
སྒྲོག་འགྲེལ་མི་སྣས་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།

རྨ་ཁུག་རྩྭ་ཐང་གི་རྟ་ཐོག་སྒྲོག་འགྲེལ་རུ་ཁག
དཔྱིད་ཟླ་གསུམ་པའི་རླུང་བུ་འཇམ་པོ་ཡངས་པའི་རྩྭ་ཐང་དུ་རྒྱུ་བཞིན་ཡོད་ལ། ཏང་གི་ཞིང་སྟོབས་དང་ཞིང་ཕན། ཞིང་ཕྱུག་གི་སྲིད་ཇུས་བཟང་བོ་མཐོ་སྒང་གི་བླ་ཤིང་ལ་ཡལ་འདབ་རྒྱས་པ་ཇི་བཞིན་གང་ས་གང་དུ་བསྒྲགས་ནས་དམངས་སེམས་ལ་དྲོད་ཁོལ་སྦྱིན་བཞིན་ཡོད། མིག་སྔར། འབྲོག་ཁུལ་དུ་ལོ་ཧྲིལ་བོའི་ཐོན་སྐྱེད་འཕེལ་རྒྱས་ལ་འཆར་འགོད་བྱེད་པའི་གནད་འགག་གི་དུས་སྐབས་སུ་འཁེལ་ཡོད་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས2026ལོའི་ལས་བྱེད་པ་ཁྲི་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་འགོ་བརྩམས་ནས་ཁུལ་དང་རྫོང་། ཞང་། ཡུལ་ཚོ་བཅས་རིམ་པ་བཞིའི་མཉམ་འགུལ་གྱི་བྱ་བའི་རྣམ་པ་གྲུབ་པར་བྱས།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མཐོ་ཡེ་མ་ཞང་ཆུ་ལུང་སྡེ་བས་རྟ་ཐོག་སྒྲོག་འགྲེལ་རུ་ཁག་བཙུགས་ནས་རྩྭ་ཐང་གི་གྲུ་ཟུར་རེ་རེར་སོང་སྟེ་ཕྱོགས་ཡོངས་ནས་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཡུལ་བབ་དང་བསྟུན་ཞིང་བརྩེ་སེམས་ཡོད་པའི་སྒྲོག་འགྲེལ་བྱེད་ཐབས་བརྒྱུད་དེ་སྲིད་ཇུས་བཟང་བོའི་དྲོད་ཁོལ་འབྲོག་པ་མང་ཚོགས་ཀྱི་སེམས་སུ་ཟིམ་པར་བྱས་ནས་གྲོང་གསེབ་དར་སྤེལ་ཐད་སྒུལ་ཤུགས་ཆེན་པོ་བསྩལ།
ཆུ་ལུང་སྡེ་བའི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་བསྐྱོད་པ་ན། གཅིག་བསྡུས་སྒྲོག་འགྲེལ་བྱེད་སྒོ་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད། སྒྲོག་འགྲེལ་རུ་ཁག་གི་རུ་མིས་བྱེད་སྒོའི་བླང་བྱར་དམ་པོར་དམིགས་ཏེ་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་དོན་གཙོ་བོ་འགྲེལ་ཀློག་གསལ་བོ་བྱས། དེ་སྔོན་གྱི་སྒྲོག་འགྲེལ་བྱེད་ཐབས་དང་མི་འདྲ་བ་ནི་ད་ལོའི་སྒྲོག་འགྲེལ་གྱིས་སྒྲོག་འགྲེལ་བྱ་ཡུལ་དང་རིགས་དབྱེ་རྒྱུར་དོ་སྣང་བྱས་ཡོད་པ་དེ་རེད།
