​ཚྭའི་ཐོན་ལས་དང་འབྲེལ་བའི་ལོ་ངོ་བཅུའི་གཏམ་རྒྱུད།

ཁུངས། ཀློག་གྲངས།

ཀྲང་ཁྲུན་ཡུང་དང་ཁོའི་སློབ་མས་ཚོད་ལྟ་བྱེད་བཞིན་པ། 

ཚྭ་ཞིང་གི་ལས་གཉེར་གྲུ་གཟིངས་ཀྱིས་འགན་སྲུང་བྱ་བ་སྒྲུབ་བཞིན་པ། 

ཀྲུང་གོའི་ཚྭ་མཚོ་ཁྲ་འར་ཧན་ཐོན་ཁུལ་གྱིས་ཚན་རྩལ་གསར་གཏོད་ཚོད་ལྟ་བྱེད་བཞིན་པ། 

 ཁྲ་འར་ཧན་ཚྭ་མཚོའི་ཡངས་ཤིང་རྒྱ་ཆེ་བའི་ཚྭ་ཞིང་། 

ཚྭ་འདམ་གཞོང་ལ་མཚོན་ན་དབྱར་དུས་ནི་ཆེས་བྲེལ་ཟིང་ཆེ་བའི་དུས་ཚིགས་ཤིག་ཡིན། ཀྲུང་གོའི་ཚྭ་མཚོའི་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཁྲ་འར་ཧན་ཐོན་ཁུལ་དུ། ཚྭ་མཚོའི་ངོས་སུ་ཉི་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། རྒྱལ་ཐོན་གྲུ་གཟིངས་རེ་རེས་མཚོ་ངོས་སུ་ལས་གཉེར་ལ་བྲེལ་བཞིན་ཡོད།  གྲུ་གཟིངས་ཨང་རྟགས་བཅུ་པའི་གྲུ་དཔོན་ཧི་ལེན་ཧྥུའུ་ཡི་གདོང་ལ་འཛུམ་གྱིས་ཁེངས་བཞིན་སྙོམས་སྒྲིག་ཁང་གི་གློག་ཀླད་ངོས་ཀྱི་གཞི་གྲངས་སོ་སོར་ཅེ་རེར་བལྟས་འདུག

ཧི་ལེན་ཧྥུའུ་ཡིས་གསར་འགོད་པར་བཤད་རྒྱུར། དེ་རིང་གི་གཏེར་འདོན་གར་ཚད་དམིགས་ཚད་ཁྱབ་ཁོངས་སུ་གཏན་འཇགས་བྱས་ཡོད་པས། ཚང་མར་རྒྱུས་ལོན་ཞིབ་མོ་བྱེད་ཐུབ། གལ་ཏེ་གློག་རྡུལ་སྒྲིག་ཆས་དཀོན་པའི་དུས་རབས་ཤིག་ཡིན་ཚེ། རྒྱུས་ལོན་ཚད་འདི་འདྲ་ཞིག་ལ་སླེབས་མི་སྲིད་དེ། ཚྭ་འདོན་གྲུ་གཟིངས་ཀྱིས་ཉམས་མྱོང་ལ་བརྟེན་ནས། མིག་གིས་བལྟ་ཞོར་དང་རྣ་བས་ཉན་ཞོར་ཆུའི་གཏིང་ཟབ་ཚད་དང་ཚྭ་རིམ་སྲབ་མཐུག་ཚང་མར་རྒྱུས་ལོན་བྱེད་དགོས་ལ། མཚོ་འགྲམ་དུ་སླེབས་ན་ད་གཟོད་གྲུ་གཟིངས་གནས་གང་ལ་ཐོན་པ་དང་དངོས་རྫས་ཅི་ཞིག་སྔོག་འདོན་བྱས་ཡོད་པ་ཤེས་ཐུབ།

