མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུར་ནན་ཏན་གྱིས་གྲོས་སྡུར་བྱས།
ཁུངས། ཀློག་གྲངས། 1

ཟླ3པའི་ཚེས6ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་སོ་སོར་རང་སོ་སོའི་ལས་རིགས་ཀྱི་ཚན་སྐོར་དང་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ནན་ཏན་གྱིས་གྲོས་སྡུར་བྱས། མགོན་པོ་བཀྲ་ཤིས་དང་ཝང་ཅན་ཅུན། རྡོ་རྗེ་རབ་བརྟན། པད་གོ། ལིའུ་ཐུང་ཏེ། ཝང་ཞོན། གསེར་ཁྲི་བློ་གྲོས་ཆོས་ཀྱི་རྒྱ་མཚོ། མ་ཡུའེ་ཞང་སོགས་ཨུ་ཡོན་གྱིས་གཏམ་བཤད། 

ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཙུང་ལི་ལི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས། ཉིས་སྟོང་ཉེར་ལྔ་ལོ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གྲུབ་འབྲས་སྤྱི་བསྡོམས་བྱས་ཡོད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་དང་ལས་འགན་གཙོ་བོ་བཏོན་ཡོད་ལ། ད་ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་ཡོད། དེས་སྲིད་གཞུང་སྡེ་ཁག་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་ནུས་ལྡན་བྱེད་པའི་རྣམ་འགྱུར་གསལ་བོ་དང་ལངས་ཕྱོགས་བརྟན་པོ་མཚོན་ཡོད་ལ། སྲིད་གཞུང་སྡེ་ཁག་གིས་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་ལེན་པ་དང་དངོས་སྒྲུབ་བྱས་ཏེ་སྲིད་འབྲས་ལེན་པའི་རིན་ཐང་ཁྲིད་ཕྱོགས་དང་ཁག་ཁུར་སྙིང་སྟོབས་མཚོན་ཡོད། དེ་ནི་བརྩོན་སེམས་དང་ཡིད་ཆེས་ཆེ་རུ་བསྐྱེད་པ་དང་། ཐུན་མོང་གི་ལྟ་བ་གཅིག་སྡུད་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་རེད། མ་ཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དང་སྦྲེལ་ནས། དེ་སློབ་སྦྱོང་དང་ལག་བསྟར་དངོས་འབེབ་བྱེད་རྒྱུ་ནན་འཛིན་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་གྲོས་མོལ་ཇུས་འདོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་མཚོ་སྔོན་གྱི་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན། 

ཨུ་ཡོན་ཝང་ཅན་ཅུན་གྱིས་བཤད་རྒྱུར། ཙུང་ལི་ལི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ཧྲིལ་པོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་ཡོད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། དམིགས་འབེན་གཏན་ཁེལ་བྱས་པ་གསལ་བོ་ཡིན་པ་དང་། སྲིད་ཇུས་ཀྱི་མ་ལག་གཅིག་བསྡུས་ཡིན་ལ། བཅོས་སྒྱུར་ཟབ་སྤེལ་ཐད་མཉམ་ཤུགས་བཏོན་ཡོད་ཅིང་། སྒུལ་ཤུགས་གསར་སྐྱེད་ཐད་མིག་རྒྱང་རིང་ལ། དམངས་འཚོ་འགན་སྲུང་ཐད་ལྷག་བསམ་ལྡན། དེ་ནི་དར་ཆ་མཐོར་སྒྲེང་དང་དངོས་གཉེར་བདེན་སྒྲུབ། བརྩོན་སེམས་ཆེར་སྐྱེད་ཀྱི་སྙན་ཞུ་བཟང་པོ་ཞིག་རེད། སྙན་ཞུ་དེས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་པ། འགུལ་སྐྱོད་པ། དངོས་སྒྲུབ་པ་བཅས་ཡིན་པའི་ལོ་རྒྱུས་ཀྱི་ཁག་ཁུར་མཚོན་ཡོད། 

ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། ཙུང་ལི་ལི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ནི་དར་ཆ་མཐོར་སྒྲེང་དང་བརྩོན་སེམས་ཆེར་བསྐྱེད། ཡིད་ཆེས་ཆེར་བསྐྱེད་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་རེད། སྙན་ཞུ་ལས་བཏོན་པའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་གཙོ་བོ་དང2026ལོའི་ལས་འགན་གལ་ཆེན་གྱིས་ཕྱོགས་སོ་སོར་གཅིག་འདོམས་བྱས་ཡོད་ལ་དོན་དངོས་དང་མཐུན། དེ་ནི་ཏང་ཀྲུང་དབྱང་གིས་དེང་སྐབས་ཀྱི་གནས་བབ་ལས་འགན་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དང་མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་སྒུག་དང་མཐུན། 

ཨུ་ཡོན་པད་གོས་བཤད་རྒྱུར། སྙན་ཞུ་ཡོངས་ལས་རང་རྒྱལ་གྱིས་གཞི་ཁྱོན་དང་སྤུས་ཚད་མཉམ་འཛིན་ཡར་སྐུལ་དང་། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས། འཕེལ་རྒྱས་དང་བདེ་འཇགས་འཁོར་རྒྱུག་ལེགས་པོ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཛེས་པའི་དཔེ་རིས་མངོན་ཡོད། ངས་འཐབ་ཕྱོགས་གཅིག་གྱུར་གྱི་མི་སེམས་གཅིག་སྡུད་དང་སྟོབས་ཤུགས་གཅིག་བསྡུས་ཀྱི་ཆབ་སྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་བྱ་བའི་སྒྲིག་གཞི་བསྟུད་མར་འཐུས་ཚང་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ཁྱད་ཆོས་ཀྱི་གསར་དར་སྲིད་ཞུགས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པ། ཞིན་ཅང་དང་བོད་ལྗོངས་གཏན་འཇགས་ཡོང་བའི་ཐབས་ཇུས་ཀྱི་གནས་ཡུལ་བརྟན་སྲུང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཕྱོགས་གཅིག་གྱུར་གྱི་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

ཨུ་ཡོན་ལིའུ་ཐུང་ཏེ་ཡིས་བཤད་རྒྱུར། སྙན་ཞུ་ཞིབ་ཏུ་བཀླགས་རྗེས་མྱོང་ཚོར་ཟབ་མོ་གསུམ་ཡོད་དེ། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་རྒྱལ་ཁབ་ཡུན་སྐྱོང་བདེ་འགོད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་རྩ་བའི་ཆབ་སྲིད་ཀྱི་འགན་སྲུང་ཡིན། གཉིས་ནི་འཐབ་ཇུས་འཆར་འགོད་ཀྱིས་སྣེ་ཁྲིད་པའི་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་ལེགས་པོ་བྱས་ཡོད། གསུམ་ནི་དམངས་འཚོ་བདེ་སྐྱིད་ཀྱི་རིན་ཐང་འཚོལ་སྙེག་མངོན་དུ་གྱུར་ཡོད་པས། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ལག་བསྟར་དོན་འཁྱོལ་བྱེད་པར་ཡིད་ཆེས་ཟབ་མོ་ཡོད། རྒྱལ་ཁབ་འཐབ་ཇུས་གནས་ཡུལ་གྱི་འཆར་འགོད་སྒྲིག་བཀོད་དང་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཐོན་ལས་མུ་ཕྲེང་གི་འགག་རྩའི་ལས་རིམ་གོ་རིམ་ལྡན་པའི་ངང་སྤོ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། རང་བདག་ཚོད་འཛིན་ཐུབ་པའི་འཐབ་ཇུས་ཀྱི་མ་ལག་འཛུགས་དགོས་པའི་གྲོས་གཞི་བཏོན་པ་ཡིན།