སྔོན་ཆད། སྒྲོག་འགྲེལ་མི་སྣས་ང་ཚོར་ཡིག་ཆའི་ནང་དོན་ཀློག་འདོན་བྱེད་སྐབས་ང་གཉིད་ཅོག་རྒྱག་མོད། འོན་ཀྱང་ད་ཐེངས་ཐེངས་སྔོན་མ་དག་དང་མི་འདྲ་བར་སྒྲོག་འགྲེལ་མི་སྣས་ང་ཚོའི་རྒན་གསོ་དང་ནད་སྟོན་པ། རྩྭ་སའི་ཁ་གསབ་སོགས་སྲིད་ཇུས་བཟང་བོ་རྣམས་དུས་རྒྱུན་ཕན་ཚུན་བར་ཁ་བརྡ་བྱེད་པ་ལྟར་འགྲེལ་ཀློག་བྱས་པས། ངས་ཡིག་ཆ་དང་པོའི་ནང་དོན་ལ་གོ་བ་ཟབ་མོ་ལོན་པར་མ་ཟད། སུན་སྣང་ཡང་མ་སྐྱེས་ཞེས་པའི་ཆུ་ལུང་སྡེ་བའི་རྒན་པ་ཞིག་གི་སྐད་ཆ་དེས་སྒྲོག་འགྲེལ་བྱེད་སྟངས་ལ་འགྱུར་ལྡོག་བྱུང་ཡོད་པ་བདེན་དཔང་བྱས་ཡོད།
ཆུ་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་དར་རྒྱས་ཀྱིས་ང་ཚོས་སྲིད་ཇུས་ཀྱི་ཕན་འབྲས་བཟང་བོ་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་སུ་བསྒྱུར་ནས་འབྲོག་པ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་དགོས་ཞེས་པ་ནང་བཞིན་སྒྲོག་འགྲེལ་མི་སྣས་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དགོངས་དོན་ལ་དམ་དུ་དམིགས་ཤིང་། ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་ལ་རྐང་བཙུགས་ནས་སྡེ་བ་གཅིག་ལ་སྲིད་ཇུས་གཅིག་གི་འབབ་འཕར་ཇུས་གཞི་ཇེ་ཞིབ་ཏུ་བཏང་བ་དང་། མཉམ་ལས་ཁང་གི་བདག་གཉེར་རྣམ་པ་ཚད་ལྡན་དུ་བཏང་ལ། དཔྱིད་དུས་ཀྱི་ཕྱུགས་ལས་ཐོན་སྐྱེད་དང་གནོད་འགོག་ཕྱུགས་སྲུང་། ཡང་བསྐྱར་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་སོགས་བྱ་བ་གཙོ་བོ་དམ་འཛིན་ནན་མོ་བྱས།
གཅིག་བསྡུས་སྒྲོག་འགྲེལ་བྱེད་སྒོ་མཇུག་བསྒྲིལ་རྗེས། རྟ་ཕོའི་རྨིག་སྒྲས་རྩྭ་ཐང་གི་ལྷིང་འཇགས་རིམ་གྱིས་གཏོར་བྱུང་། མཚོ་འཕགས་ལ་རྨིད་སུམ་སྟོང་བདུན་བརྒྱ་ཡོད་པའི་རྨ་ཁུག་རྩྭ་ཐང་དུ་འབྲོག་པ་མང་ཚོགས་རྣམས་ཁ་ཐོར་དུ་གནས་ཡོད་ལ། ཐག་རིང་དུ་ཡོད་པའི་འབྲོག་པ་མང་ཚོགས་རྣམས་ལའང་ཏང་གི་སྲིད་ཇུས་བཟང་བོར་རྒྱུས་ལོན་བྱེད་དུ་འཇུག་ཆེད། སྒྲོག་འགྲེལ་མི་སྣས་རྟ་ཕོ་བཅིབས་ཏེ་ཡངས་པའི་རྩྭ་ཐང་དུ་བང་གིས་རྒྱུགས་ནས་ཏང་གི་སྲིད་ཇུས་བཟང་བོ་རྩྭ་ཐང་གི་གྲུ་ཟུར་རེ་རེར་ཁྱབ་པར་བྱས།
