

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ནི་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་སུ་གནས་ཤིང་། མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་ལ། དེ་རུ་བོད་ལུགས་གསོ་རིག་རྒྱུན་འཛིན་གྱི་ལོ་རྒྱུས་རིང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་ནད་འགོག་ནད་བཅོས་བྱེད་པའི་བརྟེན་ས་གལ་ཆེན་ཏུ་གྱུར་ཡོད།
དཔྱིད་དུས་སུ། ཀོས་ནན་རྫོང་བོད་སྨན་ཁང་གི་ཕྱི་ནད་བརྟག་བཅོས་ཚན་ཁག་ཏུ་བསྐྱོད་པ་ན། སྨན་ལུམས་ཁང་དུ་བོད་སྨན་གྱི་དྲི་ཞིམ་འཐུལ་ཞིང་། མེ་བཙའི་དུ་སྨུག་དལ་གྱིས་འཕྱུར་བཞིན་ཡོད། ནད་བཅོས་ཁང་དུ། ནད་པ་ཞིག་གི་མགོ་ལ་དངུལ་ཁབ་འཛེར་ཡོད་པ་དང་། གམ་དུ་ཡོད་པའི་དམར་ཕྱིའི་འོད་ཀྱི་སྨན་བཅོས་ཡོ་བྱད་ལ་དྲོད་ལམ་ལམ་གྱི་འོད་དམར་པོ་ཞིག་འཕྲོ་བཞིན་འདུག
ཕྱི་ནད་བརྟག་བཅོས་ཚན་ཁག་གི་སྲོལ་རྒྱུན་བོད་ལུགས་གསོ་རིག་གི་བཅོས་ཐབས་དང་དེང་རབས་གསོ་རིག་ལག་རྩལ་མཉམ་བསྲེས་ཀྱི་དཔྱད་བཅོས་བྱེད་ཐབས་ཀྱིས་མེས་རྒྱལ་བཟང་ཞིང་ཕ་ཡུལ་མཛེས་པའི་ནང་སྙིང་ཟབ་མོ་དེར་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཡོད་ལ། དེ་ལས་ཀྱང་མཐོ་སྒང་གི་གཞི་རིམ་སྨན་བཅོས་ཐད་ཀྱི་ཐོད་བརྒལ་རྣམ་པའི་འཕེལ་རྒྱས་ལ་བདེན་དཔང་བྱས་ཡོད་པར་མ་ཟད། ལོ་ངོ་སྟོང་གི་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུ་མང་ཚོགས་སྔར་ལས་མང་པོས་ལོངས་སྤྱོད་ཐུབ་པར་བྱས་ཡོད།
ཀོས་ནན་རྫོང་བོད་སྨན་ཁང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཚན་ཁག་སྟེ། ཕྱི་ནད་བརྟག་བཅོས་ཚན་ཁག་གིས་བོད་ལུགས་གསོ་རིག་བསྟན་བཅོས《གསོ་རིག་རྒྱུད་བཞིའི》རིག་ནུས་དང་དེང་རབས་ཁམས་གསོའི་ལག་རྩལ་མཉམ་བསྲེས་ཟབ་མོ་བྱས་ཏེ་མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་འབྲོག་པ་མང་ཚོགས་ཀྱི་རུས་ཚིགས་བདེ་ཐང་བརྟན་པོར་སྲུང་བཞིན་ཡོད།
