རྨ་ཆུའི་ཁུག་སོ་རུ་སྐྱིད་པའི་དཔལ་ལ་རོལ་བའི་བདེ་སྐྱིད་སྡེ་བ།

ཁུངས། ཀློག་གྲངས།

མཚོ་སྔོན་གྱི་རྨ་ཆུའི་ཁུག་སོ་རེ་རེར་སྐྱིད་པའི་འཚོ་བའི་གསང་གྲངས་སྦས་ཡོད་པས། རྨ་ཆུའི་འགྲམ་རྒྱུད་དུ་འཚོ་གཞེས་གནང་བའི་མང་ཚོགས་རྣམས་ཀྱི་འཚོ་བ་སྦྲང་རྩི་བཞིན་དུ་མངར་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྣང་ར་ཞང་བདེ་སྐྱིད་སྡེ་བ་ཡང་དེའི་གྲས་ཀྱི་གཅིག་རེད།

སྔོན་ཆད་རི་བོ་མཐོ་ལ་གྲོག་རོང་ཟབ་པ་དང་། གྲང་ངར་ཆེ་ལ་ས་རྒྱུ་ཞན་པའི་སྡེ་བ་དེས་གནམ་ལ་རེ་ནས་ཟ་མ་ཟ་དགོས་པས། ས་གནས་མང་ཚོགས་ཀྱི་འཚོ་བར་དཀའ་ཁག་ཧ་ཅང་ཆེ། 2017ལོར། གཅན་ཚ་རྫོང་གི་ཞང་དང་གྲོང་རྡལ7གྱི་སྲིད་འཛིན་སྡེ་བ30ཡི་ཁྱིམ་ཚང251དང་སྡེ་མི946གིས་རང་འགུལ་གྱིས་རྨ་ཆུའི་འགྲམ་གྱི་བདེ་སྐྱིད་སྡེ་བར་གནས་སྤོར་རྒྱུའི་མིང་ཐོ་བཀོད་པ་དང་། དུས་དེ་ནས་བཟུང་སྐྱིད་པའི་འཚོ་བ་ནི་རྨ་ཀླུང་སྒེག་མོའི་རྒྱུན་བཞིན་ཆད་པ་མེད།

ཡུལ་དེ་རུ་རྨ་ཆུ་སྔོན་མོ་བྲག་དམར་པོ་བསྐོར་ནས་དལ་གྱིས་བཞུར་གྱིན་ཡོད་ལ། རི་ཆུ་གཉིས་ཀ་ཡུག་གཅིག་ཏུ་འདྲེས་པའི་རྣམ་པ་དེ་ནི་རི་མོ་བ་ཞིག་གི་པིར་རྩེ་ལས་ཐོན་པའི་སྣུམ་ཚོན་རི་མོ་ཞིག་དང་འདྲ་བར་ཡུལ་སྐོར་པ་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་བཞིན་ཡོད།། སྔོན་ཆད་ཀྱི་གནས་སྤོ་སྡེ་བ་དེ་ད་ལྟ་རང་ཞིང་གི་མིང་དུ་གྲགས་པའི་ཡུལ་སྐོར་གནས་མཆོག་ཏུ་གྱུར་ཞིང་། རྨ་ཆུའི་སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས་དྭངས་མོ་ཆུ་ནི་གསེར་དང་འདྲ་ཞེས་པའི་སྐད་ཆ་དེ་ལ་འགྲེལ་བཤད་བྱེད་བཞིན་ཡོད། ད་ལོའི“ལྔ་གཅིག”གུང་གསེང་གི་སྐབས་སུ། སྡེ་བ་ཆུང་ཆུང་དེས་ཉིན་གཅིག་ལ་ཡུལ་སྐོར་པ་ཁྲི4སྣེ་ལེན་བྱས།