སྲིད་ཇུས་སྒྲོག་འགྲེལ་གྱི་མཇུག་མཐའི་སྤྱི་ལེ་གཅིག་གི་གནད་དོན་ཐག་བཅད་ནས་མི་རེ་རེས་སྲིད་ཇུས་བཟང་བོར་གོ་བ་ལེན་ཐུབ་པར་བྱེད་རྒྱུ་ནི་རྟ་ཐོག་གི་སྒྲོག་འགྲེལ་རུ་ཁག་དེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་བཞིན་པའི་དམིགས་འབེན་རེད། འབྲོག་པ་བསོད་ནམས་ལྷ་མོ་ཚང་གི་རུས་གུར་གྱི་མདུན་དུ། སྒྲོག་འགྲེལ་མི་སྣས་ཚོགས་འདུའི་རྣམ་པའི་སྒྲོག་འགྲེལ་བྱེད་ཐབས་དོར་ནས་ཚང་མ་དང་མཉམ་དུ་བསྡད་དེ་ནོར་ལུག་གསོ་ཁ་ནས་འབུད་པའི་ཁ་གསབ་ནས་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་ཕྱིར་འཚོང་ཐད་ཀྱི་རོགས་སྐྱོར་དང་། སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་ནས་གཞི་རིམ་བཅོས་སྐྱོང་བྱེད་ཐབས་སོགས་མང་ཚོགས་ཀྱིས་གོ་སླ་བའི་སྒོ་ནས་འགྲེལ་བཤད་གསལ་བོ་བྱས་ཏེ་ཏང་གི་དམངས་ཕན་སྲིད་ཇུས་བཟང་བོ་ཇི་མ་ཇི་བཞིན་དུ་འབྲོག་པ་མང་ཚོགས་ཀྱི་སེམས་སུ་སིམ་པར་བྱས།
བསོད་ནམས་ལྷ་མོས་ཡིད་འགུལ་ཐེབས་པའི་ངང་བཤད་རྒྱུར། སྒྲོག་འགྲེལ་མི་སྣ་ཁྱིམ་ཚང་རེ་རེར་སོང་ནས་རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱ་དགའ་དང་ནོར་ལུག་གསོ་ཁ་ནས་འབུད་པའི་ཐད་ཀྱི་བྱ་དགའི་ཁ་གསབ། དེ་བཞིན་སྨན་བཅོས་དང་རྒན་གསོ་འགན་སྲུང་སོགས་སྲིད་ཇུས་བཟང་བོ་འགྲེལ་བཤད་གསལ་བོ་བྱས་སོང་ཟེར།
སྒྲོག་འགྲེལ་གྱི་ཞིབ་ཚད་དང་ཁྱབ་ཚད་མཐོར་འདེགས་གཏོང་ཆེད། རྟ་ཐོག་གི་སྒྲོག་འགྲེལ་རུ་ཁག་གིས་དབུལ་ཐར་ཁྱིམ་ཚང་དང་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་། དབང་བོ་སྐྱོན་ཅན། གསོ་སྤེལ་ཁྱིམ་ཚང་ཆེ་གྲས་སོགས་དམིགས་བསལ་མི་ཚོགས་ལ་དམིགས་ནས་སྒྲོག་འགྲེལ་གྱི་ནང་དོན་གཏན་འཁེལ་ནན་མོ་བྱས།