ཤོག ལྷོད་ལྷོད་བྱོས། གསོ་བཅོས་བྱས་ཚར་ལ་ཉེ་ཞེས་ཕྱི་ནད་བརྟག་བཅོས་ཚན་ཁག་གི་ཀྲུའུ་རེན་དབང་ཕྱུག་འབུམ་གྱིས་བརྟག་བཅོས་ཁང་དུ་ནད་པ་ཞིག་ལ་སྲོལ་རྒྱུན་བོད་ལུགས་གསོ་རིག་གི་སྐུ་གཉེད་གསོ་བཅོས་བྱེད་ཐབས་སྤྱད་དེ་འཕུར་གཉེད་བྱས་ཚར་རྗེས། སྨན་ལུམས་ཁང་དུ་ནད་པར་བརྟག་བཅོས་བྱེད་དུ་སོང་།
ད་ལྟ་སྨན་བཅོས་བྱེད་དུ་ཡོང་བའི་ནད་པ་ཧ་ཅང་མང་ཡང་། 2011ལོར་ཚན་ཁག་གསར་དུ་བཙུགས་མ་ཐག དངུལ་ཁབ་འགའ་དང་མེ་བཙའ་འགའ་ལས་མེད་ཅེས་ཚན་ཁག་གསར་བཙུགས་པའི་དུས་ལ་ཕྱིར་དྲན་བྱེད་སྐབས། དབང་ཕྱུག་འབུམ་ལ་ཚོར་སྣང་ཟབ་མོ་སྐྱེ་བཞིན་འདུག
ཆ་རྐྱེན་ཅི་འདྲ་ཞན་རུང་ཚན་ཁག་གི་ཁོངས་མི་ཡོངས་ཀྱིས་ཡིད་ཆེས་བརྟན་པོས་བོད་ལུགས་གསོ་རིག་བསྟན་བཅོས《གསོ་རིག་རྒྱུད་བཞི》ལས་གསོ་བཅོས་བྱེད་ཐབས་འཚོལ་ཞིབ་བྱས་པ་དང་། བསྟན་བཅོས་དེའི་ནང་བཀོད་ཡོད་པའི་ཕྱི་བཅོས་གཞུང་ལུགས་སྣ་བཅོ་བརྒྱད་པོ་ཚང་མ་ཁོ་ཚོས་གསོ་བཅོས་ཐབས་ལམ་འཚོལ་ཞིབ་བྱེད་པའི་རིག་མཛོད་གལ་ཆེན་ཞིག་ཏུ་གྱུར་ཡོད།
བློ་བརྟན་འགྱུར་མེད་ཀྱི་བརྟན་སྲུང་དེའི་དབང་གིས2013ལོར་ཕྱི་ནད་བརྟག་བཅོས་ཚན་ཁག་ལ་མཚོ་ལྷོ་ཁུལ་གྱི་ཁུལ་རིམ་པའི་གཙོ་གནད་ཆེད་ལས་ཚན་ཁག་གི་མཚན་སྙན་ཐོབ་པ་རེད། ཡིན་ཡང་། ཚན་ཁག་དེའི་ཁོངས་མི་ཡོངས་ཀྱིས་གཞན་ལ་སློབ་སྦྱོང་བྱས་ཏེ་ཇེ་བཟང་ཇེ་ལེགས་སུ་གཏོང་བའི་གོམ་མཚམས་མ་བཞག་པར་རྒྱུན་མཐུད་ངང་ས་ཁུལ་གཞན་དུ་སློབ་སྦྱོང་ལ་སོང་བ་དང་གནའ་བོའི་གསུང་རབ་ལེགས་སྒྲིག་བྱས་པ་མ་ཟད། ནད་ཐོག་ཉམས་མྱོང་གསོག་འཇོག་བྱས་ནས་ཡར་རྒྱས་བརྩོན་ལེན་བྱས་པས། 2018ལོར། རྩྭ་ཐང་ནས་འཚར་ལོངས་བྱུང་བའི་སྤྱིར་བཏང་གི་ཚན་ཁག་དེ་ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས་ཚན་ཁག་གི་མིང་ཐོའི་ཁྲོད་ཚུད།
དེ་ལྟར་རིམ་པ་གསུམ་འཕར་བ་དེ་ནི་ཕྱི་ནད་བརྟག་བཅོས་ཚན་ཁག་དེའི་ལག་རྩལ་ལ་ཁས་ལེན་ཐོབ་པ་ལས་གཞན། དེ་ལས་ཀྱང་མཐོ་སྒང་དུ་འཚར་ལོངས་བྱུང་ཞིང་གཞི་རིམ་ལ་ཞབས་འདེགས་ཞུ་བའི་སྨན་བཅོས་རུ་ཁག་དེའི་གཟེངས་བསྟོད་ཆེན་པོ་དང་སྐུལ་ལྕག་ཆེན་པོ་ཞིག་ཀྱང་རེད།
