གློག་སྒྲོན་ལ་གཟིམ་པ་མེད་པའི“ལྷ་ལམ”སྟེང་གི་སོ་ལྟ་ཁང་།

ཁུངས། ཀློག་གྲངས།

བདེ་འཇགས་ཤེས་བྱ་དྲིལ་སྒྲོག་བྱེད་བཞིན་པ། 

མཚོ་བོད་ལྕགས་ལམ་དུ་བྱ་འཕུར་བ་ལྟར་རྒྱུག་པའི་མེ་འཁོར་སྟེང་། ནམ་ཡང་ལས་གོས་སྔོ་ནག་གྱོན་པའི་མི་ཚོགས་ཤིག་གི་སྣང་བརྙན་མཐོང་ཐུབ། ཁོ་ཚོ་ནི“ལྷ་ལམ”སྟེང་གི་སྐོར་སྐྱོད་སྲུང་དམག་རེད།

ལོ་ངོ20ཡི་རིང་ལ། མེ་འཁོར་ཉེན་རྟོག་པས་རྒྱུན་མཐུད་བརྟན་སྲུང་བྱས་ཏེ། འཁོར་སྒམ་ལས་རྐང་དང་ལྕགས་ལམ་མངའ་ཁོངས་སུ་བྱས་ལ། བདེ་འཇགས་ཀྱི་འགོག་ར་བརྟན་པོར་བསྲུང་ཞིང་ཡུལ་སྐོར་བའི་སེམས་པ་དྲོད་ཀྱིས་གསོས་ཏེ། གངས་ལྗོངས་ཀྱི་དྲོད་ཁོལ་ཕྱོགས་བཞི་མཚམས་བརྒྱད་དུ་བསྐྱལ།

རང་འགན་ཅི་ལྕོགས་ཀྱིས་གཙང་སྒྲུབ་བྱས་པ།

མེ་འཁོར་གྱི་དུང་སྒྲ་རིང་མོ་ཞིག་གིས་མཐོ་སྒང་གི་ཞོགས་པའི་ལྷིང་འཇགས་ཡོངས་སུ་དཀྲོགས།

ཉེ་ལམ། བསྐྱར་དར་རྟགས་ཅན་གྱི་འགུལ་འཁོར་ཚན་ཆུང་གི་མེ་འཁོར་ཞིག་ཟི་ལིང་ས་ཚིགས་སུ་གཞན་ཡུལ་དུ་རྒྱུག་པར་གྲ་སྒྲིག་བྱེད་ཀྱིན་འདུག

མི་འགྱངས་པར།  མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཡོངས་རྫོགས་ཤར་གཏོང་བྱས་ཏེ་ལོ་ངོ20འགོར་བའི་དུས་ཡིན་པས། “འཛམ་གླིང་གི་ཡང་རྩེ”རུ་ཀྱག་ཀྱོག་ཏུ་འཁྱིལ་བའི་ངར་ལྕགས་ཀྱི་འཕར་རྩ་ཆེན་མོ་འདིས་རང་ཉིད་ཀྱི“འཁྲུངས་སྐར”བསུས།

འཁོར་སྟེགས་སྟེང་མི་ཚོགས་ཀྱི་འདུ་འཛི་རྒོད་ལ། བརྟན་པོར་བརྒྱབ་ཡོད་པའི་མེ་འཁོར་གྱི་སྒོ་ཆེན་རེ་རེ་དང་འདུར་རྒྱུག་ལ་བརྩོན་པའི་མེ་འཁོར་རེ་རེའི་རྒྱབ་ལོགས་སུ། ཁུ་སིམ་མེར་སྟོབས་ཤུགས་འབུལ་བཞིན་པའི་སོ་སྲུང་པ་སྐོར་ཞིག་ཡོད། ཁོ་ཚོའི“གཞུང་ལས་ཁང”ནམ་ཡང་འཕུར་རྒྱུག་བྱེད་ཀྱིན་པའི་མེ་འཁོར་གྱི་སྟེང་དུ་ཡོད་ལ། ཁོ་ཚོའི་ལས་རྐང་ལ་ཡུལ་སྐོར་པ་རྣམས་ཀྱིས་མཛའ་བརྩེ་ལྡན་པའི་ངང་ནས“གློག་སྒྲོན་ལ་གཟིམ་པ་མེད་པའི་སོ་ལྟ་ཁང”ཞེས་འབོད།

མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུས་ཟི་ལིང་སྤྱི་བདེ་ཁྲུའུ་མེ་འཁོར་ཉེན་རྟོག་རུ་ཁག་གི་མི་དམངས་ཉེན་རྟོག་པ་ཐའོ་ཧྥེང་ཧའེ་ནི་སོ་སྲུང་པའི་ཁྲོད་ཀྱི་ལས་བྱེད་མི་སྣ་ཞིག་རེད། ལོ་ངོ40ལྷག་གི་བྱ་བའི་བརྒྱུད་རིམ་གྱིས་ཁོའི་གདོང་ལ་རྒས་གཉེར་མང་པོ་དཔར་ཡོད་ནའང་མིག་མདངས་ལས་འཚེར་བའི་འོད་སྣང་དེ་སྔར་བཞིན་ཉམས་མེད།

1984ལོར། ཐའོ་ཧྥེང་ཧའེ་ཉེན་རྟོག་པའི་བྱ་བར་ཞུགས། མེ་འཁོར་ལྗང་ཁུ་ནས་བསྐྱར་དར་རྟགས་ཅན་གྱི་བར། ཁོ་ནི་ལོ་ངོ20ཡི་རིང་མཚོ་བོད་ལྕགས་ལམ་མགྱོགས་མྱུར་གྱིས་འཕེལ་རྒྱས་སོང་བ་དངོས་སུ་མཐོང་མཁན་ཡིན་ལ།“ལྷ་ལམ”སྟེང་འགུལ་སྐྱོད་བྱེད་པའི“ས་ཁྲ་གསོན་པོ”དེ་རེད། ལས་གྲོགས་རྣམས་ཀྱིས་བཤད་པ་ལྟར་ན། ཁོ་མེ་འཁོར་དུ་བསྡད་དེ་ལམ་ཐག་སྤྱི་ལེ་ཁྲི200ལྷག་རྒྱུག་པའི་རིང་ལ། སྒྲིག་འགལ་གྱི་བྱ་བ་གཅིག་ཀྱང་བསྒྲུབས་མྱོང་མེད་ལ་ནོར་འཛོལ་གཅིག་ཀྱང་བྱུང་མེད།

“བདེ་འཇགས་ཨང་དང་པོར་འཇོག་དགོས”ཞེས་པའི་སྐད་ཆ་དེ་ནི་ཐའོ་ཧྥེང་ཧའེ་ཡིས་རྒྱུན་དུ་བཤད་པའི་སྐད་ཆ་ཞིག་ཡིན་ལ། མར་སྒུར་ཐེངས་རེ་རེ་དང་སྐོར་ཞིབ་བྱེད་ཐེངས་རེ་རེའི་ནང་དུ་འདྲེས་ཡོད།

རྒྱུག་ཐེངས་རེ་རེར་སྐེད་པ་སྒུར་བ་དང་བཀུམ་ཙོག་བྱེད་པ་སོགས་ཀྱི་འགུལ་སྟངས་ཐེངས་བརྒྱ་ལ་ཉེ་བ་བསྐྱར་ཟློས་བྱེད་དགོས། ཨུ་ཚུགས་མཁྲེགས་འཛིན་གྱི་ཞིབ་ཚགས་དེ་ལ་བརྟེན་ནས་ཁོས་མི་མངོན་པའི་བདེ་འཇགས་རྐྱེན་ངན60ལྷག་རྙེད་དེ་སྔ་མོ་ནས་མེད་པར་བཟོས།

གལ་ཏེ་རྐྱེན་ངན་གྲལ་བཤེར་བྱེད་པ་ནི“འགོག་སྲུང”ཞིག་ཡིན་ན། གྱོད་དོན་རྩད་གཅོད་པ་ནི“ཕར་རྒོལ”ཞིག་ཅི་ལ་མིན། བྱ་ལྟར་འཕུར་བའི་མེ་འཁོར་གྱི་འཁོར་སྒམ་ནང་ནས་གྱོད་དོན་སྒྲུབ་པ་ནི་རྦ་རླབས་ཀྱི་སྟེང་དུ་ཞབས་བྲོ་འཁྲབ་པ་དང་ཀུན་ནས་མཚུངས། གྱོད་དོན300ལྷག་བསྒྲུབས་པ་དང་དོགས་ཡོད་ཉེས་ཅན100ལྷག་འཛིན་བཟུང་བྱས་པའི་གྲུབ་འབྲས་དེ་ནི། ཐའོ་ཧྥེང་ཧའེ་ཡིས“ལྷ་ལམ”ལ་སྤྲད་པའི་བདེ་འཇགས་ཀྱི་རྒྱུགས་ཤོག་ལྗིད་ཏིག་ཏིག་དེ་རེད།