ཡུལ་སྐོར་པ་རྣམས་ཆུ་ཀླུང་སྒེག་མོ་བསམས་ནས་ཐོན་ཞིང་། དེ་དག་གིས་དགོད་པའི་སྒྲ་དང་གཡང་གི་རུ་མ་ཡུལ་དེ་རུ་བསྐྱུར་བས། སྔོ་ལྗང་གི་རི་ཆུ་དེ་གསེར་རི་དངུལ་རིར་གྱུར་ཡོད། ད་ལྟ་བདེ་སྐྱིད་སྡེ་བའི་མི280ལྷག་ལྗོངས་ཁུལ་དུ་ལས་ཀར་ཞུགས་ཡོད་ལ། མི་སེམས་ལ་དྲོད་ཁོལ་སྦྱིན་པའི་ཞིང་པའི་སྤྲོ་སྐྱིད་ཁང་རེ་རེ་ཡིས་སྐྱིད་པའི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད།

ཉིན་ཞིག་གི་སྔ་དྲོར། གནས་དེའི་སྤྲོ་སྐྱིད་ཁང་གི་སྦྱིན་བདག་རྟ་བྷ་ཡིས་ཁོམ་གསེང་ཅུང་ཙམ་ཡོད་པའི་སྐབས་དང་བསྟུན་ནས། མྱུར་དུ་མཛེས་བཟོ་ཀུང་སི་ཞིག་ལ་འབྲེལ་གཏུག་བྱས་ཏེ། ངས་སྤྲོ་སྐྱིད་ཁང་གི་ཉིས་ཐོག་གི་ཤིང་ཚིལ་ཐོག་ཁེབས་དེ་ཚ་སེལ་པང་ལེབ་ཏུ་བརྗེ་འདོད། ཉིན་འདི་འགར་ཡུལ་སྐོར་པ་ཅུང་ཉུང་བའི་སྐབས་དང་བསྟུན་ནས་མྱུར་དུ་མ་བརྗེ་ན། ཉིན་འགའི་རྗེས་སུ་ཉིས་ཐོག་ཏུ་མི་བསྡད་ན་ཚ་གདུག་གིས་བཟོད་དཀའ་རྒྱུ་རེད།

ད་ལོ་ལོ48ལ་སོན་པའི་རྟ་བྷ་ནི་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་ཀླུ་རྒྱལ་སྡེ་བའི་མི་ཡིན་ལ། སྡེ་བ་དེ་ས་རྒྱུ་ཞན་པའི་རི་སྒང་ཞིག་ཏུ་ཡོད་པས། རྨོ་ཞིང་མུའུ་འགའ་བོས་ཁྱིམ་མི་གང་པོའི་ལྟོ་རྒྱབ་ཁེབས་པ་ཙམ་རེད། ལག་རྩལ་གཞན་པ་གང་ཡང་མེད་པའི་རྟ་བྷ་ཨར་ལས་ཡུལ་དངོས་སུ་སོང་ནས་ཞོར་ལས་མི་གཉེར་ཐབས་མེད་བྱུང་བ་དང་། དེའི་ཁར་སྡེ་བ་ནི་རྫོང་མཁར་དང་ཐག་ཧ་ཅང་རིང་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བས། འཚོ་བ་ངན་ངོན་ཙམ་རོལ་རྒྱུ་ལས་འོས་མེད་པར་གྱུར།

2017ལོར། གནས་ཚུལ་དེ་ཡོངས་སུ་འགྱུར། རྟ་བྷ་དང་བཅས་པའི་སྡེ་བའི་ནང་གི་ཁྱིམ་ཚང8ཀྱིས་ཡུལ་གཞན་གནས་སྤོའི་སྲིད་ཇུས་དང་དུ་བླངས་ནས། རྫོང་མཁར་དང་བར་ཐག་སྤྱི་ལེ9ལས་མེད་པའི་སྣང་ར་ཞང་བདེ་སྐྱིད་སྡེ་བར་གནས་སྤར།

