ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་ཞེ་གཅིག་པ།༽རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་བསྟུད་མར་མདུན་དུ་སྐུལ་དགོས།
ཁུངས། ཀློག་གྲངས། 2

༄༅། ། རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་བསྟུད་མར་མདུན་དུ་སྐུལ་དགོས།

(2012ལོའི་ཟླ་11ཚེས་16ཉིན)

དམག་ཨུའི་འགོ་ཁྲིད་ཚན་པ་དང་དམག་དཔུང་གི་མཐོ་རིམ་ལས་བྱེད་པས་རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པའི་ཁྲོད་ལོ་རྒྱུས་ཀྱི་འགན་འཁྲི་གལ་ཆེན་འཁུར་ཡོད། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་རིག་པ་གསལ་པོ་མཐའ་འཁྱོངས་བྱས་ཏེ། མི་རབས་ནས་མི་རབས་ཀྱི་དཔོན་དམག་རྣམས་ཀྱིས་འབད་བརྩོན་ལྷོད་མེད་ཀྱིས་བླངས་པའི་གྲུབ་འབྲས་ཆེན་པོར་གཅེས་སྤྲས་ལྡབ་འགྱུར་དང་།  དུས་ཡུན་རིང་པོའི་ལག་ལེན་གྱི་ནང་དུ་གསོག་འཇོག་བྱས་པའི་ཉམས་མྱོང་རྩ་ཆེན་ལ་གཅེས་སྤྲས་ལྡབ་འགྱུར།  ད་ལྟའི་དམག་དཔུང་འཛུགས་སྐྲུན་དང་གོང་སྤེལ་གྱི་རྣམ་པ་བཟང་པོ་ལ་གཅེས་སྤྲས་ལྡབ་འགྱུར་བཅས་བྱེད་དགོས་པ་དང་།   ལྷག་བསམ་རྣམ་དག་གིས་ཏང་དང་མི་དམངས་ལ་ལས་ཀ་བསྒྲུབས་ཏེ། རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་བསྟུད་མར་མདུན་དུ་སྐུལ་འདེད་ཧུར་ཐག་གཏོང་དགོས།།

ངེས་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ་དམ་འཛིན་ལེགས་འཛིན་བྱེད་དགོས།  རིམ་པ་ཁག་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་བཀོད་སྒྲིག་ལྟར།  དམག་ཡོངས་སུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་པའི་ཚ་རླབས་ཤིག་གང་མགྱོགས་ཀྱིས་འཕྱུར་བར་བྱེད་དགོས། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་།   གནས་བབ་གསར་པའི་འོག་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་སྐོར་གྱི་ཏང་གི་བསམ་བློ་སློབ་སྦྱོང་།  དམག་དཔུང་འཛུགས་སྐྲུན་ཁྲོད་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་སློབ་སྟོན་གོ་གནས་ངེས་བརྟན་བཟོ་བ།  གནས་བབ་གསར་པའི་འོག་གི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ཁྱད་ཆོས་དང་ཆོས་ཉིད་ཤེས་རྟོགས་ཟབ་མོ་བཅས་བྱེད་དགོས། ཧུའུ་ཀྲུའུ་ཞིས་རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་ལ་འགོ་ཁྲིད་གནང་བའི་ཉམས་མྱོང་རྩ་ཆེན་ཕྱོགས་བསྡོམས་ནན་ཏན་བྱས་ཏེ།  ཧུའུ་ཀྲུའུ་ཞིས་གཏན་འབེབས་གནང་བའི་དམག་དཔུང་འཛུགས་སྐྲུན་བྱེད་ཕྱོགས་སྐོར་གྱི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་ཁག་དང་འཐབ་ཇུས་ཀྱི་བཀོད་པ་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།།

ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།  ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱ་རྒྱུ་ཁག་ཐེག་བྱེད་པ་ནི།  རང་དམག་གི་ངོ་བོ་དང་དམིགས་འབེན་དང་། སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་།   ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་ལ་འབྲེལ་ཡོད་པས། རང་དམག་གི་དམག་དཔུང་འཛུགས་པའི་རྩ་བ་དང་དམག་དཔུང་སྐྱོང་བའི་བླ་སྲོག་ཡིན། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད་འཛུགས་སྐྲུན་དེ་དམག་དཔུང་གི་ལས་ཀ་ཁག་གི་ཨང་དང་པོར་བརྩིས་ཏེ། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་དཔོན་དམག་རྣམས་ཀྱི་བསམ་བློའི་ནང་དུ་རྩ་བ་ཟབ་མོར་ཚུགས་པར་བྱེད་པ་དང་། དམག་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་དང་།  ཀྲུང་དབྱང་དམག་ཨུ་ཡི་བཀོད་འདོམས་ལ་བློ་རྩ་བརྟན་པོས་ཉན་པ་ཁག་ཐེག་བྱེད་དགོས། དམག་དཔུང་གི་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། བསམ་བློ་དང་། ཆབ་སྲིད། རྩ་འཛུགས་བཅས་ཀྱི་ཐད་ཏང་གིས་དམག་དཔུང་ལ་ཁ་ལོ་བརྟན་པོར་བསྒྱུར་རྒྱུ་ཁག་ཐེག་བྱེད་དགོས།  ཆབ་སྲིད་ཀྱི་སྟེང་ནས་ལས་བྱེད་པར་དཔྱད་ཞིབ་དང་ལས་བྱེད་པ་བཀོལ་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མེ་མདའ་ཉིད་ནམ་ཡིན་ཡང་ཏང་ལ་བློ་དཀར་ཞིང་བློས་འཁེལ་བའི་མིའི་ལག་ཏུ་བཟུང་ཡོད་པར་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ལམ་དང་རྩ་འཛུགས་ཀྱི་སྒྲིག་ལམ་དམ་པོ་བཟོས་ཏེ། བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་དབང་གྲགས་སྲུང་སྐྱོང་བྱེད་དགོས་པ་དང་། སྲིད་བཀའ་དང་དམག་བཀའ་ཐོགས་མེད་ལག་བསྟར་ཡོང་བར་ཁག་ཐེག་བྱེད་དགོས།།

ངེས་པར་དུ་བློ་རྩ་བརྟན་པོས་དམག་དོན་འཐབ་རྩོད་ཀྱི་ལས་འགན་ཁག་ལེགས་འགྲུབ་བྱེད་དགོས། དམག་ཡོངས་ཀྱིས་རྒྱལ་ཁབ་བདེ་འཇགས་དང་གོང་སྤེལ་འཐབ་ཇུས་ཀྱི་སྤྱི་ཁོག་ནང་དམག་དཔུང་གིས་བཟུང་བའི་གོ་གནས་དང་ནུས་པ་གལ་ཆེན་ངོས་འཛིན་ཟབ་མོ་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་དེ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་དང་།  དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ནང་འཛིན་པའི་གཙོ་ཁྲིད་ཀྱི་གོ་གནས་འགྱུར་བ་མེད་པར་རྒྱུན་འཁྱོངས། ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་འཇིགས་ཟིལ་དང་དམག་འཁྲུག་དངོས་ཀྱི་ནུས་སྟོབས་ཕྱོགས་ཡོངས་ནས་ཆེར་སྐྱེད་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་སྤེལ་བཅས་ཀྱི་ཁེ་ཕན་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་བྱེད་དགོས། དམག་ཡོངས་ཀྱིས་དམག་དོན་སྦྱོང་བརྡར་དེ་འཐབ་ཇུས་གོ་གནས་སུ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་དམག་དཔུང་གི་དམག་འཁྲུག་དངོས་འབྲེལ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།  །