ཚན་ཁག་དེའི་གསོ་བཅོས་བྱེད་ཐབས་ལ་མེ་བཙའ་དང་ཡང་ན་སྐམ་ཁབ་ཁོ་ན་ཙམ་མ་ཡིན་པར། དེ་རུ《གསོ་རིག་རྒྱུད་བཞིའི》ནང་བཀོད་ཡོད་པའི་ཕྱི་བཅོས་གཞུང་ལུགས་སྣ་བཅོ་བརྒྱད་ཀྱི་གསོ་བཅོས་བྱེད་ཐབས་ཀྱི་ཉིང་བཅུད་འདུས་ཡོད།
བརྟག་བཅོས་ཁང་དུ་སོང་ཚེ། བོད་ལུགས་གསོ་རིག་གི་ཕྱི་བཅོས་ཐད་ཀྱི་གསོན་ཉམས་ལྡན་པའི་བཤམས་སྟོན་ཁང་ཞིག་ཏུ་ཐོན་པ་དང་གཉིས་སུ་མེད།
ལོ་ན་རྒན་པའི་འབྲོག་པ་རྡོ་རྗེ་ཡི་རྐེད་ཚིགས་ན་བའི་དབང་གིས་དྲང་མོར་ཡར་ལངས་ཐུབ་ཀྱིན་མེད་མོད། འོན་ཀྱང་ལོ་ན་ཆེ་བའི་རྐྱེན་གྱིས་ཁོས་གཤགས་བཅོས་མ་བྱས་པར། ཧོར་མེའི་བཅོས་ཐབས་དང་ལེན་བྱས་པ་དང་། གསོ་བཅོས་བྱས་རྗེས་ཕན་ཆེན་པོ་ཐོགས་བཞིན་ཡོད།
མཐོ་སྒང་ས་ཁུལ་དུ་འབྱུང་ཐེངས་མང་བའི་རུས་ཚིགས་ཀྱི་ནད་དང་། སྐེ་དང་ཕྲག་པ། རྐེད་པ། རྐང་བ་བཅས་ན་བ། ཕོ་རྒྱུ་མི་བདེ་བ་སོགས་ཀྱི་ནད་རྟགས་ལ་དམིགས་ནས་སྲོལ་རྒྱུན་གྱི་བཅོས་ཐབས་དེ་དག་གིས་རང་བྱུང་བོད་ལུགས་སྨན་རྫས་ཀྱི་ཐུན་མོང་མ་ཡིན་པའི་ཕན་ནུས་ལ་བརྟེན་ཏེ་འབྱུང་རྩ་ནས་ནད་པ་དག་གི་ན་ཟུག་སེལ་བཞིན་ཡོད།
གལ་ཏེ་སྲོལ་རྒྱུན་བོད་ལུགས་སྨན་བཅོས་ལག་རྩལ་ནི་གནས་དེའི་བླ་སྲོག་ལྟ་བུ་ཡིན་ཚེ། དེང་རབས་ཀྱི་དཔྱད་བཅོས་སྒྲིག་ཆས་དག་ནི་དེའི་མེད་དུ་མི་རུང་བའི་རམ་འདེགས་ཡོ་ཆས་རེད།
དབང་ཕྱུག་འབུམ་གྱིས་བཤད་རྒྱུར། ང་ཚོ་གྲང་ངར་ཆེ་བའི་ས་ཁུལ་དུ་གནས་ཤིང་། རོང་འབྲོག་མང་ཚོགས་རྣམས་ཀྱིས་རྒྱུན་པར་གྲང་ངར་ཆེ་བའི་ཁོར་ཡུག་ཏུ་འཚོ་བ་རོལ་བཞིན་ཡོད་པས། རུས་པ་འཕར་སྐྱེ་དང་ཚིགས་ནད། དབང་རྩའི་ནད་སོགས་ཀྱི་འབྱུང་ཐེངས་ཧ་ཅང་མང། དེར་མ་ཟད། སྔོན་ཆད་ང་ཚོར་སྲོལ་རྒྱུན་གྱི་བཅོས་ཐབས་ལས་མེད་པས། ཕུང་གྲུབ་ཀྱི་གཉན་ཚད་ཁ་ཤས་ལ་ཕན་ནུས་ཐོན་ཚད་དལ་བ་རེད། ཡིན་ཡང་། ད་ལྟ་ང་ཚོས་སྔོན་ཐོན་གྱི་སྒྲིག་ཆས་མང་པོ་ནང་འདྲེན་བྱས་ཡོད་ལ། སྒྲིག་ཆས་དེ་དག་གིས་བོད་ལུགས་གསོ་བཅོས་བྱེད་ཐབས་ཀྱི་ཚབ་བྱས་པ་མ་ཡིན་པར། བོད་ལུགས་གསོ་རིག་གི་གཞུང་ལུགས་ཁྲོད་ཀྱི་ཕྱི་ནད་བརྟག་བཅོས་བྱེད་ཐབས་ལ་རམ་འདེགས་བྱེད་བཞིན་ཡོད་པ་དང་། 《གསོ་རིག་རྒྱུད་བཞིའི》ནང་དུ་ནད་ཀྱི་འགྱུར་ལྡོག་ལ་གཞིགས་ནས་ཡོ་བྱད་ལེགས་སྒྲིག་བྱེད་པ་ནང་བཞིན་སྒྲིག་ཆས་དེ་ནི་ང་ཚོའི་དེང་རབས་ཀྱི་སྨན་བཅོས་སྒྲིག་ཆས་ཡིན་ཟེར།