“རང་ཉིད་ཀྱིས་སྒོར་ཁྲི་གཅིག་སྤྲད་ན། སྨི་གྲུ་བཞི་མ་བརྒྱད་ཅུ་ཅན་གྱི་ཁང་གསར་ཞིག་ཏུ་བསྡད་ཆོག་ལ། དེའི་ཁར་གྲོང་ཁྱེར་གྱི་སྡོད་ཁང་དང་མི་འདྲ་བར། ར་སྐོར་ཡོད་པར་མ་ཟད་ཕྱི་རའང་བསྐོར་ཡོད།” ཡུལ་གཞན་གནས་སྤོའི་སྲིད་ཇུས་བསྒྲགས་མ་ཐག་པའི་སྐབས་དེར། མི་མང་པོ་ཞིག་ཐེ་ཚོམ་གྱི་རྒྱ་རུ་ཚུད་ཡོད་མོད། འོན་ཀྱང་རྟ་བྷས“ཤིང་སྡོང་པོའི་རྩ་བ་བརྟན་ན་བཟང་། ཕོ་རྒོད་པོས་རྒྱལ་ཁམས་འགྲིམས་ན་བཟང་ཞེས་པའི་བཤད་སྲོལ་ཞིག་ཡོད་པས། ང་རང་གནས་སྤར་རྒྱུར་འཐད་པ་ཡིན། ད་ལྟའི་འཚོ་བ་ཚད་འདི་ལ་ལྷུང་ཡོད་པས། གནས་སྤར་ནའང་འདིའི་སྡུག་ཅིག་ཡིན་ག་ལ་སྲིད”ཅེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མིང་ཐོ་བཀོད།

2018ལོར། རྟ་བྷ་བཟའ་མི་གང་བོ་སྡོད་ཁང་གསར་པའི་ནང་གནས་སྤར། ཁོ་ཚང་སྡེ་བའི་ཐང་ཆེན་དང་ཐག་ཉེ་ལ། སྒོ་ཁ་ནས་གོམ་པ་འགའ་སོང་ན་རྨ་ཆུ་ཁར་ཐོན་པས་ཁོར་ཡུག་ཧ་ཅང་མཛེས།  རྟ་བྷས་ཐོག་མར་ཁྱིམ་ནང་དུ་ཚོང་ཁང་ཆུང་ཆུང་ཞིག་ཕྱེས། ལོ་དེར་རྫོང་གིས་བདེ་སྐྱིད་སྡེ་བ་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་ཁུལ་དུ་བསྐྲུན་རྒྱུ་ཐག་བཅད་པ་དང་། སྡེ་བའི་ནང་གི་སྤྲོ་སྐྱིད་ཁང་ཕྱེ་རྒྱུའི་འདོད་བློ་ཡོད་པའི་མང་ཚོགས་ལ་རང་གིས་སྒོར་ཁྲི2གྲབས་གསོག་བྱས་ན། སྲིད་གཞུང་གིས་སྒོར་ཁྲི4ཡིས་རྒྱབ་སྐྱོར་བྱེད་པའི་གནས་ཚུལ་བསྒྲགས། རྟ་བྷས་དེ་ལ་མྱུར་དུ་མིང་ཐོ་བཀོད་ཅིང་། ཁང་མིག་གྱན་གསུམ་ལས་པ་དང་། དེའི་ཁར་སྔར་ཡོད་ཀྱི་ཁང་མིག་གྱན་བཞི་བསྣན་ཏེ་སྤྲོ་སྐྱིད་ཁང་གི་སྒོ་ཕྱེས་པས། འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་སོང་།

“ངེད་ཚང་རྨ་ཆུ་དང་ཧ་ཅང་ཐག་ཉེ་བ་འདི་ནི་ལེགས་ཆ་ཞིག་ཡིན་པས། སྤྲོ་སྐྱིད་ཁང་ལེགས་པོར་གཉེར་དགོས”ཞེས་རྟ་བྷའི་སེམས་ལ་ཡིད་ཆེས་ཀྱིས་བརྟས་ཡོད། 2018ལོ་ནས་བཟུང་ལོ་རེའི་ཟླ4པའི་ཟླ་དཀྱིལ་ནས་ཟླ10པའི་ཟླ་དཀྱིལ་བར་རྟ་བྷས་སྤྲོ་སྐྱིད་ཁང་གཉེར་བཞིན་ཡོད་ལ། ཆུང་མས་རྒྱུན་ཟས་ཚོད་མ་འགའ་གཡོས་སྦྱོར་བྱས་ཤིང་ཁོས་འགྲུལ་པ་སྣེ་ལེན་བྱེད་ཀྱིན་ཡོད་པ་དང་། ཡུལ་སྐོར་དུས་གཞུང་དུ་ཉིན་རེར་སྒོར100རེ་བྱིན་ནས་སྡེ་བའི་ནང་གི་བུད་མེད་གཉིས་གླས་ཡོད།