འབྲོག་པ་རྡོ་རྗེ་སྒྲ་དབྱངས་ནི་སྡེ་བའི་ནང་གི་གསོ་སྤེལ་ཆེད་ལས་ཁྱིམ་ཚང་ཞིག་ཡིན་ལ། དུས་རྒྱུན་གསོ་སྤེལ་གྱི་གཞི་ཁྱོན་ཆེ་རུ་གཏོང་བར་བསམ་གཞིགས་བྱེད་བཞིན་ཡོད་པར་མ་ཟད། དེའི་ཐད་སེམས་ཁྲལ་ཡང་བྱེད་བཞིན་ཡོད། སྒྲོག་འགྲེལ་རུ་ཁག་ཁོ་ཚང་ལ་སོང་ནས་ཐོན་ལས་རོགས་སྐྱོར་དང་སོན་བཟང་ཁ་གསབ་སྲིད་ཇུས་སོགས་འགྲེལ་བཤད་བྱས་ཤིང་། ཞིང་ཕྱུགས་ཁོངས་གཏོགས་ཀྱི་ལག་རྩལ་མི་སྣ་གདན་དྲངས་ཏེ་ཡུལ་དངོས་ནས་ཁོའི་གསོ་སྤེལ་གྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་པ་སོགས་ཀྱི་བསམ་ཕྱོགས་ལེགས་སྒྲིག་བྱས། དེ་ལྟ་བུའི་སྒྲོག་འགྲེལ་དང་ཞབས་ཞུ་མཉམ་བསྲེས་ཀྱི་རྣམ་པས་ཁོའི་སེམས་བདེ་བར་བྱས་པ་དང་། ད་ལོར་ནོར་ལུག་གསོ་སྤེལ་གཞི་ཁྱོན་རྒྱ་བསྐྱེད་ནས་ཁྱིམ་ཚང་གི་འབབ་འཕར་ཕྱུག་འགྱུར་ཐད་ཐོལ་བརྒལ་གསར་པ་འབྱུང་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།
རྣམ་པ་དེ་ནི་དཔེ་རྐྱང་ཞིག་མ་ཡིན་པར། རྨ་ལྷོ་ཁུལ་གྱི་གྲོང་ཁྱེར་དང་རྗོང་སོ་སོས་བྱེད་ཐབས་གསར་སྐྲུན་བྱེད་བཞིན་ཡོད། གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་གྱིས་རྒན་གསོ་དང་སྨན་བཅོས་འགན་སྲུང་། དམངས་སྲིད། གྲོང་གསེབ་དར་སྤེལ་སོགས་སྡེ་ཁག་གིས་གྲུབ་པའི་སྒྲོག་འགྲེལ་རུ་ཁག་རྩ་འཛུགས་བྱས་ཏེ་ཡུལ་དངོས་ནས་མང་ཚོགས་ཀྱི་དོགས་གནད་ལ་ལན་འདེབས་བཞིན་ཡོད་པ་དང་། ཐུན་རིན་གྲོང་ཁྱེར་ཆུ་ཁོག་ཞང་གི་ལས་བྱེད་པས་གསོན་ཉམས་ལྡན་པའི་དཔེ་གཞི་སྤྱད་དེ་འབྲུ་རིགས་བདེ་འཇགས་ལ་དམིགས་ནས་མང་ཚོགས་ལ་ཡིག་ཆ་དང་པོའི་དགོངས་དོན་འགྲེལ་ཀློག་ཞིབ་མོ་བྱས།
ཆོས་ལུང་སྡེ་བའི་རྟ་ཕོའི་རྨིག་སྒྲ་ནི་རྨ་ལྷོ་ཁུལ་གྱི་ལས་བྱེད་པ་ཁྲི་གཞི་རིམ་དུ་སྐྱོད་པའི་བྱེད་སྒོའི་ཁྲོད་ཀྱི་བསྡུས་གཟུགས་ཤིག་ཡིན། ཧི་ནན་རྫོང་ནས་རྩེ་ཁོག་རྫོང་དང་། ཐུན་རིན་གྲོང་ཁྱེར་ནས་གཅན་ཚ་རྫོང་གང་ཡིན་ཡང་ཏང་གི་དར་ཆ་དེ་གཞི་རིམ་གྱི་ལས་ཡུལ་དང་པོར་ལྷབ་ལྷུབ་ཏུ་བསྐྱོད་བཞིན་ཡོད། 2026ལོར། རྨ་ལྷོ་ཁུལ་གྱིས་སྲིད་ཇུས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་ཐོན་སྐྱེད་འཕེལ་རྒྱས་ལ་རོགས་འདེགས། ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད། སྤྱི་ཚོགས་གཏན་འཇགས་སྲུང་སྐྱོབ་བཅས་ཀྱི་གནད་འགག་རྒྱུ་རྐྱེན་བཞི་དང་བྱ་བ་གཙོ་བོ་ཉེར་གཅིག་གཏན་འཁེལ་བྱས་ཏེ། ཁུལ་ཡོངས་ཀྱི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཆིག་སྟོང་རེ་དགུ་དང་བྱ་བའི་རུ་ཁག་གི་ཁོངས་མི། རིམ་པ་སོ་སོའི་སྒྲོག་འགྲེལ་མི་སྣ་ཡོངས་ལས་གནས་སུ་ཐོན་པར་བྱས།
དཔྱིད་འདེབས་ཐོན་སྐྱེད་ཀྱི་ལས་ཡུལ་དང་པོ་རུ། རྨ་ལྷོ་ཁུལ་གྱིས་འབྲུ་རིགས་བརྟན་པོ་དང་མཁོ་སྤྲོད་ལ་འགན་སྲུང་བྱེད་པའི་བྱེད་སྒོ་ནན་མོ་སྤེལ་ནས་སོན་བཟང་སྤྱི་རྒྱ་འབུམ་ལྔ་ལྷག་དང་ཞིང་ལས་རྒྱུ་ཆས་ཏུན་ཁྲི་གཅིག་ལྷག་གསོག་འཇོག་བྱས་པ་དང་། ལག་རྩལ་མི་སྣ་གོ་དྲུག་རྩ་འཛུགས་བྱས་ནས་ཁ་གཏད་མཛུབ་སྟོན་བྱས་ཏེ་ཁ་གསབ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་གཉིས་ཁྲི་བདུན་དོན་འཁྱོལ་བྱས། དེ་དང་མཉམ་དུ། ས་ཞིང་བཟང་བོ་དང་ས་བོན་བཟང་བོ། འཕྲུལ་ཆས་བཟང་བོ། བྱེད་ཐབས་བཟང་བོ། ཞིང་ལས་ཐོན་ལས་མུ་ཕྲེང་ལེགས་པོ་དང་ཞིང་ལས་བདག་གཉེར་གཙོ་གཞི་ལེགས་པོ་བཅས་བཟང་བོ་བཞི་དང་ལེགས་པོ་གཉིས་ཀྱི་བཟོ་སྐྲུན་ལག་བསྟར་བྱས་ནས་གཅིག་བསྡུས་ཡུག་སྦྲེལ་གྱི་འབྲུ་སྣུམ་དཔེ་སྟོན་ཞིང་ས་གསར་འཛུགས་བྱས།
རྨ་ལྷོ་ཁུལ་ཞིང་ཕྱུགས་ཅུས་ཀྱི་ཏང་ཙུའུ་ཁོངས་མི། ཅུས་ཀྲང་གཞོན་པ་ཧན་མེན་གྱིས་སྒྲོག་འགྲེལ་ཡུལ་དངོས་སུ་ང་ཚོས་སྲིད་ཇུས་སྒྲོག་འགྲེལ་བྱེད་དགོས་པར་མ་ཟད། དཔྱིད་འདེབས་ཐོན་སྐྱེད་ལ་དམིགས་ནས་ས་བོན་དང་ལུད་རྫས་སོགས་ཞིང་ལས་རྒྱུ་ཆས་དང་གནོད་འགོག་ཕྱུགས་སྐྱོང་སོགས་ཀྱི་དཀའ་ཁག་མཐུན་སྦྱོར་སྒོས་ཐག་གཅོད་བྱེད་དགོས་ལ། འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་བརྟན་པོ་ཡོང་བར་འགན་སྲུང་དང་། མང་ཚོགས་ཀྱིས་ཏང་གི་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་ལ་རྒྱུས་ལོན་བྱེད་དུ་བཅུག་ནས་ཞིང་གསུམ་བྱ་བ་སྤུས་ཚད་མཐོན་པོས་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
