུང་གོའི་ཕུགས་འདུན” ཞེས་ཟེར་གྱི་ཡོད། གཞི་རྩའི་ནང་དོན་ནི་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། མི་རིགས་དར་རྒྱས་ཆེ་བ། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཡོང་བ་བྱ་རྒྱུ་དེ་ཡིན། ཀྲུང་ཧྭ་མི་རིགས་ནི་ཐོག་མ་ཉིད་ནས་ཞི་བདེ་ལ་དགའ་ཞེན་ཆེ་བ་ཞིག་ཡིན། ཉེ་རབས་ནས་བཟུང་། ཀྲུང་གོའི་མི་དམངས་ཀྱིས་ཕྱིའི་བཙན་འཛུལ་དང་ནང་གི་ཟིང་འཁྲུག་གི་ལོ་རྒྱུས་སྡུག་བསྔལ་ཉམས་སུ་མྱོང་ཡོད་པས། ཞི་བདེའི་རིན་ཐང་གསལ་པོར་ཤེས་ཀྱི་ཡོད་པ་དང་། ཞི་བདེའི་ཁོར་ཡུག་གི་ནང་དུ་རྒྱལ་ཁབ་འཛུགས་སྐྲུན་བྱས་ཏེ་མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་པའི་དགོས་པ་ཆེ་ཚུལ་གསལ་པོར་ཤེས་ཀྱི་ཡོད། ཀྲུང་གོ་བློ་བརྟན་འགྱུར་མེད་ཀྱིས་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་ཐོག་བསྐྱོད་དེ། སྒོ་འབྱེད་ཀྱི་གོང་འཕེལ་དང་། མཉམ་ལས་ཀྱི་གོང་འཕེལ། མཉམ་ཁེའི་གོང་འཕེལ་བཅས་ཀྱི་ལས་ལ་གཞོལ་རྒྱུ་ཡིན་པ་དང་། དེ་དང་ཕྱོགས་མཚུངས་རྒྱལ་ཁབ་ཁག་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་ཐོག་བསྐྱོད་པའི་རེ་འབོད་བྱ་རྒྱུ་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཕོག་སྐྱོད་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་སྤྱོད་རྒྱུ་ཡིན་པ་དང་། དམག་གི་གོ་ཆའི་རྩེ་སྤྲོད་འགྲན་རྩོད་བྱ་རྒྱུ་མིན་པས། རྒྱལ་ཁབ་གང་ཡང་རུང་བར་དམག་དོན་གྱི་འཇིགས་པ་སྐུལ་མི་སྲིད། ཀྲུང་གོ་དར་རྒྱས་གོང་འཕེལ་ཡོང་བ་དེས་འཛམ་གླིང་ལ་སྤྱིན་པ་ནི་གོ་སྐབས་ཡིན་པ་ལས་འཇིགས་པ་མ་ཡིན། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དེས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པས་མི་ཚད་འཛམ་གླིང་མི་དམངས་ལ་ཡང་བདེ་སྐྱིད་སྐྲུན་གྱི་རེད། །
ང་ཚོ་དགའ་འོས་པ་ཞིག་ལ། ཀྲུང་ཨུ་རྒྱལ་ཁབ་གཉིས་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་གཉིས་ཡིན་ཞིང་། རྒྱལ་ཁབ་གོང་སྤེལ་གཏོང་བའི་འཆར་འགོད་ཐད་གཞི་མ་མཐུན་ས་མང་པོ་ཞིག་འདུག