ལོ་འདི་འགར་ཚོང་ཇེ་བྲིན་ནས་ཇེ་བྲིན་ཡིན་པས། རྟ་བྷས་སྔོན་ཆད་ཀྱི་ཁང་པ་ཞིག་གསོ་བྱས་ཏེ་འགྲུལ་བ་སྣེ་ལེན་བྱས་ཤིང་། སྤྲོ་སྐྱིད་ཁང་གི་ནང་དུ་ད་རུང་ཞག་སྡོད་བྱེད་ས་བཀོད་སྒྲིག་བྱས་ཡོད། ཡུལ་སྐོར་པ་ཉུང་བའི་སྐབས་སུ་སྒོ་ཁ་རུ་བསྲེག་ཟས་བཙོང་ཆོག་པས། “ན་ནིང་ཁོ་ནར་སྤྲོ་སྐྱིད་ཁང་ལ་བརྟེན་ནས་སྒོར་ཁྲི་གསུམ་ལྷག་བཙལ་ཐུབ་པ་བྱུང་ལ། ཟླ10པའི་ཟླ་དཀྱིལ་དུ་སྤྲོ་སྐྱིད་ཁང་གཉེར་མཚམས་བཞག་རྗེས། ངེད་བཟའ་ཟླ་གཉིས་ཀྱིས་མཐའ་འཁོར་དུ་ཞོར་ལས་གཉེར་བར་ཟླ་གཅིག་ལྷག་གི་རིང་ལ་སྒོར་ཁྲི་གཅིག་ལྷག་བཙལ་ཐུབ་སོང་།”

རྨ་ཆུའི་འགྲམ་དུ་གནས་སྤར་རྗེས། རྟ་བྷ་ཚང་གི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་སོང་། ད་ལོའི“ལྔ་གཅིག”གུང་གསེང་གི་སྐབས་སུ་ཡུལ་སྐོར་པ་སྤྲིན་གྱི་ཚོགས་བཞིན་འཁོར་བས། ཁོས་སེམས་ཀྱི་དགའ་བ་མ་མནོན་པར་བསྡད་ཡོད། རྨ་ཀླུང་སྔོན་མོ་འདི་ལ་སྲུང་སྐྱོབ་ལེགས་པོ་བྱས་ཏེ་ཧུར་ཐག་འབད་འཐབ་བྱས་ན། སྐྱིད་པའི་འཚོ་བ་རྨ་ཆུའི་ཆུ་རྒྱུན་བཞིན་དུ་འཛད་པ་མེད།

བདེ་སྐྱིད་སྡེ་བ་རུ་རྟ་བྷ་དང་འདྲ་བར།   གནས་སྤར་ཏེ་འཚོ་བ་ཇེ་ལེགས་སུ་སོང་བའི་སྡེ་མི་མང་པོ་ཡོད་དེ།  དབང་བྷ་བཟའ་ཟླ་གཉིས་ཀྱིས་ཀྱང་རང་ས་གནས་སུ་ཚོང་ཁང་ཞིག་ཕྱེ་ནས་འབབ་འཕར་ཕྱུག་འགྱུར་ལ་བརྩོན་བཞིན་ཡོད།    ཞོར་ཟས་དང་བཏུང་ཆུ་སོགས་བཟའ་བཏུང་གི་རིགས་མང་པོ་བསྒྲིགས་ཡོད་པའི་ཚོང་ཁང་དེ་ནི་ཁོ་བཟའ་ཟླ་གཉིས་ཀྱིས་གཉེར་བའི་བདེ་སྐྱིད་ཕྱོགས་བསྡུས་ཚོང་ཁང་རེད། སྨི་གྲུ་བཞི་མ48ལས་མེད་པའི་ཤིང་ཁང་ཆུང་ཆུང་དེ་ནི་སྡེ་བའི་ཐུན་མོང་གི་རྒྱུ་ནོར་ཡིན་ལ། 2024ལོར་དབང་བྷས་ཤིང་ཁང་དེ་གླས་ཤིང་། ལོ་རེའི་གླ་ཡོན་སྒོར་ཁྲི1རེད།

