རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི“པུའུ་ཀྲང་རྒྱུ་ལམ”གཉིས་པ་འགོ་ཚུགས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 1

ཚེས་དགུ་ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི“པུའུ་ཀྲང་རྒྱུ་ལམ”ཡང་བསྐྱར་འགོ་ཚུགས་ལ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཞིང་ལས་ཞིང་སྡེའི་པུའུ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་བཅས་ཀྱི་འགན་འཁུར་བ་གསུམ་གྱིས་མཉམ་དུ་བཅར་འདྲི་དང་ལེན་བྱས་ཏེ། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་དྲིས་ལན་བཏབ། 

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་ལིའུ་ཝུའེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། རང་རྒྱལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ལ་ཐོད་བརྒལ་རང་བཞིན་གྱི་ཡར་རྒྱས་བྱུང་སྟེ། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས།   "གཙོ་བོ་དྲུག་དང་བར་ཁྱམས་བདུན། རྒྱུ་ལམ་བརྒྱད་"ཀྱི་རྒྱལ་ཁབ་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱའི་གཙོ་གཞི་བསྐྲུན་ཚད90%ལས་བརྒལ་བ་དང་། མྱུར་སྐྱེལ་ལས་སྒོའི་གྲངས་འབོར་ན་ནིང་ཧ་ལམ་ཁྲག་ཁྲིག་གཉིས་ལ་སླེབས་ནས། བསྟུད་མར་ལོ་བཅུ་གཉིས་ལ་འཛམ་གླིང་གི་ཨང་དང་པོར་གནས།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་ལིའུ་ཝེ་ཡིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་སྐོར་ནས། བྱེད་ཐབས་གལ་ཆེ་ཤོས་ནི་དེང་རབས་ཅན་གྱི་སྤུས་ཚད་མཐོ་བའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་མགྱོགས་མྱུར་ངང་བསྐྲུན་ཏེ། ཕྱོགས་གཅིག་ནས་འཕར་ཚད་ལེགས་པོ་རྒྱུན་འཁྱོངས་བྱས་ནས།  སྒྲོམ་གཞི་གཙོ་བོ་བསྐྲུན་ཚད་བརྒྱ་ཆའི་དགུ་ཅུ་ནས་བརྒྱ་ཆའི་གོ་ལྔའི་ཡན་དུ་མཐོ་རུ་གཏོང་དགོས་ལ། ཕྱོགས་གཞན་ཞིག་ནས་སྤུས་འདེགས་ནུས་འཕར་གྱི་ཚད་མཐའ་འཁྱོངས་བྱས་ཏེ། གསར་སྒྱུར་དང་གྲངས་རིག་ཅན་གྱི་སྒྱུར་བཀོད་ལ་སྐུལ་འདེད་གཏོང་དགོས། 

ཞིང་ལས་ཞིང་སྡེའི་པུའུ་ཡི་པུའུ་ཀྲང་ཧན་ཅུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།  རང་རྒྱལ་གྱི་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་མཁོ་སྤྲོད་འགན་སྲུང་ནུས་པ་བརྟན་པོའི་ངང་མཐོ་རུ་ཕྱིན་ནས། འབྲུ་རིགས་ཐོན་ཚད་བསྟུད་མར་ལོ་གཉིས་ལ་རྒྱ་མ་ཁྲག་ཆེན་གཅིག་ཁྲག་ཁྲིག་བཞིའི་སྐས་རིམ་གསར་པར་གནས་ལ། མི་རེར་ཆ་སྙོམས་ཀྱིས་སྤྱི་རྒྱ500ཡན་ཟིན་ནས་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ལས་མཐོ།  “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རང་རྒྱལ་གྱི་ཞིང་ལས་དེང་རབས་ཅན་སྐས་རིམ་གསར་པར་སླེབས་པ་དང་། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁྱབ་ཚད96%ལས་བརྒལ།