སྲིད་ཇུས་བཟང་བོའི་དྲོད་ཁོལ་རྨ་ལྷོ་ཁུལ་གྱི་ས་གཞི་ཡོངས་སུ་ཁྱབ་པར་བྱས། བྱེད་སྒོ་སྤེལ་བ་ནས་བཟུང་། ལས་བྱེད་པ་ཁྲི་གཞི་རིམ་དུ་སོང་ནས་སྲིད་ཇུས་སྒྲོག་འགྲེལ་དང་དཔྱིད་འདེབས་ལ་རོགས་འདེགས། ཐོན་སྐྱེད་ལ་སྐུལ་འདེད་བཏང་བར་མ་ཟད། ཞིང་ལས་རྒྱུ་ཆས་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དོན་བྱེད་སྒོ་དང་ཞིང་ཆས་རྒྱུ་ཆས་བཟང་བོ་གྲོང་གསེབ་དུ་ནང་འདྲེན་བྱེད་པའི་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་དཔྱིད་འདེབས་ཐོན་སྐྱེད་དངོས་རྫས་ཀྱི་སྤུས་ཚད་ལ་ཁག་ཐེག་ཡོད་པ་དང་མཁོ་སྤྲོད་འདང་ངེས་ཡོང་བར་འགན་སྲུང་བྱས། དེ་དང་མཉམ་དུ། ཞིང་ཕྱུགས་སྡེ་ཁག་གིས་གནམ་གཤིས་བརྟག་དཔྱད་སྡེ་ཁག་དང་གྲོས་མོལ་བྱས་ཏེ་ཞིབ་འཇུག་བརྡར་གཅོད་བྱེད་པར་ཤུགས་བསྣན་ནས་དུས་ཐོག་ཏུ་གནམ་གཤིས་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་། རོང་འབྲོག་མང་ཚོགས་ཀྱི་འགོག་སྲུང་བྱ་བ་བཟང་བོར་སྒྲུབ་པར་མཛུབ་སྟོན་བྱས་ནས་ཞིང་ལས་ཐོན་སྐྱེད་བདེ་འཇགས་ལ་འགན་སྲུང་བྱས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆུ་ལུང་སྡེ་བས་སྲིད་ཇུས་སྒྲོག་འགྲེལ་གྱི་ཕན་འབྲས་རྒྱུན་མཐུད་ངང་ཇེ་བཟང་ཏུ་བཏང་ནས་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་དཔྱིད་དུས་ཀྱི་ཕྱུགས་ལས་ཐོན་སྐྱེད་དང་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས། གཞི་རིམ་བཅོས་སྐྱོང་བཅས་དང་མཉམ་བསྲེས་ཟབ་མོ་བྱེད་རྒྱུ་རེད། དེ་ལྟར་རྨ་ལྷོ་ཁུལ་ཡོངས་ལ་བལྟས་ཚེ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པ་རྣམས་ཀྱིས་དངོས་སྒྲུབ་ལས་བརྩོན་ལ་བརྟེན་ནས་ཞིང་ཕན་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བཟང་བོ་བྱེད་པར་སྐུལ་འདེད་བཏང་སྟེ་ཕྱུགས་ལས་ཀྱི་འབབ་འཕར་དང་མང་ཚོགས་ཀྱི་འབབ་འཕར། འབྲོག་ཁུལ་དར་སྤེལ་བཅས་ཀྱི་ལེའུ་གསར་པ་འབད་པས་འབྲི་བཞིན་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།