“2018ལོར་ང་ཚོས་ཐང་ཚོང་བྱས་པ་དང་། ཆེས་ཐོག་མར་ཞོར་ཟས་དང་བཏུང་ཆུ་སོགས་བཙོང་བ་ཡིན། བྱེ་ཐང་ཕྱི་རོལ་དུ་སྒོ་འབྱེད་རྗེས་ཡུལ་སྐོར་པ་མང་པོ་ཡོང་བས། ཞོར་དུ་བྱེ་ཐང་གི་རྩེད་ཆས་བཙོང་བ་ཡིན”ཞེས་དབང་བྷས་དེ་ལྟར་བཤད། ཤིང་ཁང་ཆུང་ཆུང་དེ་མ་གླས་པའི་སྔོན་ལ། སྤྱིལ་བུ་ཞིག་བཟོས་པ་དང་དེའི་ནང་དུ་སྒྲོམ་སྟེགས་སྟབས་བདེ་ཞིག་དང་བཏུང་ཆུ་འཇོག་སའི་འཁྱག་སྒམ་ཞིག་ལས་ཅི་ཡང་མེད།

2017ལོའི་སྔོན་ལ། དབང་བྷའི་སེམས་ལ་རང་ཉིད་ཀྱི་འཚོ་བ་ནི་ཞིང་ས་མུའུ་འགའ་བོ་དེ་འདེབས་ཞོར། ནོར་ལུག་འགའ་གསོས་ནས་བུ་ཕྲུག་རྣམས་སློབ་གྲྭར་བསྐྱལ་ཐུབ་པ་བྱུང་ན་རབ་ཡིན་ལ། དེ་ལས་ལྡོག་པའི་འགྱུར་བ་ཆེན་པོ་ཡོད་མི་སྲིད་པར་སྙམ། ཡིན་ཡང2017ལོར་རྨ་ཆུའི་འགྲམ་གྱི་བདེ་སྐྱིད་སྡེ་བར་གནས་སྤར་ནས་ཡོང་རྗེས། འཚོ་བའི་བཞུད་ལམ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་རེད།

“སྤར་མ་ཐག་པའི་སྐབས་སུ་འཚོ་བ་འདི་ལ་ཅུང་ཟད་མི་ལོབས་པས། ཅི་ཞིག་ལས་དགོས་པའང་མི་ཤེས་པར་གྱུར། ཡུལ་སྐོར་པ་མང་པོ་ཡོད་པ་མཐོང་བས་ཆུང་མ་དང་མཉམ་དུ་ཐང་ཚོང་བཤམས་འགོ་བརྩམས་པ་ཡིན”ཡུལ་སྐོར་པ་མང་བའི་དུས་ཡུན་ཟླ6ལས་མེད་ནའང་སྒོར་ཁྲི3ནས4བཙལ་ཐུབ་པས། ངེད་ཚང་གི་སྔོན་ཆད་ཀྱི་འཚོ་བ་དང་བསྡུར་ན་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཟེར།

སིལ་འཚོང་ལས་རིགས་ལ་རྒྱུས་མངའ་གང་ཡང་མེད་པའི་བཟའ་ཟླ་གཉིས་ཀྱིས་དེ་ལྟར་ཚོང་ལས་གཉེར་འགོ་བརྩམས། ད་ལྟ་ཁོ་བཟའ་ཟླ་གཉིས་ཀྱིས་རྒྱ་སྐད་སྦྱང་ཞོར་ཡུལ་སྐོར་པའི་དགའ་བསུ་ཐོབ་པའི་ཟས་རིགས་དང་བཏུང་ཆུ་གང་དག་ཡིན་པར་ལྟ་རྟོག་བྱེད་པ་སོགས་ཚོང་ལས་ཤེས་བྱར་སློབ་སྦྱོང་བྱེད་ཀྱིན་འདུག ཁོ་ཚང་གི་ཉེ་འགྲམ་དུ་ཇ་ཁང་ཕྱེ་ཡོད་པའི་ཚེ་རིང་སྒྲོལ་མའི་མིག་མདངས་སུའང་ཡིད་ཆེས་ཀྱིས་ཁེངས་ཡོད། 2017ལོར། ཚེ་རིང་སྒྲོལ་མ་ཕ་མ་གཉིས་དང་མཉམ་དུ་རྨ་ཆུའི་འགྲམ་དུ་ཡོང་ནས་བདེ་སྐྱིད་སྡེ་བར་གཞིས་ཆགས། དེ་ནི་མོས་ཐོག་དང་པོར་ཐག་ཉེ་ས་ནས་རྨ་ཆུ་མཐོང་བ་རེད། “སྐབས་དེར་གནས་འདི་ནས་ཡུལ་སྐོར་ལྗོངས་ཁུལ་ཞིག་བསྐྲུན་རྒྱུ་དང་། བྱེ་ཐང་ཡག་པོ་ཡོད་སྲིད་པ་གཞན་གྱི་ངག་ནས་ཐོས་མྱོང་།”