དེ་ལྟ་བུའི་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་བཅོས་ཐབས་དང་དེང་རབས་ལག་རྩལ་མཉམ་བསྲེས་ཀྱི་བྱེད་ཐབས་དེ་དཔྱད་བཅོས་ཀྱི་ལས་རིམ་སོ་སོར་ཁྱབ་ཡོད་དེ། བོད་ལུགས་གསོ་རིག་གི་རྩོད་སྒྲུབ་བརྟག་དཔྱད་ལ་དེང་རབས་གཟུགས་བརྙན་རིག་པས་གནད་འཁེལ་རམ་འདེགས་བྱེད་པ་དང་། སྨན་ལུམས་ལ་བརྟེན་ནས་ནད་དུག་ཕྱིར་ཕུད་པའི་གསོ་བཅོས་བྱེད་ཐབས་དང་རྗེས་མཐུད་ཀྱི་ཁམས་གསོ་གསོ་བཅོས་བྱེད་ཐབས་ཟུང་འབྲེལ་བྱེད་པ་སོགས་ཡོད་ལ། བརྟག་བཅོས་ཀྱི་ཁྱབ་ཁོངས་རྒྱུན་མཐུད་ངང་རྒྱ་བསྐྱེད་པ་དང་ཞབས་ཞུའི་ནུས་པ་ཤུགས་ཆེན་པོས་མཐོར་འདེགས་བཏང་སྟེ་ཀོས་ནན་རྫོང་གི་ཞང་དང་གྲོང་རྡལ་སོ་སོའི་རོང་འབྲོག་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་བཟང་བོ་འདོན་སྤྲོད་བྱེད་བཞིན་ཡོད་པར་མ་ཟད། མཐའ་འཁོར་ས་ཁུལ་གྱི་མང་ཚོགས་ལའང་དཔྱད་བཅོས་ཀྱི་ཞབས་ཞུ་ལེགས་པོ་འདོན་སྤྲོད་བྱེད་བཞིན་ཡོད།
གནས་དེ་རུ། གནའ་བོའི་བོད་ལུགས་གསོ་རིག་གི་རིག་ནུས་དང་དེང་རབས་ཚན་རྩལ་ཤེས་དཔལ་མཉམ་བསྲེས་ཟབ་མོ་བྱས་ཏེ་ས་གནས་མང་ཚོགས་ལ་ཕན་བདེ་གང་ལེགས་བསྐྲུན་བཞིན་ཡོད།
ད་ལྟ། རྒྱལ་ཁབ་ཀྱི་མི་རིགས་གསོ་རིག་འཕེལ་རྒྱས་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་པ་དང་གཞི་རིམ་སྨན་བཅོས་ཀྱི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བཟང་བོའི་དྲོད་ཁོལ་འོག ཀོས་ནན་རྫོང་བོད་སྨན་ཁང་གིས་གོ་སྐབས་དམ་འཛིན་བྱས་ཏེ་ཕྱི་ནད་བརྟག་བཅོས་ཚན་ཁག་ཐོད་བརྒལ་བྱེད་སར་བྱས་ནས་འཇོན་མི་སྐྱེད་སྲིང་ཐད་ཤུགས་བསྣན་པ་དང་། གནའ་བོའི་བོད་ལུགས་གསོ་རིག་རྒྱུན་འཛིན་ལས་སྒྲུབ་ཁང་ལ་བརྟེན་ནས་བོད་ལུགས་གསོ་རིག་གི་ཆེད་ལས་འཇོན་མི་སྐྱེད་སྲིང་དང་དུས་བཅད་ལྟར་གཞི་རིམ་སྨན་བཅོས་མི་སྣའི་གསོ་སྦྱོང་བྱེད་སྒོ་སྤེལ་ཏེ་སྤུས་ལེགས་ཀྱི་བོད་ལུགས་སྨན་བཅོས་ལག་རྩལ་གཞི་རིམ་དུ་ཁྱབ་གདལ་གཏོང