ཧི་ལེན་ཧྥུའུ་ནི་ཉམས་མྱོང་ཅན་གྱི་གྲུ་དཔོན་ཞིག་ཡིན་ཏེ། 2003ལོར། ཚྭ་འདོན་གྱི་ལས་ལ་ཞུགས་པ་ནས་བཟུང་ལོ་ངོ་ཉེར་གསུམ་ལྷག་ལ་རྒྱུན་འཁྱོངས་བྱས། 5Gཡིས་སྟོབས་ནུས་བསྩལ་བ་དང་བསྟུན་ནས། ཧི་ལེན་ཧྥུའུ་ཡིས་འཁོར་ཁང་དུ་སྤྱིའི་བཀོད་འདོམས་ཁང་ནས་བཏོན་པའི་གཏེར་འདོན་བླང་བྱར་རྒྱུས་ལོན་བྱེད་ཐུབ། ཁོས་བྱང་ཆ་ཡོད་པའི་སྒོས་ཚོད་འཛིན་གློག་ཀླད་ཀྱི་ཙིག་རྟགས་ཆིག་རྡེབ་ཅིག་བྱས་ནས་གར་ཚད25%±5སྙོམས་སྒྲིག་བྱེད་དགོས་པ་དང་། གཏུབ་གཅོད་ཆས་ལི་སྨི་ཉི་ཤུ་མར་གནོན་དགོས་པའི་བརྡ་འཕྲིན་བསྐུར། སྤྱི་ལེ་འགའི་མཚམས་སུ། སྤྱིའི་བཀོད་འདོམས་ཁང་གིས་འཆར་ངོས་ཆེ་བའི་ངོས་ཀྱི་ཁྲ་འར་ཧན་ཚྭ་མཚོའི་ཚྭ་འདོན་གྲུ་གཟིངས་སུམ་ཅུའི་གཞི་གྲངས་མཉམ་དུ་འགྱུར་ལྡོག་འབྱུང་བཞིན་པ་མཐོང་ཐུབ་ལ། ཚང་མར་བརྡ་འབྱོར་རྗེས་མཉམ་དུ་ཚྭ་འདོན་ལས་ཀ་གཉེར་བཞིན་ཡོད།

2016ལོའི་ཟླ8པའི་ཚེས22ཉིན། ཧི་ལེན་ཧྥུའུ་ཡིས་མཚོ་དཀྱིལ་དུ་ལས་ཀ་གཉེར་ཞོར་རྒྱང་ལྟ་ཞིག་བྱས་པ་ན། ཟམ་ཆེན་དམར་པོའི་སྟེང་ཕེབས་ཀྱིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཐོང་།

ཧི་ལེན་ཧྥུའུ་ཡིས་སྐབས་དེར་ངོ་མ་སེམས་འགུལ་ཐེབས་ཞིག་ཡིན་ཏེ། ལོ་ངོ་བཅུ་ཕྲག་ལྷག་ལ་ཚྭ་མཚོ་རུ་ལས་ཀ་གཉེར་བ་ལས་ཆེས་བརྗེད་དུ་མེད་པ་ནི་ཉིན་དེའི་ཞོགས་པ་དེ་ཡིན་ཞེས་འདས་སོང་ལ་ཕྱིར་དྲན་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནི་ཐོན་ཁུངས་བེད་སྤྱོད་ལས་ཆོད་མཐོ་རུ་གཏོང་བའི་དགོས་ངེས་ཀྱི་ལམ་བུ་ཡིན་པས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་ཆགས་དགོས་ལ། ཁུལ་ཁོངས་ནང་ཁུལ་གྱི་འབྲེལ་ཡོད་ཐོན་ལས་བརྒྱུད་རིམ་དང་ལག་རྩལ། བཟོ་རྩལ་གསར་གཏོད་བཅས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ཟད་གྲོན་དམའ་ལ་ཕྱིར་གཏོང་ཉུང་བ་དང་། ཕན་འབྲས་མཐོ་བ་བཅས་ལ་འབད་ནས། ཚྭ་མཚོའི་ཐོན་ཁུངས་རྩ་ཆེན་འདིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཧི་ལེན་ཧྥུའུ་ཡིས་སྐབས་དེར་ངས་རིག་ནུས་ནི་རང་དང་གཏན་ནས་འབྲེལ་བ་མེད་པ་ཞིག་ཏུ་འདོད་མྱོང་ཟེར། ལོ་ངོ་བཅུའི་རྗེས་སུ། ཁོང་གིས5Gརིག་སྦྲེལ་འཁོར་ཁང་དུ་ཙིག་རྟགས་ཆིག་རྡེབ་ཀྱིས་ཚྭ་ཞིང་ཡོངས་སྔོག་འདོན་གྱི་བྱ་བར་བཀོད་འདོམས་བྱེད་བཞིན་ཡོད་ལ། རིག་ནུས་དུས་རབས་ཀྱི་ཐོན་ལས་འགྱུར་ལྡོག་དངོས་སུ་ཚོར་ཐུབ་པ་བྱུང་།