2020ལོར། གཞན་གྱི་ངག་ནས་ཐོས་པའི་ཡུལ་སྐོར་མཛེས་ལྗོངས་དེ་ད་ལྟ་བསྐྲུན་ཚར་ཡོད་ལ། བྱེ་ཐང་དང་བྱེ་ཐང་རྐུབ་སྟེགས་སོགས་ཀྱང་རྨ་ཆུ་འགྲམ་རྒྱུད་དུ་མངོན་བྱུང་། དེ་བས་ཚེ་རིང་སྒྲོལ་མས་སློབ་གྲྭ་ནས“ང་ཚོའི་སྡེ་བར་བྱེ་ཐང་ཞིག་ཡོད”ཅེས་ངོམ་མྱོང་ལ། དེ་དང་བསྟུན་ནས“ཚོང་ཁང་ཆུང་ཆུང་ཞིག་གཉེར་ཐུབ་ན་ཅི་མ་རུང”སྙམ་པའི་བསམ་བློ་ཞིག་ཀྱང་འགོག་མེད་དུ་སྐྱེས།

ད་ལོ་ལོ22ལ་བུད་པའི་ཚེ་རིང་སྒྲོལ་མ་ཚྭ་འདམ་གཞོང་ལས་རིགས་ལག་རྩལ་སློབ་གྲྭ་ནས་མཐར་ཕྱིན་རྗེས་ལས་ཞུགས་གནོན་ཤུགས་ཀྱིས་མོར་ཕམ་ཁ་མི་ཉུང་བ་སྦྱིན་མྱོང་།

“ཕྱིར་སྡེ་བར་ཤོག་ལ། ཉམས་མྱོང་གསོག་འཇོག་བྱོས”ཞེས་པའི་བདེ་སྐྱིད་སྡེ་བའི་ཧྲུའུ་ཅི་དང་པོ་ཆན་ཝེ་ཡི་ཁ་པར་དེས་མོའི་སེམས་ཀྱི་གནོན་ཤུགས་ཡོངས་སུ་སེལ། སྡེ་བའི་བྱེ་ཁུལ་ཡོངས་རྫོགས་ཕྱོགས་གསུམ་པས་ཚོང་གཉེར་བྱེད་ཀྱིན་ཡོད་པས། ཁོ་ཚོས་ཇ་ཁང་དེ་ས་གནས་ཀྱི་མི་ཞིག་གིས་གཉེར་བར་རེ་ལྟོས་བྱེད་ཀྱིན་ཡོད།

དེ་བས་ཚེ་རིང་སྒྲོལ་མས་བྱེ་ཐང་དུ་ཇ་ཁང་ཞིག་གཉེར། “ཟླ4པར་ད་གཟོད་གཉེར་འགོ་བརྩམས་པ་ཡིན་ལ། ཆེས་བྲིན་པའི་སྐབས་སུ་ཉིན་གཅིག་གི་ཡོང་འབབ་སྒོར་སྟོང1ལ་སླེབས་ཐུབ”ཅེས་ཚེ་རིང་སྒྲོལ་མས་དེ་ལྟར་བཤད་པ་དང་། ཟླ1གི་དུས་ཡུན་ཧ་ཅང་ཐུང་མོད། འོན་ཀྱང་ད་ལྟ་ངས་ཞབས་ཞུ་སྒྲུབ་སྟངས་ཤེས་ཡོད་པར་མ་ཟད། མི་ཚོགས་མི་འདྲ་བར་ཇ་སྣ་མི་འདྲ་བ་འོས་སྦྱོར་བྱེད་སྟངས་ལ་སློབ་སྦྱོང་བྱེད་ཀྱིན་ཡོད་ཅེས་བཤད།