་ཐུབ་པར་བྱས་ནས་སྲོལ་རྒྱུན་བོད་ལུགས་གསོ་རིག་གི་ཉིང་བཅུད་དང་དེང་རབས་དཔྱད་བཅོས་ལག་རྩལ་ཟུང་འབྲེལ་གྱི་གསར་བཏོད་ལམ་བུ་ཞིག་ཏུ་བསྐྱོད་པ་དང་། གཞི་རིམ་སྨན་བཅོས་ཞབས་ཞུའི་ཐད་ཡོད་མེད་ནས་བཟང་མི་བཟང་བར་གྱི་མཆོང་སྐྱོད་རྣམ་པའི་ཚུལ་སྒྱུར་མངོན་འགྱུར་བྱུང་ཡོད།
མཐོ་སྒང་གི་ས་གཞི་ཆེན་པོ་འདིའི་སྟེང་དུ། ཁོ་ཚོས་ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བྱས་པའི་གནའ་བོའི་བོད་ལུགས་གསོ་རིག་གི་ཤེས་རིག་དང་དེང་རབས་གསོ་རིག་གི་གནད་འཁེལ་དཔྱད་བཅོས་བྱེད་ཐབས་མཉམ་བསྲེས་བྱས་ཏེ་ན་ཟུག་གིས་མནར་བཞིན་པའི་ནད་པ་རེ་རེ་ནད་ཀྱི་ཟུག་རྔུ་ལས་བསྐྱབས་དང་སྐྱོབ་བཞིན་ཡོད།
གཞི་རིམ་སྨན་བཅོས་ཐད་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་མེས་རྒྱལ་གྱི་དར་རྒྱས་འཕེལ་རྒྱས་དང་སྲིད་ཇུས་ཀྱི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་རྒྱུན་མཐུད་ངང་གཞི་རིམ་སྨན་བཅོས་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་བཏང་ཞིང་། ཀོས་ནན་རྫོང་གིས་ཀྱང་ཀྲུང་བོད་ལུགས་སྨན་རྫས་འཕེལ་རྒྱས་གཏོང་རྒྱུ་དེ་མང་ཚོགས་ཀྱི་བདེ་ཐང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་སར་བརྩིས་ནས་བོད་སྨན་ཁང་གི་ཁྱད་ལྡན་བརྟག་བཅོས་ཕྱོགས་བསྡུས་ཐོག་ཁང་དང་ཚད་ལྡན་ཅན་གྱི་བོད་སྨན་སྡེབ་སྦྱོར་ཁང་འཛུགས་སྐྲུན་སོགས་ལས་གཞི་ལག་བསྟར་བྱས་ཏེ་བརྟག་བཅོས་ཁོར་ཡུག་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་།
ལོ་ངོ་སྟོང་ཕྲག་གི་བོད་ལུགས་གསོ་རིག་དེ་རྒྱུན་འཛིན་དང་གསར་གཏོད་ཁྲོད་འཕེལ་རྒྱས་ཆེན་པོ་བྱུང་ནས་མཐོ་སྒང་གི་མང་ཚོགས་སྔར་ལས་མང་པོར་ཕན་བཏགས་ཏེ་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་མེས་རྒྱལ་གྱི་ཕང་བ་རུ་བདེ་ཐང་མཛེས་སྡུག་གི་འཚོ་བ་རོལ་བཞིན་ཡོད་ལ། མེས་རྒྱལ་བཟང་ན་ད་གཟོད་ཕ་ཡུལ་མཛེས་པ་དང་། ཕ་ཡུལ་མཛེས་ན། ད་གཟོད་མང་ཚོགས་ལ་སྔར་ལས་བདེ་སྐྱིད་ལྡན་ངེས།
ལྷ་མོ་ཚེ་རིང་གིས་བསྒྱུར།