རང་འགན་གཙང་སྒྲུབ་དང་གཅིག་སྒྲིལ་མདུན་བསྐྱོད་ཀྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 1

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་མཁན་གྱི་ཨུ་ཡོན་རྣམས་པས་ཚོ་ཆུང་བགོས་ནས་གྲོས་བསྡུར་བྱེད་སྐབས། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  སྲིད་གཞུང་བྱ་བའི་སྙན་ཞུ་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་འཆར་ཟིན་ལ་དམིགས་ནས་གྲོས་མོལ་སྲིད་གླེང་གཏིང་ཟབ་དང་ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་འགོ་ཡག་པོ་རྩོམ་པ་དང་གོམ་པ་བརྟན་པོ་སྤོ་བར་མཐུན་སྒྲིལ་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པར་འདོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའང་ཀྲེན་དབྱིན་ཆེད་དུ་གདན་འདྲེན་ཞུས་པའི་ཞང་ཀང་གི་ལས་རིགས་མི་སྣའི་ཨུ་ཡོན་གྱི་ཚན་ཆུང་གྲོས་བསྡུར་ནང་ཞུགས་སྐབས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་གལ་ཆེན་བླངས་ཡོད། ཤང་ཀང་གིས“རྒྱལ་ཁབ་ཀྱི་དགོས་མཁོ་དང་ཤང་ཀང་གི་ཁྱད་ཆོས་ཟུང་འབྲེལ”འཚོལ་ཞིབ་ཡང་དག་བྱས་ཏེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་རྒྱུར་བྱས་རྗེས་འཇོག་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཝང་ཞིན་ཅུན་གྱིས་བཤད་རྒྱུར།

སྙན་ཞུའི་ནང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མ་ལག་ལྡན་པའི་སྒོ་ནས་མངོན། ལྷག་པར་དུ2025ལོར་ཛ་དྲག་དང་རྙོག་འཛིང་ཆེ་བའི་འཕེལ་རྒྱས་ཀྱི་གནས་བབ་མདུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་གོང་འོག་ཚང་མས་ཕྱར་བ་གྲུ་འདེགས་དང་དཀའ་སྤྱད་མདུན་བསྐྱོད་ཀྱིས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་བདེ་བླག་ངང་འགྲུབ་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་དཀའ་ངལ་མཐའ་དག་ལ་གདོང་གཏད་དེ་ལས་དོན་ཁག་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་ཡིན་པ་ཁྱབ་བསྒྲགས་གསལ་བོ་བྱས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཧོང་ཡུས་ཀོང་གིས་བཤད་རྒྱུར།

སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་དམིགས་འབེན་གཙོ་བོ་དང་ལས་འགན་གལ་ཆེན་གསལ་བོར་བསྟན་པ་དང་། དམངས་ཚིས་འབུར་དུ་དོད་དེ་དམིགས་ཡུལ་ཡོད་པའི་སྒོ་ནས་ལས་ཞུགས་དང་། ཡོང་འབབ། སློབ་གསོ། སྨན་བཅོས། བདེ་ཐང་བཅས་ཀྱི་དམིགས་ཚད7བཏོན་ནས། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མངོན་པ་དང་།  དམངས་ཀྱི་ཆེད་དུ་དོན་དངོས་དང་དོན་བཟང་པོ་མང་པོ་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ལ་ཐོབ་ཚོར་གྱི་ལས་ཀའི་སྟོན་ཕྱོགས་སྔར་བས་མང་པོ་ཡོད་པ་མངོན་འདུག

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་ཐེར་གྱིས་གྲངས་ཉུང་མི་རིགས་ལས་རིགས་ཁག་གི་ཨུ་ཡོན་གྱི་ཚན་ཆུང་གྲོས་བསྡུར་ལ་ཞུགས་སྐབས་བཤད་རྒྱུར། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་ཐུབ་དགོས་ལ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་རྒྱུར་རམ་འདེགས་བྱ་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀའོ་ཡོན་ཡོན་གྱིས་བཤད་རྒྱུར།