ངེས་པར་དུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་པའི་བསམ་བློ་ལྟར་དམག་དཔུང་གི་གསར་བརྗེ་ཅན་དང་དེང་རབས་ཅན་དང་དངོས་གཞི་ཅན་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཁྱོན་ཡོངས་ཀྱི་ལྟ་བའི་ཐོག་ནས་འཛུགས་སྐྲུན་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམག་དོན་དང་། ཆབ་སྲིད། རྗེས་ཕྱོགས་ཞབས་འདེགས། གོ་མཚོན་བཅས་ཁྱབ་ཁོངས་ཁག་གི་ལས་ཀ་གོང་འཕེལ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་དང་།  དམག་དཔུང་འཛུགས་སྐྲུན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ངེས་པར་དུ་དུས་སྐབས་གསར་པའི་ནང་འགོག་སྲུང་ཧུར་ཐག་བྱེད་པའི་དམག་དོན་ཐབས་ཇུས་དང་བྱེད་ཕྱོགས་ལག་བསྟར་ནན་ཏན་དང་།  དམག་དོན་འཐབ་ཇུས་གསར་གཏོད་དང་གོང་སྤེལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས། དམག་དོན་འཐབ་ཇུས་ཀྱིས་དམག་དཔུང་གི་འཛུགས་སྐྲུན་དང་ལས་འགན་ཁག་ལ་སྤྱི་འདོམས་བྱེད་པའི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱེད་པའི་བསྒྲུབ་གཞི་གཙོ་བོ་དང་དང་སྒྲུབ་ཕྱོགས་གཙོ་བོ་ལག་བསྟར་ཟབ་མོ་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་ཉིད་ཚན་རིག་དང་མཐུན་པར་གོང་སྤེལ་གཏོང་བའི་ཐད་ཡར་རྒྱས་མངོན་གསལ་དོད་པོ་ཡོང་བ་དང་།   འཐབ་འཛིང་གི་ནུས་པ་འགྲུབ་པའི་དཔེ་སྲོལ་མགྱོགས་མྱུར་དུ་སྤོ་སྒྱུར་བྱེད་པའི་ཐད་དུ་མངོན་སུམ་གྱི་འཕེལ་ཀ་ཡོང་བར་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་འཕོ་འགྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་དོན་སྟོབས་ཤུགས་མ་ལག་ཧུར་ཐག་གིས་འཛུགས་དགོས།།

ངེས་པར་དུ་རང་དམག་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། མའོ་ཀྲུའུ་ཞི་དང་། ཏེང་ཀྲུའུ་ཞི། ཅང་ཀྲུའུ་ཞི། ཧུའུ་ཀྲུའུ་ཞི་བཅས་ཀྱིས་སྐྱེད་བསྲིང་གནང་བའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། ངར་ཤུགས་ཆེན་པོས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྐུལ་འདེད་གཏོང་དགོས། དཔོན་དམག་ཚོར་སྣེ་ཁྲིད་བྱས་ཏེ་ཉམས་ཉེས་དྲན་པའི་འདུ་ཤེས་དང་། བསམ་བློ་མི་ལྷོད་པ། འཐབ་འཛིང་གི་བློ་སྟོབས་མི་ཉམས་པ། སྤྱོད་ཚུལ་མི་ཞིག་པ་བཅས་ཀྱི་ཐོག་ནས། ཐོག་མཐའ་བར་གསུམ་དུ་གསར་བརྗེའི་བློ་སྟོབས་དང་མེ་ལྟར་འབར་བའི་འཐབ་འཛིང་གི་སྙིང་སྟོབས་མཐའ་འཁྱོངས་བྱེད་དགོས། དམག་དཔུང་གི་རུལ་རྒོལ་གཙང་སྤེལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། དམག་དཔུང་གི་མཐོ་རིམ་ལས་བྱེད་པས་དར་ཆ་གསལ་སྒྲེང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་དགོས་པ་དང་། སྣེ་ཁྲིད་དེ་སྤྱོད་གཙང་རང་འཇུན་བྱེད་ཕྱོགས་སྐོར་གྱི་གཏན་འཁེལ་ཁག་བརྩི་སྲུང་ཞུ་དགོས།།

ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་འགོ་ཁྲིད་སྟོབས་ལྡན་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོ། དམག་ཡོངས་ཀྱི་གོང་འོག་ཀུན་གྱི་མཐུན་སྒྲིལ་འབད་འཐབ་བཅས་ཡོད་ན། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་དམིགས་འབེན་རླབས་ཆེན་པོ་མངོན་འགྱུར་བྱེད་ཐུབ་ངེས་རེད།།