ཚྭ་འདོན་གྲུ་གཟིངས་ལས་བཏོན་པའི་ཚྭ་རྡོ་དེ་ཚྭ་འདྲེན་སྦུ་གུ་བརྒྱུད་ནས་ཅཱ་ལུད་ཐོན་སྐྱེད་འཁོར་ཁང་དུ་སྐྱེལ་བ་དང་། དེ་ནི་ཧྲི་ཁྲོན་ཅང་གི་ལས་ཀ་གཉེར་ས་ཡིན། ཁོ་ནི་མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་ཅཱ་ལུད་ཡན་ལག་ཀུང་ཟིའི་ཐོན་སྐྱེད་དོ་དམ་པུའུ་ཡི་པུའུ་ཀྲང་ཡིན་ལ། མི་རབས་གཉིས་པའི་ཚྭ་འདོན་པ་ཞིག་ཀྱང་ཡིན། ཁོའི་ཨ་ཕས་མི་ཚེ་གང་བོར་ཆེས་སྤྱིར་བཏང་གི་སྔོག་འདོན་བྱེད་ཐབས་སྤྱད་པ་དང་། ནམ་རྒྱུན་ས་ཁང་དུ་བསྡད་ཡོད་སྟབས། ཁོ་རང་བྱིས་པའི་དུས་སུ་ཁང་པའི་ནང་དུ་ལས་ཀ་འབྲི་སྐབས། སྒེའུ་ཁུང་ཕྱི་རོལ་དུ་ཚྭ་རྡུལ་གྱིས་ཡོངས་སུ་ཁེངས་ནས་ཡོད།

2016ལོའི་ཟླ8པའི་ཚེས22ཉིན། ཧྲི་ཁྲོན་ཅང་གིས་ཀྱང་ཁེ་ལས་སུ་བྱ་བ་གཉེར་བཞིན་ཡོད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚྭ་མཚོའི་ཐོན་ལས་ཐད་མཛུབ་སྟོན་ཅི་ཞིག་གནང་ཡོད་པའི་གནས་ཚུལ་གོ་ཐུབ་པར་སྒུག་ནས་བསྡད།  ལས་ཁུངས་ཀྱི་འགོ་ཁྲིད་ཀྱིས་ཉིན་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚྭ་མཚོའི་ཐོན་ལས་ནི་མཚོ་སྔོན་གྱི་ཆེས་ཆེ་བའི་ཐོན་ཁུངས་དང་པོ་ཡིན་ལ། རྒྱལ་ཡོངས་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་ཡིན་པས། ངེས་པར་དུ་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་བྱེད་དགོས་ཞེས་གསུངས་ཡོད་པའི་མཛུབ་སྟོན་བརྒྱུད་སྒྲོག་བྱས་པ་ན། ཧྲི་ཁྲོན་ཅང་གིས་མངགས་བཅོལ་འདི་ཡིད་ལ་དམ་པོར་བཟུང་།

ཧྲི་ཁྲོན་ཅང་གིས་བཤད་རྒྱུར། ལོ་ངོ་བཅུའི་རྗེས་ཀྱི་དེ་རིང་། ཁོས་གསར་འགོད་པ་དག་ཁྲིད་ནས་ཅཱ་ལུད་འཁོར་ཁང་དུ་སོང་བ་ན། འཁོར་ཁང་དུ་དཀར་བོང་བོང་གི་ཁིལ་འགྱུར་ཅཱ་དེ་བདར་ཆགས་ཆས་ནས་འཕྱུར་ཡོང་བ་མ་གཏོགས་ལས་བཟོ་པའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་ལ། བརྒྱུད་སྐྱེལ་དང་ཐུམ་རྒྱག་གི་ལས་རིམ་བརྒྱུད་རྗེས་སུ་ཚོང་ར་བཀྲམ་བཞིན་ཡོད། ཚོད་འཛིན་ཁང་གི་འཆར་ངོས་སུ། དཀར་རྡོ་དེ་ཁིལ་འགྱུར་ཅཱར་བསྒྱུར་བའི་ལས་རིམ་རེ་རེའི་དྲོད་ཚད་དང་གནོན་ཤུགས། གར་ཚད། བཞུར་ཚད་བཅས་ཚང་མ་གསལ་བོར་མཐོང་ཐུབ་ཕྱིར། ལོ་ངོ་བཅུ་ཕྲག་གི་རིང་ལ་ངས་འཕྲུལ་ཆས་ཅན་ནས་གཞི་གྲངས་ཅན་གྱི་འཕོ་འགྱུར་བརྒྱུད་ཡོད་ཅེས་ཟེར།