ཨུ་རུ་སུས2020ལོར་སླེབས་དུས་མི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་ལ་ཉེ་བའམ་སླེབས་པར་བྱ་རྒྱུ་བཏོན་ཡོད་པ་དང་། ད་ལྟ་རྒྱལ་ཁབ་དར་རྒྱས་གཏོང་བ་དང་མི་དམངས་འབྱོར་ཕྱུག་ལྡན་པར་བྱེད་པའི་ལམ་སྟེང་དུ་སྐྱོད་བཞིན་ཡོད་པ་རེད། ཨུ་རུ་སུ་ཡིས་སྔ་ཙམ་ནས་རང་ཉིད་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ང་ཚོས་སྙིང་ཐག་པ་ནས་སྨོན་འདུན་ཞུ་རྒྱུ་ཡིན། ཕུན་ཚོགས་དར་རྒྱས་བྱུང་བའི་ཨུ་རུ་སུ་ཞིག་ནི་ཀྲུང་གོའི་ཁེ་ཕན་ལ་མཐུན་པ་དང་། ཨེ་ཞི་ས་ཁུལ་དང་འཛམ་གླིང་ཞི་བདེ་བརྟན་བརླིང་ཡོང་རྒྱུར་ཡང་ཕན་ཐོགས་ཡོད་པ་རེད། །
ཀྲུང་ཨུའི་བར་གྱི་འབྲེལ་བ་ནི་འཛམ་གླིང་སྟེང་གི་ཕྱོགས་གཉིས་འབྲེལ་བ་གལ་ཆེན་པོ་ཞིག་ཡིན་པ་དང་། རྒྱལ་ཁབ་ཆེན་པོའི་འབྲེལ་བ་ཡག་ཤོས་ཞིག་ཀྱང་ཡིན། ཆུ་ཚད་མཐོ་ལ་སྟོབས་དང་ལྡན་པའི་ཀྲུང་ཨུའི་འབྲེལ་བ་ནི་ཀྲུང་ཨུ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་མཐུན་པས་མི་ཚད། རྒྱལ་སྤྱིའི་འཐབ་ཇུས་ངོས་ཀྱི་དོ་མཉམ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་བྱེད་པའི་འགན་སྲུང་གལ་ཆེན་ཡིན། ཕྱོགས་གཉིས་ཀས་ལོ་ངོ20ལྷག་རིང་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཀྲུང་ཨུ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་ངོས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ཡོད་པ་དང་འབྲེལ་བ་འདིས་ཕ་རོལ་པོའི་ཁེ་ཕན་ལ་སྒོ་ཀུན་ནས་སེམས་འཁུར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཁེ་བཟང་སྤྱིན་ཡོད། ང་ཚོ་རྒྱལ་ཁབ་གཉིས་པོས་ལོ་རྒྱུས་ཀྱིས་ཤུལ་དུ་བཞག་པའི་མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་གཙང་མ་བྱས་ཟིན་པ་དང་། 《ཀྲུང་ཨུའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་སྐོར་གྱི་ཆིངས་ཡིག》བཞག་ཡོད་པས། ཀྲུང་ཨུའི་འབྲེལ་བ་རྒྱུན་རིང་གོང་འཕེལ་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད། །
མིག་སྔར། ཀྲུང་ཨུ་གཉིས་ཀ་མི་རིགས་བསྐྱར་དར་ཡོང་བའི་གལ་ཆེའི་དུས་སྐབས་སུ་གནས་པ་དང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དེ་ཕན་ཚུན་བར་གོང་འཕེལ་གྱི་གོ་སྐབས་གལ་ཆེན་འདོན་སྤྲོད་བྱེད་པ་དང་། ཕན་ཚུན་དམིགས་བསལ་ལྟ་བའི་མཉམ་ལས་རོགས་ཟླ་གཙོ་བོ་ཡིན་པའི་དུས་རིམ་གསར་པར་སླེབས་ཡོད་པ་རེད། གནས་བབ་གསར་པའི་སྟེང་གི་ཀྲུང་ཨུའི་འབྲེལ་བ་གོང་སྤེལ་གཏོང་བའི་ཕྱོགས་སུ། ངས་བལྟས་ན་གཤམ་གསལ་གྱི་ཕྱོགས་འགར་ཤུགས་མང་ཙམ་རྒྱག་དགོས་ཀྱི་འདུག །