“སྔོན་ཆད་རྨ་ཆུའི་འགྲམ་དུ་ཚོང་ཁང་ཞིག་གཉེར་འདོད་པ་ལ་ད་ལྟ་དངོས་སུ་གཉེར་ཐུབ་པ་བྱུང་།”ཞེས་ཚེ་རིང་སྒྲོལ་མའི་གདོང་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།

བདེ་སྐྱིད་སྡེ་བར་ཡོང་བའི་ཡུལ་སྐོར་པ་མང་པོ་ཞིག་བྱེ་ཐང་གི་འདྲ་པར་ལེན་ས་འདི་རུ་ཡོང་ནས་འདྲ་པར་ལེན་བཞིན་འདུག གནས་དེ་རུ་རྨ་ཆུའི་བཞུར་རྒྱུན་དང་བྱེ་ཐང་གི་ཉལ་ཁྲི། བྱིས་པའི་རོལ་རྩེད་སྒྲིག་ཆས་སོགས་ཅི་མཁོ་དེ་འཛོམས་རེད། “འདི་ནི་ཡུལ་སྐོར་པ་ཆེས་མང་ས་ཡིན་པས། འཕྲོད་བསྟེན་དང་ཞབས་ཞུ། བདེ་འཇགས། ཞུ་གཏུག་ཐག་གཅོད་བྱེད་པ་སོགས་ནི་གལ་ཆེན་ནང་གི་འགངས་ཆེན་རེད”ཅེས་ཆན་ཝེ་ཡིས་དེ་ལྟར་བཤད་པ་དང་།  སྡེ་མི་རྡོ་རྗེ་དབང་ཕྱུག་གིས་བྱ་བ་དེ་དག་བསྒྲུབ་བཞིན་ཡོད།

སྔ་དྲོ་ཡུལ་སྐོར་པ་ཅུང་ཉུང་བས། རྡོ་རྗེ་དབང་ཕྱུག་གིས་བདེ་འཇགས་ཀྱི་རྐྱེན་ངན་རེ་རེ་བཞིན་ཚགས་བཤེར་བྱས། ལོ་ན་ཉི་ཤུ་ལ་སོན་མ་ཐག་པའི་གསར་བུ་དེ་ནི་སྐྱེ་གཟུགས་དྲང་ཞིང་རྐང་ལག་མྱུར་བ་དང་། ལུས་ཡོངས་ལ་སྟོབས་ཤུགས་ཀྱིས་ཁེངས་འདུག ཁོས་ལྷུང་ལྷུང་འབབ་པའི་རྨ་ཆུ་སྔོན་མོར་སྲུང་སྐྱོབ་བྱེད་ཞོར་བློ་གཅིག་སེམས་གཅིག་གིས་སྐྱིད་པའི་འཚོ་བར་རེ་སྙེག་བྱེད་ཀྱིན་འདུག

ཕྱི་དྲོ་ཡུལ་སྐོར་པ་ཇེ་མང་དུ་སོང་བས། རྡོ་རྗེ་དབང་ཕྱུག་ལ་བྲེལ་འཚུབ་ཆེ། དོ་དམ་གྱི་བྱ་བར་ཙག་ཙིག་ཆེ་བས། ཁོ་ལ་མཚོན་ན་དཀའ་ཁག་ཅུང་ཆེ་མོད། ཁོས་ཡུལ་སྐོར་པའི་དྲི་བ་རེ་རེར་ངང་རྒྱུད་རིང་མོས་ལན་འདེབས་ཀྱིན་ཡོད། “ལྗོངས་ཁུལ་འདི་ལ་རང་ཁྱིམ་ལྟར་གཅེས་སྐྱོང་བྱེད་པ་དང་། བྱ་བ་ཙག་ཙིག་རེ་རེ་བཞིན་ལེགས་པོར་སྒྲུབ་བཞིན་ཡོད་ལ། དེའི་དམིགས་ཡུལ་ནི་ཡུལ་སྐོར་པ་མང་པོ་ཡང་བསྐྱར་ཡོང་འདོད་ཀྱི་བསམ་པ་སྐྱེས་སུ་འཇུག་ཆེད་ཡིན”ཞེས་ཁོས་སེམས་ཁོང་དུ་ཉར་བའི་གནས་ལུགས་བབ་ཆགས་པ་ཞིག་བརྗོད་བྱུང་།