ཕན་ཚུན་ལ་ཤ་ཚའི་རོགས་རམ་བྱས་པ།

ཐའོ་ཧྥེང་ཧའེ་ཡི་ཁ་པར་ནང་དུ་དམིགས་བསལ་གྱི“ཚོགས་པ”ཞིག་ཉར་ཚགས་བྱས་འདུག དེ་དག་ནི་ཁོས་རོགས་སྐྱོར་བྱས་མྱོང་བའི་ཡུལ་སྐོར་བ་རེད། ཁོ་ཚོ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་ཞིང་། ཡུལ་སྐོར་ཁྲོད་ཀྱི“གཏམ་རྒྱུད་ཐུང་ཐུང”ཞིག་གིས་ཁོ་ཚོའི་ལས་འབྲེལ་གྱི་སྐུད་པ་མཉམ་དུ་སྦྲེལ།

ཧྲེན་ཀྲེན་ནས་ཡིན་པའི་ཡུལ་སྐོར་པ་ཞིག་གིས་ད་ལྟ་ད་རུང་ཐའོ་ཧྥེང་ཧའེ་དང་སྐད་འཕྲིན་གྱི་ལམ་ནས་འབྲེལ་གཏུག་བྱེད་ཀྱིན་འདུག ཐེངས་ཤིག་ལ་ཡུལ་སྐོར་པ་དེས་མེ་འཁོར་བརྗེ་སྐབས། སྟབས་མ་ལེགས་པར་མཚོ་སྔོན་ནས་སེམས་ཞིབ་མོས་བདམས་པའི་ཡུལ་ཐོན་དངོས་རྫས་མེ་འཁོར་སྟེང་ནས་བརྗེད་སོང་བ་རེད། ཁོས་དེ་འདྲའི་རེ་བ་ཆེན་པོ་མ་བཅངས་པར་བཞག་པ་ལ། མ་བསམ་ས་ནས་ཕ་ཡུལ་དུ་འབྱོར་ཏེ་ཅང་མ་འགོར་བར། ཟི་ལིང་ནས་བསྐུར་ཡོང་བའི་ཁུག་མ་ཞིག་ལེགས་པར་འབྱོར་ཞིང་། ནང་གི་དངོས་པོ་གཅིག་ཀྱང་བོར་བརླག་བྱུང་མེད།

ཡུལ་སྐོར་པ་དེ་སེམས་འགུལ་ཆེན་པོ་ཐེབས་བཞིན། ཐེངས་མང་པོར་ལྷག་བསམ་རྣམ་དག་གིས་ཐའོ་ཧྥེང་ཧའེ་ཧྲེན་ཀྲེན་དུ་ཡོང་རྒྱུའི་རེ་བ་ཞུས་མོད། ཐེངས་རེ་རེར་ཁོས“གདན་ཞུ་ཞུས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ང་རང་མེ་འཁོར་རྒྱུག་དགོས་པས། ཁོམ་ལོང་མི་འདུག”ཅེས་བབ་ཆགས་པའི་སྐད་ཆ་དེས་ལན་བཏབ།

བོར་ཟིན་པའི་དངོས་པོ་ཕྱིར་རྙེད་པ་ལས་ཀྱང་གལ་ཆེ་བ་ཞིག་ནི། ཁྱིམ་ཚང་ཞིག་གི་རེ་བའི་མེ་དཔུང་སླར་གསོ་བྱེད་དགོས་པ་དེ་རེད།