དང་པོ། མ་འོངས་པར་ཁ་ཕྱོགས་པའི་འབྲེལ་བ་བློ་བརྟན་འགྱུར་མེད་ཀྱིས་གོང་སྤེལ་གཏོང་དགོས། ཀྲུང་ཨུ་གཉིས་ཚེ་རབས་ཀུན་ཏུ་མཛའ་མཐུན་ཡོང་རྒྱུ་དང་ཕན་ཚུན་དགྲ་ཟླར་མི་ལངས་རྒྱུ་དེ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་འདུན་པ་རེད། ང་ཚོ་ཕྱོགས་གཉིས་ཀས་མཐོ་སར་འཛེགས་ནས་རྒྱང་ལྟ་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་གོང་འཕེལ་གཏང་རྒྱུ་སྡེབ་གཅིག་ཏུ་བཟུང་ནས་མདུན་གྲོས་བྱེད་དགོས། ཙུང་ཐུང་ཕུའུ་ཅིན་གྱིས“ཨུ་རུ་སུ་ལ་དར་རྒྱས་བརྟན་བརླིང་གི་ཀྲུང་གོ་ཞིག་དགོས་པ་དང་། ཀྲུང་གོ་ལ་ཡང་སྟོབས་ལྡན་དང་ལེགས་གྲུབ་བྱུང་བའི་ཨུ་རུ་སུ་ཞིག་དགོས་པ་རེད།”ཅེས་གསུངས་ཡོད། ང་ཁོང་གི་ལྟ་བ་ལ་ཡོངས་སུ་མོས་མཐུན་ཡོད། ང་ཚོ་རྒྱལ་ཁབ་གཉིས་ཐུན་མོང་དུ་གོང་འཕེལ་བྱུང་ན། ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་ངོས་ཀྱི་རོགས་ཟླའི་འབྲེལ་བར་སྔར་ལས་ཆེ་བའི་གོང་འཕེལ་གྱི་བར་སྟོང་འདོན་སྤྲོད་བྱེད་ཐུབ་པ་དང་། རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་མ་ལག་དེ་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་ཡོང་རྒྱུར་དྲང་ཕྱོགས་ཀྱི་ནུས་སྟོབས་འདོན་སྤྲོད་བྱེད་ཐུབ་ཀྱི་རེད། ང་ཚོ་རྒྱལ་ཁབ་གཉིས་དུས་གཏན་དུ་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་བྱེད་དགོས་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕ་རོལ་པོས་རང་རྒྱལ་ཁབ་ཀྱི་སྲོག་ཤིང་ཁེ་ཕན་སྲུང་སྐྱོབ་བྱེད་པར་བློ་རྩ་བརྟན་པོས་རྒྱབ་སྐྱོར། ཕ་རོལ་པོའི་བསྐྱར་དར་གོང་འཕེལ་ལ་བློ་རྩ་བརྟན་པོས་རྒྱབ་སྐྱོར། ཕ་རོལ་པོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་གོང་འཕེལ་བགྲོད་ལམ་དུ་སྐྱོད་པར་བློ་རྩ་བརྟན་པོས་རྒྱབ་སྐྱོར། ཕ་རོལ་པོས་རང་ཉིད་ཀྱི་བྱ་བ་ཡག་པོར་སྒྲུབ་པར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བཅས་བྱེད་དགོས། །
གཉིས་པ། མཉམ་ལས་གཉིས་ཁེའི་འབྲེལ་བ་བློ་བརྟན་འགྱུར་མེད་ཀྱིས་གོང་སྤེལ་གཏོང་དགོས། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་གནས་ཚུལ་མི་གཅིག་ལ་ཆ་རྐྱེན་མི་འདྲ་བས། ཕན་ཚུན་མཉམ་ལས་དམ་ཚགས་བྱས་ཏེ་བཟང་ཆ་འདོན་རེས་དང་ཞན་ཆ་གསབ་རེས་བྱས་ན་གཅིག་གི་ཁ་ལ་གཅིག་བསྣན་ན་གཉིས་ལས་ཆེ་བ་ཐོབ་པ་ལྟ་བུའི་ཕན་འབྲས་ཐོབ་ཐུབ། ན་ནིང་ཀྲུང་ཨུ་གཉིས་ཀྱི་ཉོ་ཚོང་གི་ཚད་ཨ་སྒོར་དུང་ཕྱུར882ལ་སླེབས་ཡོད་པ་དང་། མི་སྣ་འགྲོ་འོང་མི་ཐེངས་ཁྲི330ཟིན་ཡོད་ཅིང་། གྲངས་ཀ་འདི་དག་གིས་ཀྲུང་ཨུ་གཉིས་བར་གྱི་འབྲེལ་བའི་གོང་འཕེལ་གྱི་བག་ཉལ་སྟོབས་ཤུགས་ཆེན་པོ་དང་གོང་འཕེལ་གྱི་མདུན་ལམ་ཆེན་པོ་སྒོ་ཀུན་ནས་མཚོན་ཡོད་པ་རེད། ཀྲུང་ཨུ་གཉིས་བར་ནུས་ཁུངས་མཉམ་ལས་བསྟུན་མར་ཟབ་ཏུ་སྤེལ་ཡོད། དུས་རབས17པའི་ “ལེ་དབར་ཁྲིའི་ཇ་ལམ” གྱི་རྗེས་མཐུད་དེ་ཀྲུང་ཨུའི་སྣུམ་རླངས་ཀྱི་སྦུག་ལམ་དེ་རྒྱལ་ཁབ་གཉིས་གཅིག་ཏུ་སྤེལ་བྱེད་ཀྱི“དུས་རབས་ཀྱི་འཕར་རྩ” ཆགས་ཡོད། མིག་སྔར། ང་ཚོ་རྒྱལ་ཁབ་གཉིས་ཀྱིས་རང་རྒྱལ་ཁབ་དང་ས་ཁུལ་བར་གྱི་གོང་འཕེལ་གྱི་འཐབ་ཇུས་སྤེལ་མཐུད་ཧུར་ཐག་བྱས་ཏེ། རྒྱུན་ཆད་མེད་པར་ཁེ་ཕན་གྱི་བསྣོལ་གནས་དང་མཉམ་ལས་ཀྱི་གོང་འཕེལ་ཡོང་གནས་གསར་སྐྲུན་བྱེད་བཞིན་ཡོད། ང་ཚོས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་ནུས་ཁུངས་དང་ཐོན་ཁུངས་ནས་མ་རྩ་འཇོག་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལག་རྩལ་མཐོ་བ། དངུལ་རྩ་བཅས་ཀྱི་ཁྱབ་ཁོངས་སུ་རྒྱ་སྐྱེད་ཡོང་བར་སྐུལ་འདེད་གཏོང་དང་། ཚོང་ཟོག་ཕྱིར་གཏོང་ནང་འདྲེན་ནས་མཉམ་འབྲེལ་གྱིས་ཞིབ་འཇུག་གསར་སྤེལ་དང་། མཉམ་འབྲེལ་གྱིས་ཐོན་སྐྱེད་བྱེད་པའི་ཕྱོགས་སུ་སྤོ་སྒྱུར་བྱེད་པའི་ཐོག་ནས། རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་བར་གྱི་དོན་འབྲས་ཡོད་པའི་མཉམ་ལས་བྱེད་རིམ་ཆུ་ཚད་གོང་མཐོར་གཏོང་དགོས། །
གསུམ་པ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འབྲེལ་བ་བློ་བརྟན་འགྱུར་མེད་ཀྱིས་གོང་སྤེལ་གཏོང་དགོས། རྒྱལ་ཁབ་བར་གྱི་འབྲེལ་བ་ནི་མི་དམངས་བར་གྱི་མཛའ་མཐུན་ལ་ཐུག་ཡོད། མི་དམངས་བར་གྱི་མཛའ་མཐུན་ཟབ་མོ་ནི་རྒྱལ་ཁབ་བར་གྱི་འབྲེལ་བ་གོང་འཕེལ་ཡོང་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། འདིར་ངས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱས་པའི་དཔེ་འགའ་དྲང་རྒྱུ་ཡིན། ལྗར་འགོག་དམག་འཁྲུག་གི་དུས་སྐབས་སུ། སུའུ་ལེན་གྱི་དམག་གྲུའི་རུ་དཔོན་ཆེན་པོ་ཁུ་ལི་ཧྲིན་ཁོ་ཀྲུང་གོར་ཕེབས་ནས་ཀྲུང་གོའི་མི་དམངས་དང་ལྷན་དུ་དམག་འཁྲུག་ལ་ཞུགས་པ་དང་། ཁོང་གིས་སེམས་རྩ་འཁོལ་བའི་ངང“ངས་རང་གི་མེས་རྒྱལ་གྱི་ཆག་སྒོ་ཉམས་སུ་མྱོང་བ་ནང་བཞིན་ཀྲུང་གོའི་ངལ་རྩོལ་མི་དམངས་ཀྱིས་མྱོང་བའི་བྱུར་ཉེས་ཉམས་སུ་མྱོང་གི་ཡོད།” ཅེས་གསུངས། ཁོང་གིས་དཔའ་ངར་ཆེན་པོའི་ངང་ཀྲུང་གོའི་ས་སྟེང་དུ་རང་སྲོག་བློས་བཏང་བ་རེད། ཀྲུང་གོའི་མི་དམངས་ཀྱིས་དཔའ་བོ་དེ་བརྗེད་མེད་དེ། ཀྲུང་གོའི་མ་བུ་ཕལ་པ་གཉིས་ཀྱིས་དུས་རབས་བྱེད་ཀ་ཙམ་གྱི་རིང་ཁོང་གི་བང་སོ་བསྲུངས་བ་རེད།
