

གནམ་གཤིས་སྔོན་དཔག་ལྟར་ན། ད་ལོའི་དགུན་ཁར་རང་རྒྱལ་གྱི་གནམ་གཤིས་ལ་དྲོ་གྲང་གི་འགྱུར་ལྡོག་རྒོད་ཅིང་། གྲང་ངར་ཆེན་པོ་སོགས་གློ་བུར་དུ་དྲོད་ཚད་མར་ཆགས་པའི་གནམ་གཤིས་ཡང་མང་པོ་ཡོད་པ་རེད། ལྷག་པར་ལོ་གསར་ཐོན་ལ་ཉེ་བའི་སྐབས་འདིར་མེ་དང་གློག འབར་རླངས་སོགས་སྤྱོད་ཆེ་བས་བདེ་འཇགས་ཀྱི་ཉེན་ཁ་ཆེ་རུ་ཕྱིན་ཡོད་པ་རེད། གཤམ་ནས་ང་ཚོས་དགུན་དུས་ཀྱི་བདེ་འཇགས་རྒྱུན་ཤེས་འགའ་ལ་མཉམ་དུ་སློབ་སྦྱོང་ཞིག་བྱེད།
དགུན་དུས་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་པར་འགོག་ཟོན་ཇི་ལྟར་བྱེད་དགོས།

དགུན་དུས་སུ་རོང་འབྲོག་ས་ཁུལ་དུ་ལྕགས་ཐབ་ལ་རྡོ་སོལ་གྱི་མེ་བུས་ནས་དྲོད་འདོན་པ་གོམས་ལོབ་ཏུ་གྱུར་ཡོད་པས་དབྱང་གཅིག་ཐཱན་འགྱུར(རྡོ་སོལ་གྱི་དུག)གྱི་དུག་ཕོག་པའི་དོན་རྐྱེན་ཡང་མང་པོ་འབྱུང་གི་ཡོད་པ་རེད།
དེས་ན་བྱེད་ཐབས་གང་དག་སྤྱད་ནས་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་པར་འགོག་ཟོན་བྱེད་དགོས་ཞེ་ན།
1.དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་པ་སྔོན་འགོག་བྱེད་དགོས་ན། གཙོ་བོ་ཁང་པའི་ནང་ལ་རླུང་རྒྱུ་རུ་འཇུག་རྒྱུ་དེ་གལ་ཆེ། དེ་ནི་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་པ་སྔོན་འགོག་བྱེད་པའི་བྱེད་ཐབས་ཨང་དང་པོ་ཡིན།

ལྕགས་ཐབ་ལ་རྡོ་སོལ་གྱི་མེ་འབུད་སྐབས་དུ་ཁུང་སྒྲིག་སྤྲོད་བྱས་པ་ཚད་ལྡན་ཡིན་དགོས་པ་སྟེ། དུ་ཁུང་དང་ལྕགས་ཐབ་ཀྱི་མཐུད་མཚམས་དང་དུ་ཁུང་གི་མཐུད་མཚམས་བཅས་ཀྱི་སྲུབས་སྦྱོར་དམ་པོ་ཡིན་པ་དང་། དུ་ཁུང་གི་ནང་དང་དུ་ཁུང་གི་ཁ་ལ་དངོས་པོ་ཙག་ཙིག་འཚངས་མེད་པར་དུ་བ་ལེགས་པར་རྒྱུ་ཐུབ་པ་ཞིག་ཡིན་དགོས། དུ་ཁུང་གི་ཁ་ལ་ཞྭ་མོ་ལྟ་བུ་ཞིག་སྤྲད་ན་རླུང་གི་རྒྱག་ཕྱོགས་ཀྱིས་དུ་བ་ཁང་བའི་ནང་ལ་ཕྱིར་ལྡུག་པའི་ཉེན་ཁ་འགོག་ཐུབ། གཞན་རྡོ་སོལ་གྱི་མེ་བུས་ཡོད་པའི་ཁང་བའི་སྒེའུ་ཁུང་ལ་ངེས་གཏན་ཀྱི་སྲུབས་ཀ་འཇོག་པའམ་ཡང་ན་དུས་ལྟར་སྒེའུ་ཁུང་ཕྱེ་ནས་རྒྱུན་པར་རླུང་རྒྱུ་རུ་འཇུག་དགོས།
2.ཚན་རྩལ་སྒྲིག་ཆས་བཀོལ་ནས་སྔོན་འགོག་བྱེད་པ།

ཁང་བའི་ནང་དུ་དབྱང་གཅིག་ཐཱན་འགྱུར་གྱི་ཉེན་བརྡ་གཏོང་ཆས་ཤིག་སྤྲད་ན། ཁང་བའི་ནང་དུ་དབྱང་གཅིག་ཐཱན་འགྱུར་ཚད་ལས་བརྒལ་བར་གྱུར་ན་དུས་ཐོག་ཏུ་ཉེན་བརྡ་གཏོང་སྲིད་པས་བདེ་འཇགས་ཁག་ཐེག་བྱེད་ཐུབ།