དེ་ནི་ལོ་ངོ་དུ་མའི་སྔོན་གྱི་ཉིན་ཞིག་ལ་འབྱོར་བའི་བཀའ་བརྡ་བཙན་པོ་ཞིག་སྟེ། ཀན་སུའུ་ལིན་ཞ་ཡི་ཁྱིམ་བདག་ཝུའུ་ཝུན་ཕིང་གིས་ཉེན་རྟོག་པར་ཞུ་གཏུག་བྱས་ཏེ། ཁོའི་ནར་མ་སོན་པའི་བུ་མོ་ཁྱིམ་དང་ཁ་བྲལ་ཏེ་ཕྱི་རུ་སོང་བ་ལ། ཐའོ་ཧྥེང་ཧའེ་ཡོད་པའི་མེ་འཁོར་དེའི་སྟེང་དུ་ཡོད་པ་འདྲ་ཞེས་བཤད།

སྐབས་དེ་ནི་ནམ་གུང་ཡིན་ནའང་། ཐའོ་ཧྥེང་ཧའེ་ཡིས་འཁོར་སྒམ་རེ་རེའི་ནང་ནས་བཙལ་ཞིང་རྐུབ་སྟེགས་རེ་རེའི་སྟེང་དུ་བལྟས་པས། གློ་བུར་དུ་རྐུབ་སྟེགས་ཤིག་གི་སྟེང་གཉིད་དུ་ཡུར་བའི་བྱིས་པ་ཞིག་མཐོང་། ཁོས་བུ་མོ་ཆུང་ཆུང་དེ་གཉིད་ལས་བསླངས་རྗེས། སེམས་ཞིབ་མོས་ཁ་བརྡ་བྱེད་ཞོར་ཞིབ་ལྟ་བྱས་པས། བུ་མོ་དེ་ནི་ཝུའུ་ཝུན་ཕིང་གི་བུ་མོ་ཡིན་པ་ཤེས། བུ་མོ་དེས་གདོང་ལ་འཛུམ་གྱིས་ཁེངས་པའི་ཉེན་རྟོག་པ་མཐོང་བས། ཆེས་ཐོག་མར་མིག་མདངས་ལས་མངོན་པའི་དོགས་ཟོན་དེ་རིམ་གྱིས་སེམས་སྨྲེང་བའི་མིག་ཆུ་རུ་གྱུར།

མེ་འཁོར་ཟི་ལིང་དུ་ཐོན་རྗེས། ཐའོ་ཧྥེང་ཧའེ་ཡིས་བུ་མོ་དེ་བདེ་འཇགས་ངང་སྙིང་རླུང་སྟོད་ལ་འཚང་བའི་ཝུའུ་ཝུན་ཕིང་གི་ལག་ཏུ་སྤྲད་པར། ཝུའུ་ཝུན་ཕིང་ལ་སེམས་འགུལ་ཆེན་པོ་ཐེབས་ཏེ་ཁོ་ལ་ངེས་པར་བཀའ་དྲིན་མཚོན་པའི་ཟས་མགྲོན་ཞིག་བྱེད་དགོས་ཞེས་མདུན་དུ་འཐེན་པ་དང་།འགྲམ་དུ་ཡོད་པའི་ལས་གྲོགས་ཀྱིས་ཅི་ཡིན་མ་ཤེས་པར་ཐའོ་ཧྥེང་ཧའེ་དཀའ་ཁག་ཞིག་དང་འཕྲད་འདུག་བསམས་ནས་མྱུར་དུ་ཡོང་ནས་ཁོ་རང་སྐྱོབ་གྲབས་བྱས། གནས་ཚུལ་གསལ་པོར་ཤེས་རྗེས་ལས་གྲོགས་ཀྱིས་ཀྱང་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས།

དུས་དེ་ནས་བཟུང་། དུས་ཆེན་རེར་ཕན་ཚུན་ལ་འཚམས་འདྲི་བྱེད་རྒྱུ་ནི་ཐའོ་ཧྥེང་ཧའེ་དང་ཝུའུ་ཝུན་ཕིང་གཉིས་ཀྱི་གོམས་གཤིས་ཤིག་ཏུ་གྱུར། ལོ་གཉིས་ཀྱི་སྔོན་ལ། ཝུའུ་ཝུན་ཕིང་གིས་དགའ་སྤྲོའི་ངང་ཐའོ་ཧྥེང་ཧའེ་ལ་འཕྲིན་ཐུང་བསྐུར་ཏེ། “ཉེན་རྟོག་པ་ཐའོ་ལགས། བུ་མོས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་སོང་། ཁྱེད་ཀྱི་བཀའ་དྲིན་ང་ཚོས་ནམ་ཡང་བརྗེད་མི་སྲིད”ཅེས་བཤད། འཕྲིན་ཐུང་འབྱོར་བའི་སྐད་ཅིག་མ་དེར་ཐའོ་ཧྥེང་ཧའེ་ཡི་སེམས་སུ་རང་གིས་མྱངས་པའི་དཀའ་སྡུག་ཡོད་ཚད་ལ་དོན་སྙིང་ལྡན་པར་འདོད།