ལོ་ངོ་བཅུ་ཕྲག་ལྷག་གི་རིང་། ཁོ་ཡོད་སའི་ཚྭ་མཚོའི་ཅཱ་ལུད་སྡེ་ཁག་གིས་ཁྱོན་བསྡོམས་ཁིལ་འགྱུར་ཅཱ་ཐོན་སྐྱེད་བྱེད་ཚད་ཐོན་བྱེ་བ་ལྔ་ལས་བརྒལ་ཞིང་། ཐོན་ཁུངས་ཕྱོགས་བསྡུས་ཕྱིར་སྡུད་ཚད་མངོན་གསལ་གྱིས་མཐོར་འདེགས་ཕྱིན་ཡོད། ཁོས་དེ་ལས་ཀྱང་གཟི་བརྗིད་དུ་རློམ་ཆོག་པ་ནི་མཐོང་མི་ཐུབ་པའི་འཁོར་སྐྱོད་མུ་ཕྲེང་ཡིན་པ་སྟེ། ཅཱ་གཞི་རྒྱུ་བླངས་རྗེས་སུ་སྦུག་ལམ་བརྒྱུད་ནས་མཚོ་སྔོན་ཚྭ་མཚོའི་ལན་ཁི་ལིས་ལས་རིགས་མ་རྐང་ཚད་ཡོད་ཀུང་ཟིའི་འཁོར་ཁང་དུ་བཞུར་བ་དང་། དེ་ནས་ལིས་བླངས་རྗེས་སུ་ཕྱིར་ཚྭ་ཞིང་དུ་དྲངས་ཏེ་གོ་རིམ་རྗེས་མར་ཉིང་བསྡུས་བྱེད་བཞིན་ཡོད།

ཧྲི་ཁྲོན་ཅང་གིས་ཆེས་དོ་སྣང་བྱེད་ས་ནི་འབྲུ་རྡོག་གཅིག་དང་ཅཱ་ལུད་བར་གྱི་འབྲེལ་བ་ཡིན་ཏེ། ཁོས་ཅཱ་ལུད་ནི་འབྲུ་རིགས་བདེ་འཇགས་ཀྱི་འགག་རྩ་ཡིན་ཟེར། ལོ་རེའི་དཔྱིད་འདེབས་དུས་སུ། ཅཱ་ལུད་འདྲུད་པའི་རླངས་འཁོར་རེ་རེ་ཁྲ་འར་ཧན་ནས་ལམ་ལ་ཆས་ཏེ། སྤྱི་ལེ་སྟོང་ཕྲག་ལྷག་བརྒལ་རྗེས། བྱང་ཤར་དང་ཧྲན་ཏུང་། ཧི་ནན། ཞིན་ཅང་སོགས་རང་རྒྱལ་གྱི་འབྲུ་རིགས་ཐོན་ཁུལ་གཙོ་བོར་སྐྱེལ་བཞིན་ཡོད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་ཅཱ་ལུད་ཐོན་ཚད་ལོ་རེའི་ཏུན་ས་ཡ་ལྔ་ཡིན་ལ། དེས་རྒྱལ་ནང་ཁྲོམ་རའི་བརྒྱ་ཆའི་བདུན་ཅུ་ཟིན་ཡོད།