བདེ་སྐྱིད་སྡེ་བས་རྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་ཡུལ་ལྗོངས་ལ་བརྟེན་ནས། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་བཏང་ལ། སྔོ་ལྗང་གི་རི་ཆུ་དེ་གསེར་རི་དངུལ་རིར་བསྒྱུར་ཡོད། ཡུལ་སྐོར་པ་རྒྱུན་ཆད་མེད་པར་ཡོང་བ་དང་། ཡུལ་མི་རྣམས་རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་བྱས་པས། ཡུལ་སྐོར་གྱི་ཟས་ཕོར་ལས་སྐྱེ་ཁམས་ཀྱི་ཟ་མ་ཟ་བ་དངོས་གནས་མངོན་འགྱུར་བྱུང་། འཇགས་རྣམ་སྐྱེ་ཁམས་ཀྱི་རྒྱུ་ནོར་ལས་དཔལ་འབྱོར་གྱི་རིན་ཐང་མངོན་ལ། ཆེས་མངོན་སུམ་གྱི་ཁེ་ཕན་ནི་སྒོར་ཁུག་སྒོར་མོས་བཀང་ཞིང་འཚོ་བ་སྔར་ལས་སྐྱིད་པོ་རོལ་ཐུབ་སོང་བ་དེ་རེད།

མགོ་བོ་ཡར་བཀྱགས་ནས་རྨ་ཀླུང་སྔོན་མོ་ལྷུང་ལྷུང་འབབ་པའི་སྣང་ཚུལ་ལ་ལྟ་ཞོར། རྡོ་རྗེའི་དབང་ཕྱུག་གི་གདོང་ལ་འཛུམ་གྱིས་ཁེངས་ཤིང་། མིག་མདངས་ལས་ཡིད་ཆེས་ཀྱི་འོད་སྣང་འཚེར་བྱུང་། མ་འོངས་པའི་འཆར་གཞི་གླེང་སྐབས། ཁོས“ཉམས་མྱོང་ལེགས་པོ་གསོག་པ་དང་། ཡུལ་ལྗོངས་དོ་དམ་དང་ཚོང་གཉེར་གྱི་ཤེས་བྱ་སློབ་སྦྱོང་དཔྱིས་ཕྱིན་པ་བྱས་ཏེ། ཆ་རྐྱེན་འཛོམས་རྗེས་རང་ཉིད་ཀྱིས་ལས་གཏོད་བྱེད་རྒྱུ་ཡིན། ད་ལྟ་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་འོག རྨ་ཀླུང་སྔོན་མོའི་ཡུལ་ལྗོངས་ལེགས་པར་བསྲུང་ཞིང་། དེའི་ཁར་འབད་པ་ལྷོད་མེད་བྱས་ན་འཚོ་བ་སྐྱིད་པོ་རོལ་མི་ཐུབ་པ་ག་ལ་སྲིད། ངས་ཡིད་འོང་གི་རི་ཆུ་འདི་ལ་བརྟེན་ནས། རང་ཉིད་ལ་འཚོ་བ་སྐྱིད་པོ་ཞིག་བསྐྲུན་འདོད་ལ། སྡེ་བའི་ནང་གི་ན་གཞོན་རྣམས་གནས་འདི་རུ་འགུག་འདོད”ཅེས་བཤད།

རྨ་ཀླུང་སྔོན་མོའི་འགྲམ་དུ་གཞིས་ཆགས་ཡོད་པའི་བདེ་སྐྱིད་སྡེ་བའི་མི་རྣམས་ཀྱིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས། སྔོ་ལྗང་རི་ཆུ་ལེགས་པོར་བསྲུངས་ན་དེ་ནི་གསེར་རི་དངུལ་རི་ཡིན་པའི་གཏིང་ཟབ་ལ་བབ་ཆགས་པའི་གནས་ལུགས་དེ་བརྗོད་བཞིན་འདུག

རྩོམ་སྒྲིག་པ་ལྷ་མོ་ཚེ་རིང་།