སྐོར་སྐྱོད་བྱེད་ཀྱིན་པའི་བདེ་འཇགས་འགོག་སྲུང་།

“ཡུལ་སྐོར་པ་རྣམ་པ། ཐེངས་འདིའི་མེ་འཁོར་ལ་འདུག་པར་དགའ་བསུ་ཞུ། འདི་ནི་ང་ཚོས‘བདེ་འཇགས་མེ་འཁོར་ཉེན་རྟོག་པའི་རུ་ཁག’གི་རྩ་གཉིས་ཨང་གྲངས་ཡིན། ཁྱེད་ཀྱིས་བཤེར་དང་དེའི་ནང་དུ་མགོ་སྐོར་ལ་རྒོལ་བའི་ཤེས་བྱ་དང་བདེ་འཇགས་དྲན་སྐུལ་ཡོད་ལ། དེས་མི་ཚད་ད་རུང་རོགས་སྐྱོར་རེ་ཞུ་ཞུས་ཆོག”

2025ལོའི་ཟླ7པར། མེ་འཁོར་ཉེན་རྟོག་རུ་ཁག་གིས“བདེ་འཇགས་མེ་འཁོར་ཉེན་རྟོག་པའི་རུ་ཁག”དང“མེ་འཁོར་སྟེང་གི་བདེ་འཇགས་ཤེས་བྱའི་རྩ་གཉིས་ཨང་གྲངས”ཞེས་པའི་ཐིག་གཉིས་སྲུང་སྐྱོང་བྱེད་ཐབས་གསར་གཏོད་ཀྱིས་བཏོན་ཏེ། སྐོར་སྐྱོད་ཀྱི་བདེ་འཇགས་སྲུང་ཡོལ་བསྐྲུན།

བཅར་འདྲིའི་ཁྲོད། མེ་འཁོར་ཉེན་རྟོག་རུ་ཁག་གི་རུ་གཙོ་གཞོན་པ་ཧོང་ཝེ་ཞོན་གྱིས་ཁ་པར་སྟེང་གི་གཞི་གྲངས་སྟོན་ཞོར་གསར་འགོད་པར་བཤད་རྒྱུར། “ཁྱེད་ཀྱིས་ལྟོས་དང་། ལོ་གཅིག་མ་འགོར་བའི་རིང་ལ་སྟེགས་བུའི་ཀློག་གྲངས་ཉིས་འབུམ་བདུན་ཁྲི་ལས་བརྒལ་ཡོད། གྲངས་ཀ་འདི་ཡུལ་སྐོར་བའི་བདེ་འཇགས་འདུ་ཤེས་ཀྱི་སྤུས་ཀར་གྱུར་ཡོད”ཅེས་བཤད།

སྟེགས་བུ་འདིའི་སྟེང་དུ་མགོ་སྐོར་ལ་རྒོལ་བའི་སློབ་ཁྲིད་དང་ཡུལ་སྐོར་བདེ་འཇགས་ཐད་ཀྱི་ཤེས་བྱ་ཡོད་པར་མ་ཟད། རབ་མཛེས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་དང་ཟས་མཆོག་ངོ་སྤྲོད་ཡོད་པས། བཅའ་ཁྲིམས་ཀྱི་མཁྲེགས་གཤིས་དང་ཞབས་ཞུའི་མཉེན་གཤིས་གཉིས་མཛུབ་རྩེའི་སྟེགས་བུ་འདིའི་སྟེང་དུ་མཉམ་འདྲེས་ལེགས་པོ་བྱས་ཡོད།

