
___རྩེ་ཁོག་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་གནས་ཚུལ་རགས་བཀོད།

རྩེ་ཁོག་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས།
ཟླ5པའི་ཚེས28ཉིན་གྱི་ཞོགས་པར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དུ་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་འབབ་པ་དང་གྲང་ངར་ཅུང་རྒོད་ནའང་། དམངས་སེམས་ལ་དྲོད་ཁོལ་གྱི་མེ་ཕུང་སྦར་ཞིང་མི་སེམས་འགུལ་བའི་བྱེད་སྒོ་ཞིག་སྒྲུབ་བཞིན་པ་ནི། རྫོང་སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་རྩེ་གཞུང་སྨན་ལྗོངས་ཕྱུག་མོ། སྲིད་པ་གཏམ་གྱི་ཕ་སའི་གཏམ་དཔེ་མཐུན་ཚོགས་ཀྱི་ཚོགས་མི་སྐོར་ཞིག་གིས་ལག་ཏུ་དམངས་དོན་ཁྲིམས་གཞུང་གི་དཔེ་ཆ་རེ་བཟུང་སྟེ། ཡུལ་སྡེ་སོ་སོར་གཏམ་དཔེའི་ལམ་ནས་ཁྲིམས་ལུགས་དྲིལ་སྒྲོག་བྱེད་དུ་འགྲོ་བར་སྟ་གོན་བྱེད་ཀྱིན་འདུག
ལོ་འདི་འགའི་རིང་ལ། རྩེ་ཁོག་རྫོང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། འགལ་བ་དང་རྩོད་གཞི་སྣ་མང་འདུམ་སེལ་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ། འགལ་བ་དང་རྩོད་གཞི་སེལ་བར“སྒོ་གཅིག་ལས་འཛུལ་མི་དགོས་པ་དང་ས་གཅིག་ལས་འགྲོ་མི་དགོས་པར”སྐུལ་འདེད་གཏོང་ཆེད། རྩེ་ཁོག་རྫོང་སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཚད་ལྡན་ཅན་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་ད་ལྟ་དངོས་སུ་འཁོར་སྐྱོད་བྱེད་ཀྱིན་ཡོད། ཉིན་དེར་རྩེ་ཁོག་རྫོང་གཏམ་དཔེ་མཐུན་ཚོགས་ཀྱི་ཚོགས་མིའམ་བཅའ་ཁྲིམས་བར་འདུམ་པ་རོང་བོ་ཚེ་དཔལ་གཙོ་བྱས་པའི་གཏམ་དཔེ་སྒྱུ་རྩལ་པ་སྐོར་ཞིག་གིས2026ལོའི་ཟླ5པ་སྟེ། དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བའི་ནང་བོད་ཀྱི་གཏམ་དཔེའི་ལམ་ནས་བཅའ་ཁྲིམས་དྲིལ་སྒྲོག་བྱེད་པར་ཆས་ཀྱིན་ཡོད།
བཅའ་ཁྲིམས་དྲིལ་སྒྲོག་རུ་ཁག་གི་འགོ་གཙོའམ་ཁྲིམས་ལུགས་ཆེད་བསྐོས་བར་འདུམ་པ་མགོན་པོ་རྒྱལ་གྱིས་བཤད་རྒྱུར། རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནི་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་བར་གྱི་འགལ་བ་དང་རྩོད་གཞི་སེལ་བའི་སྟེགས་བུ་ཞིག་ཡིན་ལ། མང་ཚོགས་ཀྱི་སེམས་ཁྲལ་སེལ་བ་དང་དོན་དག་དངོས་སྒྲུབ་པའི་ལས་གནས་ཤིག་ཀྱང་ཡིན། རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་སྤྱི་བདེ་དང་ཁྲིམས་ཁང་། ཞིབ་དཔྱོད་ཁང་། ཁྲིམས་འཛིན། འཕྲིན་བཅར་སོགས་ལས་ཁུངས་མང་པོ་གཅིག་གྱུར་སྡེབ་སྒྲིག་བྱས་ཏེ། ཆ་འཕྲིན་ཞིབ་དཔྱད་དང་། འགལ་བ་སེལ་བ་སོགས་བྱེད་ནུས་གཞི་གཅིག་ཏུ་བསྡུས་ཏེ། ཕྱོགས་བསྡུས་རང་བཞིན་གྱི་སྟེགས་བུ་བརྒྱུད་ནས་ཐོན་ཁུངས་ཇེ་ལེགས་སུ་གཏོང་བ་དང་། ལམ་སྲོལ་གསར་གཏོད་བྱས་ནས་མང་ཚོགས་ཀྱི་འཕྲིན་དང་རྩོད་གཞི་གྱོད་དོན“ གཅིག་འཐུས་རྣམ་པའི”སྣེ་ལེན་བདག་སྤྲོད་བྱེད་པ། “གཅིག་གྱུར་རྣམ་པའི”འདུམ་འགྲིག་ཐག་གཅོད་པ། “བརྒྱུད་རིམ་ཧྲིལ་པོ་རྣམ་པའི”རྗེས་འདེད་ཞབས་ཞུ་བཅས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་འོས་འཚམ་སྒོས་ཐག་གཅོད་ཐུབ་པར་འགན་ལེན་བྱས་ཡོད་ཟེར།
ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འགན་འཛིན་པའམ་རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་དུང་འཁྱིལ་མཚོ་མོས་བཤད་རྒྱུར། ང་ཚོའི་ཕྱོགས་བསྡུས་བཅོས་སྐྱོང་གླིང་འདི་ན། འཕྲིན་བཅར་མང་ཚོགས་ཚང་མར་ཕྱོགས་བསྡུས་སྣེ་ལེན་བྱེད་པ་དང་། གྱོད་དོན་བདག་སྤྲོད་དང་རིགས་དབྱེ། ཁྲིད་སྟོན་བཅས་བྱེད་བཞིན་ཡོད་པར་མ་ཟད། དོ་བདག་བར་དུ་བྱུང་བའི་དོན་དག སྲིད་འཛིན་དོ་དམ་གྱི་བྱེད་སྒོ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། གན་རྒྱ་དང་འབྲེལ་བ་མེད་པའི་དམིགས་བསལ་གྱི་དམངས་དོན། དཔལ་འབྱོར་རྩོད་གཞི་སོགས་ཐག་གཅོད་བྱེད་པ། སྲིད་འཛིན་ཆད་གཅོད་དང་སྲིད་འཛིན་བཙན་ཤེད་བྱེད་ཐབས། སྲིད་འཛིན་ཆོག་འཐུས། སྲིད་འཛིན་གྱི་བྱ་བ་མི་སྒྲུབ་པའམ་འགན་མི་ལེན་པ་སོགས་སྲིད་འཛིན་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ། ཁྲིམས་ལུགས་བློ་འདྲི། ཁྲིམས་ལུགས་རོགས་སྐྱོར། ཁྲིམས་རྩོད་པ་དང་། བཅའ་ཁྲིམས་ཞབས་ཞུའི་ལས་དོན་པའི་ལས་གཉེར་རེ་ཞུ། བཅའ་ཁྲིམས་དང་འབྲེལ་བའི་དོན་དག་བློ་འདྲི་དང་དྲིས་ལན་འདེབས་པ། འགལ་བ་དང་རྩོད་གཞི་སྣ་ཚོགས་ཏེ་དཔེར་ན་སྨན་བཅོས་རྩོད་གཞི་དང་། ཁྱིམ་མཚེས་རྩོད་གླེང་། བཟའ་འཁོན། དཔལ་འབྱོར་རྩོད་གླེང་། ས་ཞིང་ནགས་རྩྭའི་རྩོད་གླེང་། བུད་མེད་དང་བྱིས་པའི་ཁེ་དབང་འགན་སྲུང་། ཁང་ས་སྡེ་ལས་ཀྱི་རྩོད་གཞི། ཚོང་ར་དང་ངལ་རྩོལ་ཁེ་དབང་འགན་སྲུང་སོགས་སྒྲིག་འཛུགས་དང་འདུམ་འགྲིག་ཐག་གཅོད་པ། མི་དམངས་འདུམ་འགྲིག་དང་། སྲིད་འཛིན་འདུམ་འགྲིག ཁྲིམས་འཛིན་འདུམ་འགྲིག་སོགས་ཕྱོགས་བསྡུས་ཞབས་ཞུ་འདོན་སྤྲོད་བྱས་ནས་གཅིག་འཐུས་རྣམ་པའི་འདུམ་སྒྲིག་ལག་བསྟར་བྱེད་པ། སྲིད་འཛིན་ས་ཁོངས་འདིའི་ནང་གི་མི་བཀོལ་ལས་ཁུངས་དང་ངལ་རྩོལ་པའི་བར་གྱི་ངལ་རྩོལ་རྩོད་གླེང་གྱོད་དོན་བདག་སྤྲོད་དང་ཐག་གཅོད་བཞིན་ཡོད། དེའི་ནང་དུ་ངལ་རྩོལ་འབྲེལ་བ་ངོས་འཛིན་དང་། ངལ་རྩོལ་གན་རྒྱའི་རྩོད་གླེང་། གླ་ཕོགས་དང་ཕན་བདེའི་རྩོད་གླེང་སོགས་འདུས། དེ་མིན་རྩོད་གཞིའི་གྱོད་དོན་འདུམ་འགྲིག་དང་འདུམ་གཅོད་བྱེད་པ་དང་། ཁྲིམས་ལྟར་ཕྱོགས་གཉིས་ཀའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བཅས་བྱེད་ཀྱིན་ཡོད་ཟེར།
རྩེ་ཁོག་རྫོང་ཁྲིམས་འཛིན་ཅུས་མི་དམངས་འདུམ་སྒྲིག་ལྟེ་གནས་ཀྱི་གདན་ཞུའི་མི་དམངས་འདུམ་འགྲིག་པ། ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ། བོད་ཀྱི་གཏམ་བཤད་པ་གྲགས་ཅན་རོང་བོ་ཚེ་དཔལ་གྱིས་བཤད་རྒྱུར། ང་ཚོས་བོད་ཀྱི་གཏམ་དཔེའི་ལམ་ནས་མང་ཚོགས་ལ་ཁ་གསལ་ཞིང་གོ་བདེ་བའི་ངང་བཅའ་ཁྲིམས་དྲིལ་སྒྲོག་བྱས་པ་ན། རོང་འབྲོག་མང་ཚོགས་རྣམས་ཀྱིས་ཧ་ཅང་དགའ་བསུ་ཐོབ་པའི་ཁར། ཁོ་ཚོས་གཏམ་དཔེ་ལ་བརྟེན་ནས་ཁྲིམས་སློབ་ཐུབ་པ་དང་། ཁྲིམས་སློབ་པ་ལ་བརྟེན་ནས་ཁྲིམས་བཀོལ་ཐུབ་པ། ཁྲིམས་བརྩི་བ་བཅས་འབྲོག་པ་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཇེ་མཐོར་འགྲོ་བ་དང་། བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཀྱང་ཇེ་ཆེར་འགྲོ་བས་ན། སྤྱི་ཚོགས་བརྟན་བརླིང་དང་། འཆམ་མཐུན། འཕེལ་རྒྱས་བཅས་ལ་ནུས་པ་གལ་ཆེན་ཐོན་ཐུབ་ཟེར།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།