སྐྱེ་ཁམས་འཐབ་ཕྱོགས་ནི་ཆེས་གལ་ཆེན་ནང་གི་འགངས་ཆེན་ཡིན་ཏེ། ཁྲ་འར་ཧན་ཚྭ་མཚོ་ཐོན་སྐྱེད་ཁུལ་ནི་གྲང་ངར་ཆེ་ཞིང་མཚོ་འཕགས་མཐོ་བ་དང་། བཟོ་ལས་གནས་ཚུལ་རྙོག་འཛིང་ཆེ་བའི་ཁུལ་ཞིག་ཡིན་པས། བདེ་འཇགས་ཁོར་སྲུང་ནི་དཀའ་གནད་གཙོ་བོ་ཡིན། ཧྲི་ཁྲོན་ཅང་དང་ཚོགས་པ་ཡོངས་ཀྱིས་ཁིལ་འགྱུར་ཅཱ་ཡི་དུ་བ་གཙང་སྒྱུར་བྱེད་པའི་དཀའ་གནད་སེལ་ནས། མཐོ་སྒང་གི་གྲང་ངར་ཆེ་བའི་ས་ཁུལ་དུ་དམིགས་ཚད་བཞིན་ཕྱིར་འབུད་བྱེད་པ་ནས་ཚད་གཞི་མཐོ་བའི་གཙང་སྒྱུར་ལ་རིམ་སྤོར་བྱས།

དེ་ལས་ཁིལ་འགྱུར་ཅཱ་ཡི་མཇུག་རླངས་རིག་ནུས་དཔེ་དབྱིབས་ཅན་གྱི་རྣམ་པ་གསར་བའི་རྡུལ་དཀྲུག་སྒྲིག་ཆས་ཐོན་ལས་ཅན་དུ་བསྒྱུར་ཏེ་ཐོན་ལས་ལས་རིམ་མང་པོར་བརྟན་བརླིང་ངང་འཁོར་རྒྱུག་བྱས། བཟོ་སྐྲུན་ཨང་གཉིས་པའི་ཁོར་ཡུག་གཙང་སྒྱུར་གྱི་ཆེད་དོན་འགུལ་སྐྱོད་དུ་ཁྱོན་བསྡོམས་འཁོར་རྒྱུག་དང་མཐོང་རུང་རྣམ་གྲངས་ཉིས་བརྒྱ་ལྷག་དང་ཁོར་ཡུག་གཙང་སྒྱུར་ལས་གཞི་བརྒྱ་དང་དོན་གཅིག་ལེགས་འགྲུབ་བྱུང་།

ཧྲི་ཁྲོན་ཅང་གིས་བཤད་རྒྱུར། ཚྭ་མཚོའི་གནམ་གྱིས་གནང་བའི་ཟས་ཕོར་ཡིན་ཕྱིར། གསར་སྤེལ་ལ་བརྟེན་ནས་རང་གི་ཟས་ཕོར་གཅོག་མི་རུང་ཟེར།

འཁོར་སྐྱོར་མུ་ཕྲེང་འདིའི་ལས་རིམ་རྗེས་མ་ནི་ཚྭ་མཚོ་ལས་ལིས་ལེན་པའི་ཐོན་ལས་མུ་ཕྲེང་ཡིན།

མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་ལན་ཁི་ལིས་ལས་རིགས་ལག་རྩལ་ལྟེ་གནས་ཀྱི་ཀྲང་ཁྲིན་ཡུང་གིས་ཚྭ་མཚོ་མ་རྐང་ཚད་ཡོད་ཀུང་ཟིར་ལས་ཀ་གཉེར་ནས་ལོ་ངོ་བཅུ་དགུ་འགོར་ཡོད། 2016ལོའི་ཟླ8པའི་ཚེས22ཉིན། ཁོས་ཚོད་ལྟ་ཁང་དུ་འཇིབ་འབྱར་རྫས་སྐོར་གྱི་ཚོད་ལྟའི་ལས་ཀ་གཉེར་བཞིན་པའི་སྒང་ཡིན། 

“སྐབས་དེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚྭ་མཚོའི་ཐོན་ཁུངས་ནི་མཚོ་སྔོན་གྱི་ཐོན་ཁུངས་ཆེ་གྲས་གཅིག་ཡིན་ཞེས་གསུངས་པ་དང་། དྲང་མོར་བཤད་ན་སྐབས་དེར་རྒྱུས་ལོན་བྱས་པ་བཟང་རྒྱུ་མེད།”2020ལོའི་རྗེས་སུ། ནུས་ཁུངས་གསར་པའི་ནུས་གསོག་ཐོན་ལས་དར་བ་དང་བསྟུན་ནས། ཐན་སྐྱུར་ལིས་རྡོ་སྣུམ་དཀར་པོར་གྱུར་བས་ཁོས་ད་གཟོད་དེའི་ཁྲོད་ཀྱི་འཐབ་ཇུས་ཀྱི་གཟིགས་རྒྱང་རིང་བ་ཤེས།

