
རང་རེའི་ཚགས་པར་ཁང་གི་དཔྱད་གཏམ་པ།
གདང་ལ་གྲོང་རྡལ་གྱི“ཕྱུགས་བརྒལ་བགྲོད་ལམ”དང་མཐོ་སྒང་མེ་འཁོར་གྱི“ལྷ་ལམ་ཕོ་ཉ”དང་གཞི་རིམ་འཐབ་ཕྱོགས་དང་པོའི“སེ་འབྲུ་འཛིན་གྲྭའི་ཚན་ཆུང”སོགས་ཀྲུང་དབྱང་ནས་ས་གནས་དང་། དམག་དཔུང་ནས་ཚན་རིག་ཞིབ་འཇུག་ལས་ཁུངས་བར། བཟོ་གྲྭ་ཁེ་ལས་ནས་ལས་ཡུལ་དང་པོའི་བར། མི་རིགས་སོ་སོའི་མང་ཚོགས་དང་ལས་རིགས་ཁག་གི་འཛུགས་སྐྲུན་པ་རྣམས་ཀྱིས་སྟོབས་ཤུགས་དང་སེམས་པ་གཅིག་ཏུ་བསྒྲིལ་བ་དང་། ལས་ཁུངས་སོ་སོ་དང་འཛུགས་སྐྲུན་སྡེ་ཚན་དག་གིས་བཙན་རྫོང་གཏོར་ཞིང་མཐུན་སྦྱོར་འབད་བརྩོན་བྱས་ཤིང་སྟོབས་ཤུགས་ཡོད་ཚད་བཏོན་ནས་དཀའ་ཁག་ཁྱད་དུ་བསད་དེ། “ལས་ཡུལ་ཡོངས་བསམ་བཀོད་གཅིག་དང་གོང་འོག་ཚང་མ་སེམས་པ་གཅིག”གི་མཉམ་སྟོབས་དྲག་པོ་གཅིག་ཏུ་བསྡུས་ནས། འཛམ་གླིང་སྟེང་མཚོ་འཕགས་ཆེས་མཐོ་ཞིང་ལམ་ཐག་ཆེས་རིང་བའི་མཚོ་བོད་ལྕགས་ལམ་བསྐྲུན། མཚོ་བོད་ལྕགས་ལམ་བསྐྲུན་པ་ནི་མི་རིགས་སོ་སོའི་བུ་ཕྲུག་རྣམས་ཀྱིས་མཐུན་སྒྲིལ་འབད་བརྩོན་བྱས་ཤིང་ཕན་ཚུན་ལ་སོ་སྲུང་རོགས་རེས་བྱས་པའི་དུས་རབས་ཀྱི་སྙན་ཚིག་ཅིག་ཡིན་ལ། མི་རིགས་སོ་སོ་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ཀྱི་གསོན་ཉམས་ལྡན་པའི་འགྲེལ་བཤད་ཅིག་དེ་བས་ཀྱང་ཡིན། མཚོ་བོད་ལྕགས་ལམ་སྙིང་སྟོབས་དར་སྤེལ་དུ་གཏོང་ན། དེའི་ནང་དུ་འདུས་པའི་མཐུན་སྒྲིལ་མཐུན་སྦྱོར་གྱི་སྟོབས་ཤུགས་གང་ལེགས་ཀྱིས་སྡུད་ལེན་བྱས་ཏེ། འཛུགས་སྐྲུན་གྱི་ལས་ཡུལ་ནས་གྲུབ་པའི་ཉམས་མྱོང་རྩ་ཆེན་དེ་དག་མི་རིགས་བྱ་བའི་བྱེ་བྲག་གི་ལག་ལེན་ཁྲོད་དུ་ནུས་ལྡན་གྱིས་འདྲེས་སུ་འཇུག་པ་དང་། མཚོ་བོད་ལྕགས་ལམ་སྙིང་སྟོབས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆགས་སུ་འཇུག་པའི་ལག་ལེན་ཁྲོད་དུ་དུས་རབས་ཀྱི་འོད་སྟོང་འབར་དུ་འཇུག་དགོས།
མཚོ་བོད་ལྕགས་ལམ་བསྐྲུན་ནས་འགྲུབ། དེའི་རྩ་བའི་དམིགས་ཡུལ་ནི་དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་གཅིག་ཏུ་བསྒྲིལ་བ། མཐུན་སྒྲིལ་ཡར་སྐུལ་བྱེད་རྒྱུ་བཅས་ཡིན་ལ། དེ་ནི་མཚོ་བོད་ལྕགས་ལམ་སྙིང་སྟོབས་ཀྱི་ཆེས་དྲོད་ཁོལ་ལྡན་པའི་རང་མདངས་མཐུག་པོའང་ཡིན། འཛུགས་སྐྲུན་ནས་བེད་སྤྱོད་ཀྱི་བར་དུ། མི་རབས་དུ་མའི་ལྕགས་ལམ་པ་རྣམས་ཀྱིས་ཏང་ཀྲུང་དབྱང་གི་མངག་བཅོལ་ཡིད་ལ་བརྟན་པོར་བཟུང་ནས། “མི་དམངས་ལྕགས་ལམ་ནི་མི་དམངས་ཀྱི་ཆེད་ཡིན”ཞེས་པའི་རྩ་དོན་ལག་ཏུ་བསྟར་ཞིང་། ཡིད་ཚིམ་དུ་འཇུག་པ་ནི་ཚད་ཤིང་དུ་བཟུང་སྟེ། ཞབས་ཞུའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ལེགས་དང་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏེགས་ཤིང་སྦྲེལ་ཐག་རྒྱུན་ཆད་མེད་པར་རྒྱ་བསྐྱེད། དུས་རབས་གསར