ཨུ་ཡོན་ཝང་ཞོན་གྱིས་བཤད་རྒྱུར། སྙན་ཞུ་དེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་ཐིག་གིས་ཁྱབ་ཡོད་པ་དང་། བརྟན་ཐོག་ཡར་འཕར་གྱི་དཔལ་འབྱོར་མཉེན་གཤིས་དང་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བའི་ཐོན་ལས་སྒྲིག་གཞིས་ང་ཚོར་ཡིད་ཆེས་བརྟན་པོ་དང་གདིང་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད། ངས་མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་ཟུང་འབྲེལ་དམ་པོ་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་འགག་རྩའི་ལས་རིམ་དམ་འཛིན་ནན་མོ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ལྗང་མདོག་རྩིས་ཤུགས་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཧུར་ཐག་གིས་བློ་འདོན་ཇུས་འབུལ་དང་རང་འགུལ་ངང་ཁག་ཁུར་ལས་སྒྲུབ་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་མཚོ་སྔོན་དུ་ལག་བསྟར་བྱས་ཏེ་གྲུབ་འབྲས་ལེན་པར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཨུ་ཡོན་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོས་བཤད་རྒྱུར། སྙན་ཞུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམིགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྐང་བཙུགས་ནས། འཕེལ་རྒྱས་ཀྱི་མཐོ་ཚད་དང་དམངས་འཚོའི་དྲོད་ཚད། རྒྱལ་ཁབ་ཆེན་མོའི་བློ་རྒྱ་བཅས་ལེགས་པོར་མངོན་ཡོད་པས། སྙིང་སྟོབས་དང་བརྩོན་སེམས་བསྐྱེད་པའི་སྙན་ཞུ་བཟང་པོ་ཞིག་རེད། ངས་གྲོས་ཚོགས་ཀྱི་དགོངས་དོན་ལ་སྔར་ལས་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་། ཏང་དང་སྲིད་གཞུང་གིས་ཆོས་དད་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་སྦྲེལ་ཐག་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་ཅིང་། གཞི་རིམ་དུ་ཟབ་ཞུགས་བྱེད་པ་དང་མང་ཚོགས་ཀྱི་སེམས་གཏམ་ལ་ཉན་པ། ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འབད་པས་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

ཨུ་ཡོན་མ་ཡུའེ་ཞང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད2025ལོ་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ཀྱི་བྱ་བར་ཕྱོགས་ཡོངས་ནས་སྤྱོ་བསྡོམས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་གནས་བབ་རྙོག་འཛིང་དུ་གྱུར་བ་དང་འགྱུར་ལྡོག་གཏིང་ཟབ་བྱུང་བའི་མདུན་དུ་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་བྱས་པ་དང་འབད་བརྩོན་ལྷོད་མེད་བྱས་ཏེ་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་བསྟན་ཡོད། སྙན་ཞུ་ལས་ད་ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས་པའི་དམིགས་འབེན་ཁ་གསལ་བ་དང་། ལས་འགན་ཞིབ་ཕྲ་ཡིན་ལ། བྱེད་ཐབས་དངོས་དོན་དང་མཐུན་པས་དེ་ནི་དར་ཆ་མཐོར་སྒྲེང་དང་། དངོས་ཐོག་བདེན་འཚོལ། སེམས་ཤུགས་གཅིག་སྒྲིལ། བརྩོན་སེམས་ཆེར་བསྐྱེད་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད། ངས་ཐབས་འདོན་ཇུས་འབུལ་བྱེད་སྐབས་འགན་འཁྲི་མངོན་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཁྲོད་སྟོབས་ཤུགས་བསྒྲིལ་རྒྱུ་ཡིན་ཟེར།

ཝང་ཅན་དང་ཀྲུའུ་ཁྲོན་ཡུན། ལི་ཆིན། ཀྲའོ་ཧའེ་ཞིང་། ཅིན་ཧྭ། ཧན་ཝུན་ལིན་སོགས་ཨུ་ཡོན་གྱིས་སྔ་རྗེས་སུ་གཏམ་བཤད།