སྟེགས་བུས་དོན་དག་མ་བྱུང་གོང་དུ་སྔོན་འགོག་བྱེད་པ་དང་། དོན་དག་བྱུང་རྗེས་གྱོད་དོན་མྱུལ་ཞིབ་དང་ཐག་གཅོད་ལེགས་པོ་བྱེད་དགོས། མེ་འཁོར་ཉེན་རྟོག་པའི་རུ་ཁག་ཏུ་ད་རུང“རལ་གྲི”རྣོན་པོ་ཞིག་ཡོད་དེ། དེ་ནི་ཉེས་དོན་ཉེན་རྟོག་པའི་ཁྲིམས་བསྟར་གྱོད་སྒྲུབ་རུ་ཁག་རེད།

“དོན་ཆུང་ལ་སྣང་ཆུང་བྱེད་མི་རུང་བ་དང་། གྱོད་ཆུང་སླ་སྒྲུབ་བྱེད་མི་རུང”ཞེས་པ་དེ་ནི་རུ་གཙོ་གཞོན་པ་ལི་ཀོན་དབྱི་ཡིས་གྱོད་སྒྲུབ་རུ་ཁག་ལ་གཏན་འཁེལ་བྱས་པའི་སྒྲིག་ལམ་ནན་མོ་རེད།

“ཡུལ་སྐོར་བས་མེ་འཁོར་སྟེང་ནས་དངོས་པོ་བོར་བ་དང་རྩོད་གཞི་བྱུང་བ་ནི་ང་ཚོར་མཚོན་ན་རྒྱུན་མཐོང་ཡིན་མོད། འོན་ཀྱང་དོ་བདག་པར་མཚོན་ན་དོན་དག་ཆེན་པོ་ཡིན་ལ། ཡུལ་སྐོར་ལམ་ཐིག་སྟེང་གི་བྲེལ་དཀའ་ཁྲལ་སྒུག་གི་དོན་དག་རེད”ཅེས་ལི་ཀོན་དབྱི་ཡིས་དེ་ལྟར་བཤད།

འདུ་ཤེས་དེ་ལ་བརྟེན་ནས་གྱོད་སྒྲུབ་རུ་ཁག་གིས་རྐུ་ཆུང་ཆུང་བྱེད་པ་དང་རྩོད་གཞི་ཆུང་ཆུང་བྱུང་བ་སོགས་ཀྱི“གྱོད་དོན་ཆུང་ཆུང”རྣམས“མྱུར་ཞིབ་མྱུར་སྒྲུབ”བྱེད་པ་རྒྱུན་འཁྱོངས་བྱས་ནས། ཁྲིམས་འགལ་ཉེས་བསགས་པར་ཟིལ་ཤུགས་སྦྱིན་པས། གྱོད་དོན་བྱུང་ཚད་ཐད་ཀར་ཇེ་དམའ་རུ་སོང་།

ལོ་ངོ20ནི་སྐད་ཅིག་གིས་འདས་སོང་། ཁུ་ནུ་རི་བོ་དང་གདང་ལ་རི་བོ་སོགས་བརྒལ་ཏེ་འཕུར་རྒྱུག་བྱེད་ཀྱིན་པའི་མེ་འཁོར་དེས་མི་རྣམས་ཀྱིས་སྐྱིད་པའི་འཚོ་བར་བཅངས་པའི་རེ་འདུན་བསྣམས་ཡོད།

འཛམ་གླིང་ཡོངས་ཀྱིས་དོ་ཁུར་བྱེད་ཀྱིན་པའི“ལྷ་ལམ”འདིའི་སྟེང་། ཐའོ་ཧྥེང་ཧའེ་ལྟ་བུའི་མཐོ་སྒང་གི་ཉེན་རྟོག་པ་མང་པོ་ཞིག་གིས་མི་རབས་ནས་མི་རབས་སུ་རྒྱུན་མཐུད་དེ། རང་ཉིད་ཀྱི་མི་ཚེའི་འདུན་མ་འཕུར་རྒྱུག་བྱེད་ཀྱིན་པའི་མེ་འཁོར་སྟེང་བཅོལ་ཏེ། ཁོ་ཚོ་ནི་སོ་སོར“ནམ་ཡང་གཟིམ་པ་མེད་པའི་སོ་སྲུང་པ”རེ་རེར་གྱུར།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།