 ཞིང་ལས་ཞིང་སྡེའི་པུའུ་ཡི་པུའུ་ཀྲང་ཧན་ཅུན་གྱིས་བཤད་རྒྱུར། ཟླ3པའི་ཚེས5ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། སོན་ལས་ནི་གལ་ཆེ་ཤོས་ཡིན་པས། ཞིང་ལས་གཉེར་ན་སོན་ལས་གོང་འཕེལ་གཏོང་དགོས། རྗེས་མར་ང་ཚོས་འདེབས་འཛུགས་ལས་རིགས་དར་སྤེལ་གཏོང་བའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱ་རྒྱུ་ཡིན་པ་དང་། ཐོད་བརྒལ་རང་བཞིན་གྱི་ས་བོན་གསར་པ་སྔར་ལས་མང་བ་གསོ་སྐྱོང་དང་ཁྱབ་གདལ་བཏང་སྟེ།  སོན་ལས་ཚན་རྩལ་རང་ཚུགས་རང་སྟོབས་དང་སོན་ཁུངས་རང་བདག་ཚོད་འཛིན་ཐུབ་པ་མངོན་འགྱུར་བྱས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འབྱུང་རྩ་ནས་འགན་སྲུང་བྱ་དགོས།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲི་ཏན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།   “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་རབ་དང་རིམ་པ་བླངས།  དམངས་ཡོངས་ལུས་སྦྱོང་གི་ཡུལ་གནས་སྒྲིག་བཀོད་རྒྱུན་མཐུད་ངང་མང་དུ་ཕྱིན་ལ། པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས། ཧའར་པིན་ཨེ་ཤེ་ཡའི་དགུན་དུས་ཨོ་རྩལ་འགྲན་ཚོགས་བཅས་ཀྱིས་བསྟུད་མར་ལོ་རྒྱུས་ཀྱི་གྲུབ་འབྲས་བཟང་པོ་བསྐྲུན།  དམངས་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ནི་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱིས་མཉམ་འབྲེལ་སྒོས་འགན་སྒྲུབ་བྱས་པའི་ལུས་རྩལ་འགྲན་བསྡུར་ཆེ་གྲས་ཐོག་མ་ཡིན་ལ།  “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལུས་རྩལ་ཁྱབ་ཁོངས་ཀྱི་གསར་གཏོད་ལག་ལེན་ཡིན།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲི་ཏན་གྱིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་། ང་ཚོས་གཙོ་བོར་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐོན་ཁུངས་ལེགས་སྒྲིག། ཁུལ་ཁོངས་དོ་མཉམ་བཅས་ཀྱི་ཐད་ཤུགས་བཏོན་ཏེ།  འགྲན་བསྡུར་བྱེད་སྒོ་དང་ཡུལ་གནས་སྒྲིག་བཀོད། ཞབས་ཞུའི་ཐོན་ཁུངས་བཅས་སྔར་ལས་མང་བ་མང་ཚོགས་ཀྱི་གམ་དུ་སྐྱེལ་ནས།  སྐར་མ15ཡི་ལུས་སྦྱོང་ཁུལ་དེ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་ཚོམས་ཀྱི་འགྱུར་བར་བྱས་ནས། ལུས་རྩལ་གྱི་འཕེལ་རྒྱས་གྲུབ་འབྲས་མི་དམངས་མང་ཚོགས་ཀྱིས་ཚོར་ཐུབ་པ་དང་རེག་ཐུབ་པའི་བདེ་སྐྱིད་ཀྱི་ཉམས་ལེན་དངོས་སུ་འགྱུར་བར་བྱེད་དགོས།

དེ་ལས་གཞན། པུའུ་ཀྲང་གསུམ་གྱིས་ད་དུང་འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་དམངས་འཚོར་ཞབས་འདེགས་ཞུ་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ། ལུས་རྩལ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་གནད་དོན་གཙོ་བོའི་ཐད་གསར་འགོད་པའི་དྲི་བར་ལན་བཏབ།