ལོ་གཅིག་རིང་གི་བྱ་བ་སོ་སོར་གྲུབ་འབྲས་མངོན་གསལ་ཐོབ་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “སྲུང་སྐྱོང་གཉིས”ཀྱིས་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་རྒྱུན་འཁྱོངས་དང་འབད་འབུངས་ཆེར་སྐྱེད་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཏིང་ཧྲི་ཀྲུང་གིས་བཤད་རྒྱུར།

སྙན་ཞུའི་ནང་འདས་པའི་ལོ་གཅིག་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གང་ལེགས་ཀྱིས་མཚོན་པ་དང་།  ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེན་པོ་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ཀྱི་འཆར་ཟིན་ནང་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་བྱས་ཤིང་དང་པོར་འཇོག་པ་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ནས་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་རྒྱུ་ཡིན་པས། ང་ཚོས་མུ་མཐུད་དངོས་ཚན་དཔལ་འབྱོར་བརྟན་སྲུང་བྱས་ནས་ཐོན་ལས་མུ་ཕྲེང་གི་སྟོད་སྨད་ཐུན་མོང་ཐོག་འཚར་ལོངས་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ།  དངོས་གཉེར་གྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་དངོས་སྒྲུབ་ཀྱིས་རྒྱལ་ཁབ་དར་བར་བྱ་རྒྱུ་ཡིན། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུའུ་ཧུའེ་ཐའེ་ཝན་མནའ་འབྲེལ་ལས་རིགས་ཨུ་ཡོན་གྱི་ཚན་ཆུང་གི་གྲོས་བསྡུར་ལ་ཞུགས་སྐབས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དང་། དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་མོ་དོན་འཁྱོལ་བྱས་ཏེ། ངོགས་གཉིས་མཉམ་དུ་འཕེལ་རྒྱས་ཡོང་བར་ཧུར་ཐག་གིས་རོགས་རམ་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཐབ་ལམ་གསར་པར་འབད་འཐབ་བྱེད་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཡུས་ཞའོ་ཧུའེ་ཡིས་བཤད་རྒྱུར།

སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཐོག་མར་རིག་ནུས་དཔལ་འབྱོར་གྱི་རྣམ་པ་གསར་པ་གཏོད་རྒྱུ་དང་། ལྷག་པར་དུ་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་ཚོང་ལས་ཅན་དང་གཞི་ཁྱོན་ཅན་དུ་བེད་སྤྱོད་བྱེད་པ།  རྒྱལ་ཁབ་ཀྱིས་མི་ཐབས་རིག་ནུས་ལ་སྐུལ་འདེད་གཏོང་རྒྱུ་དང་མི་ཐབས་རིག་ནུས་རྒྱ་བསྐྱེད་གཏོང་རྒྱུ། མི་ཐབས་རིག་ནུས་དེ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བ་བྱ་རྒྱུ་ནི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཝུའུ་ཝེ་ཧྲན་གྱིས་བཤད་རྒྱུར།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ཀྱི་འཆར་ཟིན་ནང་མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་བཟོའི་གསོན་ཤུགས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་དར་རྒྱས་ལ་སྐུལ་སློང་བྱས་ནས་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་ཁ་གསལ་བཟོས་ཡོད།  ང་ཚོས་དེ་དམིགས་འབེན་བྱས་ཏེ། འགན་འཁྲི་སྒྲུབ་པ་དང་བྱ་བའི་ཁྲོད་ཧུར་ཐག་གིས་སྤུས་ལེགས་ཀྱི་རིག་གནས་ཐོན་རྫས་མཁོ་འདོན་དང་། རིག་གནས་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། བརྩེ་སེམས་ལ་བརྟེན་ནས་མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱ་རྒྱུ་ཡིན།