་པར་སྲོལ་རྒྱུན་ལེགས་པོ་རྒྱུན་འཛིན་བྱེད་ན། མི་དམངས་སྲོག་ཤིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་དམངས་ལ་བདེ་སྐྱིད་བསྐྲུན་པ་ནི་ཆེས་ཆེ་བའི་སྲིད་འབྲས་ཡིན་པ་སེམས་ལ་བརྟན་པོར་འཛིན་པ། འདུ་ཤེས་ཐད་ནས་མཚོ་སྔོན་གྱི་དམངས་འཚོ་སྔར་བས་གཏིང་ཟབ་ཏུ་གཏོང་བ་ནི་མི་རིགས་ས་ཁུལ་གྱི་དམངས་འཚོ་དང་འཕེལ་རྒྱས་དལ་བའི་ས་ཁུལ་གྱི་དམངས་འཚོ་ཡིན་པར་མ་ཟད། སྤྱི་ཚོགས་ཀྱི་བྱ་བ་ཡིན་ལ། ཆབ་སྲིད་ཀྱི་བྱ་བ་དེ་བས་ཀྱང་ཡིན་པས། སྤྱི་ཚོགས་ཀྱི་བརྟན་བརླིང་སྲུང་བའམ་ཡང་ན་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པ་གང་ཡིན་རུང་། ཚང་མས་དམངས་འཚོ་ཞེས་པའི་མཐའ་འདིའི་ངོས་ཟིན་དེ་བརྟན་པོར་བསྲུང་དགོས། འགུལ་སྐྱོད་ཀྱི་ཐད་ནས་དམངས་འཚོ་གལ་ཆེན་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། ནོར་སྲིད་གཏོང་སྤྲོད་ཐད་དམངས་འཚོར་དམིགས་བསལ་གྱིས་འགན་སྲུང་བྱས་ནས། ཚད་ཡོད་ཐོན་ཁུངས་ལ་ཆེས་ཆེ་བའི་ཕན་འབྲས་ཐོན་དུ་འཇུག་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཐད་ཡུན་རིང་རྩིས་ཐོ་དང་སྤྱི་ཡོངས་རྩིས་ཐོ། ཕྱོགས་བསྡུས་རྩིས་ཐོ་བཅས་བཀོད་ནས་མང་ཚོགས་སྔར་བས་མང་པོར“སྐྱེ་ཁམས་ཟ་མ”ཟ་རུ་འཇུག་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་ནས་ཐོན་ལས་ཀྱི་དགེ་མཚན་གསར་པ་སྐྱེད་སྲིང་དང་སྣེ་འདྲེན་གསར་པ་འཕར་དུ་བཅུག་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མང་ཚོགས་སྔར་བས་མང་པོར་ཕན་ཐོགས་སུ་འཇུག་དགོས། དམངས་འཚོ་ལེགས་བསྒྱུར་གྱི་ཐད་ནས་སྤྲོ་བ་ཆེན་པོས་དོན་དངོས་དོན་བཟང་བསྒྲུབས་ནས། རིགས་སོ་སོའི་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་སྔར་བས་འཛོམས་པོ་དང་སྔར་བས་འགན་སྲུང་། སྔར་བས་རྒྱུན་མཐུད་ཆོག་པ་བྱེད་དགོས།
མཚོ་སྔོན་ནི་མི་རིགས་མང་པོའི་འདུས་སྡོད་ཁུལ་དང་རིག་གནས་མང་པོ་མཉམ་འདྲེས་ཁུལ་ཡིན་པས། མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མང་ཚོགས་ཀྱི་སྲོག་རྩ་ཡིན། མཚོ་བོད་ལྕགས་ལམ་སྙིང་སྟོབས་རྒྱུན་འཛིན་བྱེད་ན། “ཚད་མཐའ་ལ་འགྲན་སློང་དང་སྤོབས་པས་རྩེ་གྲ་བསྐྲུན་པ”ཡི་སྙིང་སྟོབས་ཀྱི་མཚོན་རྟགས་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་པའི་ཡུན་རིང་གི་སྒུལ་ནུས་སུ་བསྒྱུར་བ་དང་། མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་ལ་བསྟུད་མར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་སྤྱི་སྐད་དང་ཡི་གེ་ཁྱབ་གདལ་དུ་གཏོང་བ་དང་།“ལྕེ་རྩེའི་འཐེན་ཐུག”དང“མཛུབ་རྩེའི་མཚོ་སྔོན་གཙགས་དྲུབ།”“སེ་འབྲུའི་གཞིས་ཁྱིམ”སོགས་ཀྱི་བརྗེ་རེས་ཀྱི་མིང་བྱང་བསྟུད་མར་བསྐྲུན་ནས། མི་རིགས་སོ་སོའི་ཆེས་ཆེ་བའི་སེམས་མཐུན་ཨ་ལོང་རྒྱུན་ཆད་མེད་པར་ལེགས་པོར་འབྲི་བ་དང་ཆེས་དྲག་པོའི་སེམས་ཀྱི་སྒྲིལ་ཤུགས་རྒྱུན་ཆད་མེད་པར་བསྒྲིལ་དགོས། མཚོ་བོད་ལྕགས་ལམ་སྙིང་སྟོབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་བྱེད་པ་དང་། མཐོང་ཐུབ་ལ་ཚོར་ཐུབ་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་པའི་དྲིལ་སྒྲོག་སློབ་གསོ་ཕན་ལྡན་སྒོས་སྤེལ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ནས་གསར་སྐྲུན་བྱས་པའི“མཚོ་སྔོན་ཉམས་མྱོང”སྲ་བརྟན་དང་མཐོར་འདེགས་གཏོང་དགོས། “ཀྲུང་ཧྭའི་ཆུ་ལྕོག”སྲུང་བའི་སྐྱེ་ཁམས་རིག་གནས་དང་ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་རྩད་ཞིབ་ཀྱི་ལོ་རྒྱུས་རིག་གནས། མི་རིགས་ཀྱི་སྒལ་ཚིགས་དྲང་མོར་སྲིང་བའི་གསར་བརྗེ་རིག་གནས། སྙིང་སྟོབས་ཀྱི་གཞིས་ཁྱིམ་མཉམ་སྐྲུན་བྱེད་པའི་མི་རིགས་རིག་གནས། དུས་རབས་ཀྱི་སྙིང་སྟོབས་མཚོན་པའི་མཐོ་སྒང་རིག་གནས་བཅས་སྐྱེད་སྲིང་དང་དར་སྤེལ་གཏོང་བ་དང་། མི་རིགས་སོ་སོའི་མི་སེམས་གཅིག་ཏུ་བསྒྲིལ་ཞིང་བསམ་པ་ཕན་ཚུན་ལ་བརྟེན་པར་སྐུལ་འདེད་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་སྔར་བས་རྣམ་པར་བཞད་དུ་འཇུག་དགོས།
དུས་རབས་གསར་པས་སྙིང་སྟོབས་ཀྱི་སྟོབས་ཤུགས་བསླངས། འཐབ་ལམ་གསར་པར་སྔར་བས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་མཁོ།
མཚོ་བོད་ལྕགས་ལམ་སྙིང་སྟོབས་ཀྱིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་གྲུབ་འབྲས་ཆེན་པོ་ཡང་དང་བསྐྱར་དུ་ལེན་པར་སྐུལ་སློང་བྱས་ཏེ། ང་ཚོར་འཕེལ་རྒྱས་གསར་སྐྲུན་དང་མཐུན་སྒྲིལ་འབད་བརྩོན་བྱེད་པའི་འདོད་བློ་དྲག་པོ་དང་ཡིད་ཆེས་བརྟན་པོ་བསྩལ། ད་ལྟ་ང་ཚོས་མཚོ་བོད་ལྕགས་ལམ་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཁྲོད་གོ་སྐབས་དམ་འཛིན་དང་ཁག་འགན་རང་ཁུར་བྱས་ཏེ། མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས་མཉམ་འདྲེས་བསྟུད་མར་གཏིང་ཟབ་ཏུ་གཏོང་བ་དང་། འདུན་མའི་དད་སེམས་ལ་བརྟེན་ནས་གཅིག་མཐུན་གྱི་ལྟ་བ་འབྱུང་བ་དང་བརྩེ་བའི་རིག་གནས་ལ་བརྟེན་ནས་ངོས་ཟིན་ཇེ་མཐོར་གཏོང་བ། མི་རིགས་སོ་སོའི་མང་ཚོགས་སེ་འབྲུའི་ཚི་གུ་བཞིན་དམ་པོར་འབྲེལ་བར་སྐུལ་འདེད་གཏོང་བ། ཕན་ཚུན་རོགས་རམ་བྱེད་པའི་ཁྲོད་མཉམ་དུ་དར་རྒྱས་གོང་འཕེལ་འབྱུང་བ་མངོན་འགྱུར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་རླབས་ཆེན་གྱི་འཆར་འགོད་དེ་མཉམ་དུ་མཛེས་སྡུག་གི་དོན་དངོས་སུ་བསྒྱུར་བ་བཅས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་རིས་ལྗོངས་གསར་པ་འབྲི་དགོས། །