2004ལོར་ཨུ་རུ་སུ་ལ་པའེ་སི་ལན་མི་གཏའི་དོན་རྐྱེན་བྱུང་རྗེས། ཀྲུང་གོས་རྣམས་མ་བྱིས་པ་ཁག་ཅིག་གདན་འདྲེན་ཞུས་ནས་ཀྲུང་གོར་གསོ་བཅོས་བྱེད་དུ་ཡོང་བ་དང་། བྱིས་པ་དེ་དག་ལ་ཀྲུང་གོ་རུ་གཅེས་སྐྱོང་ཡག་པོ་ཐོབ་པས། ཨུ་རུ་སུ་ཕྱོགས་ཀྱི་རུ་འདྲེན་སྨན་པ་ཨ་ལན་གྱིས“ཁྱེད་ཚོའི་སྨན་པ་དག་གིས་བྱིས་པ་ཚོར་རོགས་རམ་དེ་འདྲ་ཆེན་པོ་གནང་སོང་བས། ང་ཚོའི་བྱིས་པ་ཚོས་ཁྱེད་ཚོ་བརྗེད་སྲིད་ཀྱི་མ་རེད།”ཅེས་བཤད། 2008ལོར། ཀྲུང་གོར་ཐོན་ས་ཡོམ་དྲག་པོ་བྱུང་རྗེས་སུ། ཨུ་རུ་སུས་དེ་མ་ཉིད་དུ་ཀྲུང་གོར་རོགས་སྐྱོར་གྱི་ལག་ཟུང་བརྐྱངས་ཡོད་པ་དང་། དེར་མ་ཟད་གནོད་འཚེ་ཐེབས་ཡུལ་གྱི་བྱིས་པ་ཨུ་རུ་སུའི་ཤར་རྒྱུད་སོགས་ས་གནས་སུ་གདན་འདྲེན་ཞུས་ཏེ་གསོ་བཅོས་བྱས་ཡོད། ལོ3གྱི་གོང་ལ། ངས་ཧྥུ་ལ་ཏེ་ཝོ་སི་ཐོ་ཁོའི“རྒྱ་མཚོ” ཨུ་རུ་སུ་རྒྱལ་ཡོངས་བྱིས་པའི་ལྟེ་གནས་སུ་ཨུ་རུ་སུའི་དགེ་རྒན་གྱིས་ཀྲུང་གོའི་བྱིས་པ་བདག་སྐྱོང་ཡག་པོ་དང་སེམས་འཁུར་དང་ཤ་ཚ་བྱེད་པ་དངོས་སུ་མཐོང་བྱུང་། ཀྲུང་གོའི་བྱིས་པས་ཨུ་རུ་སུའི་མི་དམངས་ཀྱི་མཛའ་བརྩེ་དང་བྱམས་སྐྱོང་ཉམས་སུ་མྱོངས་ཡོད་པ་དང་། དེས་བྱམས་སྐྱོང་ཆེན་པོར་མཐའ་མཚམས་མེད་ཅེས་པའི་ཀྲུང་གོའི་ཁ་རྒྱུན་དེ་བདེན་པར་བསྒྲུབས་ཡོད་པ་རེད། དེ་དང་དེ་ལྟ་བུའི་མི་སེམས་སྐུལ་ནུས་པའི་བྱ་བ་མང་པོ་ཡོད་པས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་མཐུན་ལྗོན་པ་གསོས་ཏེ་འདབ་ལོ་རྒྱས་པར་བྱེད་ཀྱི་ཡོད། །
ཀྲུང་ཨུ་རྒྱལ་ཁབ་གཉིས་ཀར་རྒྱུན་རིང་གི་ལོ་རྒྱུས་དང་གཟི་འོད་འཕྲོ་བའི་རིག་གནས་མངའ་ཡོད་པས། རིག་གནས་སྤེལ་རེས་ནི་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་རྒྱུར་ཆ་མཚོན་ན་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་ནུས་པ་ལྡན་ཡོད། ཁུང་ཙི་དང་ལའོ་ཙི་སོགས་ཀྲུང་གོའི་གནའ་རབས་ཀྱི་བསམ་བློ་བ་རྣམ་པ་ནི་ཨུ་རུ་སུའི་མི་དམངས་ཀྱིས་གསལ་པོར་ཤེས་ཀྱི་ཡོད། ཀྲུང་གོའི་གསར་བརྗེ་རྒན་རབས་པ་རྣམས་ལ་ཨུ་རུ་སུའི་རིག་གནས་ཀྱི་བག་ཆགས་ཟབ་མོ་བཞག་ཡོད་པ་དང་། ང་ཚོ་མི་རབས་འདིས་ཀྱང་ཨུ་རུ་སུའི་རྩོམ་རིག་བརྩམས་ཆོས་ཚད་ལྡན་མང་པོ་བཀླགས་མྱོང་ཡོད། ངས་ཀྱང་གཞོན་ནུའི་དུས་སུ་ཕུའུ་ཞི་ཅིན་དང་། ལའེ་མོང་ཐོ་ཧྥུ། ཐུ་ཀོ་ཉེ་ཧྥུ། ཐོ་སི་ཐོ་ཡེ་ཧྥུ་སི་ཅི། ཐོའར་སི་ཐའེ། ཆེ་ཁོ་ཧྥུ་སོགས་རྩོམ་རིག་བདག་ཉིད་ཆེན་པོ་རྣམ་པའི་བརྩམས་ཆོས་བཀླགས་མྱོང་ཡོད་ལ། ཨུ་རུ་སུའི་རྩོམ་རིག་གི་ཡིད་དབང་འགུགས་ནུས་ཉམས་སུ་མྱོངས་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་བར་གྱི་རིག་གནས་སྤེལ་རེས་ལ་རྨང་གཞི་ཟབ་རྒྱས་ལྡན་ཡོད་པ་རེད། །
གཞོན་ནུ་ནི་རྒྱལ་ཁབ་ཀྱི་མ་འོངས་པ་ཡིན་པ་དང་། འཛམ་གླིང་གི་མ་འོངས་ཡིན་ལ། ཀྲུང་ཨུ་མཛའ་གྲོགས་བྱ་གཞག་གི་མ་འོངས་པ་ཡང་ཡིན། ཐེངས་འདིར་ཨུ་རུ་སུ་ལ་འཚམས་འདྲི་ཡོང་རིང་། ང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཐུན་མོང་ཐོག་རྒྱལ་ཁབ་གཉིས་ཀྱིས2014ལོ་དང2015ལོ་གཉིས་སོ་སོར་ཀྲུང་ཨུའི་གཞོན་ནུའི་སྤེལ་རེས་ལོ་ཚིགས་གཉེར་རྒྱུ་ཁྱབ་བསྒྲགས་བྱས་པ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ད་དུང་མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་སློབ་མ་ཚུད་པའི་ཨུ་རུ་སུའི་སློབ་གྲྭ་ཆེན་མོ་བའི་འཐུས་ཚབ་ཚོགས་པ་ཀྲུང་གོར་འཚམས་འདྲིར་གདན་འདྲེན་ཞུ་རྒྱུ་ཡིན། འདིར་བཞུགས་སློབ་གྲོགས་རྣམ་པ་ཚོ་ནི་ཨུ་རུ་སུའི་གཞོན་ནུའི་ནང་གི་རྩེ་ཕུད་རེད། སྔར་ལས་མང་བའི་ཀྲུང་ཨུའི་གཞོན་ནུ་ཚོས་ཀྲུང་ཨུའི་མཛའ་བརྩེའི་མཐུད་རྒྱུག་དབྱུ་གུ་ལག་ཏུ་བླངས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེའི་བྱ་གཞག་ལ་གཞོལ་བར་ངས་རེ་ལྟོས་བྱ་རྒྱུ་ཡིན། །
དགེ་རྒན་རྣམ་པ་དང་སློབ་གྲོགས་རྣམ་པ་ཚོ།
ཨུ་རུ་སུའི་གཏམ་དཔེ་ལ། “གྲུ་གཟིངས་ཆེ་ན་ལམ་མཐའ་ཆོད” ཅེས་དང་། ཀྲུང་གོའི་གནའ་བོའི་སྙན་ཚིག་ལས། “རླུང་བརྟེན་རླབས་རྒོད་གཤགས་པའི་སྐབས་ཡོད་པས།། གྲུ་གཡོར་དགུང་དུ་བསྒྲེངས་ནས་ཕ་མཐར་སྐྱོད།།” ཅེས་ཟེར་བ་ལྟར། རྒྱལ་ཁབ་གཉིས་ཀའི་སྲིད་གཞུང་དང་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཀྲུང་ཨུའི་འབྲེལ་བ་དེ་མུ་མཐུད་དུ་རླབས་རྒོད་གཤགས་ཤིང་གྲུ་གཡོར་བསྒྲེངས་ནས་རྒྱ་མཚོའི་ཕ་མཐར་བསྐྱོད་ཐོག རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་སྐྲུན་ཐུབ་ངེས་ཡིན་པ་དང་། འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་ཐུབ་ངེས་ཡིན་པའང་ཡིད་ཆེས་ཡོད། །
ལྷན་རྒྱས་ཐུགས་རྗེ་ཆེ།