ཚྭ་མཚེའུ་མི་རབས་ནས་མི་རབས་བར་གཅིག་རྗེས་གཉིས་མཐུད་ངང་འགག་སྒྲོལ་བྱས་པས། མཚོ་སྔོན་ཚྭ་མཚེའུ་ལིས་སྔོག་པའི་ལག་རྩལ་དེ་གོ་ལ་ཧྲིལ་པོའི་སྔོན་ཐོན་ཆུ་ཚད་དུ་བརྟན་པོའི་ངང་སླེབས་ཡོད། 2025ལོར། ཀྲུང་གོའི་ཚྭ་མཚེའུ་ཡིས་ཀྲུང་གོའི་གཏེར་ལྔ་ཐོན་ལས་མུ་ཕྲེང་བ་ཡོངས་གཞི་གཅིག་ཅན་དུ་འགྱུར་བའི་དགེ་མཚན་ལ་བརྟེན་ནས། ལན་ཁི་ལིས་ལས་རིགས་ཀྱི་ལོ་རེར་ལི་ཚྭ་ཏུན་ཁྲི4བསྟུད་མར་སྤོ་འགུལ་རྔུབ་འབྱར་དང་། རྒྱལ་ཐོན་འགྱིག་ཤོག་བཀོལ་སྤྱོད་སོགས་ཀྱི་ལག་རྩལ་བསྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་པའི་རྨང་གཞིའི་སྟེང་། དབྱི་ལི་ཕིན་ཐོན་ཁུལ་དུ་འཛམ་གླིང་ཡོངས་ཀྱི་དེ་སྔའི་ཚྭ་སྦྱངས་ལིས་སྔོག་པའི་རྣམ་གྲངས་ཐོག་མ་འཛུགས་སྐྲུན་བྱས་ནས་ཐོན་སྐྱེད་བྱེད་འགོ་བརྩམས་པ་དང་། ཁྲ་འར་ཧན་ཐོན་ཁུལ་དུ་སྔ་རྗེས་སུ་ལོ་རེར་རྨང་གཞིའི་ལིས་ཚྭ་གཞི་གཅིག་ཅན་དུ་འགྱུར་བའི་རྣམ་གྲངས་ཏུན་ཁྲི4དང་། ལོ་རེར་སྤུས་ཚད་མཐོ་བའི་ཐཱན་སྐྱུར་ལིས་རྣམ་གྲངས་ཏུན་ཁྲི2ཐོན་སྐྱེད་བྱེད་འགོ་བརྩམས་ཤིང་། ཟླ9ཡི་སྔོན་ལ་ཏུན་ཆིག་འབུམ་ཆིག་ཁྲི་ལྔ་སྟོང་གི་སྤྱིའི་ཐོན་ནུས་མངོན་འགྱུར་བྱུང་བ་དང་། ལག་རྩལ་ཆུ་ཚད་དང་ཐོན་སྐྱེད་གཞི་ཁྱོན་ཚང་མ་འཛམ་གླིང་གི་སྔོན་ཐོན་དུ་སླེབས་ཡོད།

སྐབས་དེར། ཀྲང་ཁྲིན་ཡུང་གིས་ལན་ཁི་ལིས་ལས་རིགས་ཚོད་ལྟ་ཁང་དུ་དགེ་ཕྲུག་མཱ་ཁྲིན་ལུང་གིས་ཐོན་རྫས་གསར་གཏོད་བྱེད་པར་ཁྲིད་སྟོན་བྱེད་བཞིན་འདུག

མཱ་ཁྲིན་ལུང་གིས་ཚོད་ལྟའི་སྟེགས་བུའི་སྟེང་གི་མ་དཔེ་ཐོན་རྫས་ལ་གྱེར་ནས། སྐད་དམའ་མོས“དགེ་རྒན། ད་རེས་དངོས་བཤེར་འདི་ལེགས་འགྲུབ་བྱུང་ཚེ། ཕྱོགས་གང་ལ་བེད་སྤྱོད་བྱེད་ཐུབ”ཅེས་དྲི་བ་དྲིས། ཀྲང་ཁྲིན་ཡུང་གིས“ཕྱོགས་གང་ལའང་བེད་སྤྱོད་བྱས་ཆོག ཁ་པར་དང་གློག་སྒུལ་རླངས་འཁོར།  ནུས་གསོག་གློག་འདོན་ས་ཚིགས། རྗེས་ཕྱོགས་དེ་ལས་ཀྱང་མང་བོ་ཡོད་ངེས”ཞེས་ལན་བཏབ། ཁོའི་དམིགས་ཡུལ་ནི་ཚྭ་མཚོའི་ལིས་ཐོན་རྫས་ཀྱི་རིགས་སྣ་ལ་ཐོད་བརྒལ་བྱས་ཏེ། ཚྭ་མཚོའི་ལིས་དེ་བས་མང་བའི་ཐོན་རྫས་སྟེང་བེད་སྤྱོད་བྱེད་རྒྱུ་དེ་རེད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་རྫོགས་ཡོད། མཚོ་སྔོན་གྱིས་ལོ་ཧྲིལ་བོར་ཅཱ་ལུད་ཏུན་ས་ཡ་བདུན་དང་འབུམ་ལྔ་ཁྲི་བདུན་སྟོང་ལྔ་དང་། ཐཱན་སྐྱུར་ལིས་ཏུན་འབུམ་གཅིག་ཁྲི་དྲུག་དགུ་སྟོང་ཐོན་སྐྱེད་བྱས་ཡོད། ཀྲུང་གོའི་ཚྭ་མཚོ་ལ་ཆེད་ཁེ་རྣམ་གྲངས་སྟོང་གཅིག་གོ་གསུམ་ཡོད་ལ། དེ་ནི་གོ་ལ་ཧྲིལ་བོའི་ཁིལ་འགྱུར་ཅཱ་ལས་སྣོན་ལག་རྩལ་ཆ་ཚང་ལྡན་པའི་ཁེ་ལས་ཉག་གཅིག་ཡིན་པ་དང་། འཛམ་གླིང་སྔོན་ཐོན་གྱི་ཚྭ་མཚོ་ལིས་ལེན་པའི་གཞི་ཁྱོན་ཅན་གྱི་ལག་རྩལ་ལྡན། “ལོ་ལྔའི་འཆར་འགོད་བཅོ་ལྔ་བར”གདོང་གཏད་དེ། མཚོ་སྔོན་གྱིས“འཛམ་གླིང་རིམ་པའི”དམིགས་འབེན་ལ་གཞིགས་ནས། 2030ལོའི་བར་དུ་ཐོན་ལས་མུ་ཕྲེང་ཧྲིལ་བོའི་ཐོན་སྐྱེད་རིན་ཐང་སྒོར་ཁྲག་ཁྲིག་ལས་བརྒལ་བར་བྱེད་རྒྱུ་རེད།

ཉི་མ་ནུབ་རིར་ཡལ་རྗེས། བཟོ་ཁང་སོ་སོ་ནས་ལས་ཚོགས་གྲོལ་བའི་མི་རྣམས་རླངས་འཁོར་གྱི་ཕྱོགས་སུ་བསྐྱོད་བཞིན་འདུག  མི་ཚོགས་འདིའི་ཁྲོད། སུ་ཞིག་དཔའ་རྒོད་ཡིན་ཞེས་བརྗོད་དུ་མེད་མོད། འོན་ཀྱང་ལོ་ངོ་བཅུའི་རིང་། ཚྭ་ཆུའི་ཐིགས་པ་གཅིག་གི་ལས་དབང་གིས། འདི་ལྟར་ཆེས་སྤྱིར་བཏང་གི་མི་ཚོགས་འདིའི་ལས་དབང་ལ་འགྱུར་བ་བཏང་།

ལོ་ངོ་བཅུའི་རིང་། ཚྭ་ཆུ་ཐིགས་པ་གཅིག་ལས་དྲིས་ལན་རྙེད་ཅིང་། ཚྭ་མཚོའི་མི་ཡིས་མཚོ་ཁའི་བྱེ་ཐང་འདི་རུ་མཚར་སྡུག་གི་ལེའུ་རྩོམ་བཞིན་ཡོད།

ལྷ་མོ་འཚོ་དང་ཤ་བོ་རིན་མཚོ། ཁོན་ཐར་དབང་རྒྱལ་བཅས་ཀྱིས་བསྒྱུར།