


དགུན་ཁའི་ཨ་མྱེས་རྨ་ཆེན་གངས་རི་འདབས་ཀྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཞིང་ཕྱུགས་ཐོན་རྫས་ལས་སྣོན་འཁྱགས་བཟོ་ཟོང་སྐྱེལ་ཐོན་ལས་ར་བའི་ནང་དུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་འདུག རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་འབྲོག་མི་ཀླུ་འཚོ་ཡིས་བྱང་ཆ་ལྡན་པའི་སྒོ་ནས་སྐམས་ཤའི་ཤ་རིལ་ལ་ཤུན་ཐུམ་རྒྱག་བཞིན་འདུག ཡར་སྔོན་གྱི་རྩྭ་ལ་བརྟེན་ནས་ཕྱུགས་འཚོ་བ་དང་གནམ་ལ་བརྟེན་ནས་ཡོང་སྒོ་འཚོལ་བའི་འཚོ་བ་དང་རིང་དུ་གྱེས་ཏེ། གཏན་འཇགས་ཀྱི་གླ་ཕོགས་ཐོབ་པ་དང་རྩལ་ནུས་གསོ་སྦྱོང་གི་གོ་སྐབས་ལ་འཕྲད་ནས་ཁྱིམ་ཚང་གི་སྒོ་ཁ་རུ་བྱ་བ་ཞིག་རྙེད་ཡོད། དེ་ནི་ཀླུ་འཚོ་ལྟ་བུའི་ཡུལ་དེའི་ཡུལ་མི་མང་པོ་ཞིག་གི་འཚོ་བ་སྔར་བས་སྐྱིད་པོ་རོལ་བའི་སེམས་ཀྱི་ཁེན་ས་རུ་གྱུར་ཡོད།
ཟླ1པའི་ཚེས16ཉིན། མཚོ་སྔོན་ཡོན་ཉིའུ་ཞང་ཟས་རིགས་ཚད་ཡོད་ཀུང་སིའི་ཧྲིལ་བོ་རང་འཁོར་ཅན་གྱི་སྐམས་ཤ་ཤ་རིལ་ཐོན་སྐྱེད་འཁོར་ཁང་གིས་དངོས་སུ་ཤ་རིལ་ཐོན་སྐྱེད་བྱེད་མགོ་བརྩམས། དེ་ནི་མཚོ་སྔོན་གྱི་གཞི་ཁྱོན་ཆེས་ཆེ་བའི་སྐམས་ཤའི་ཤ་རིལ་ལས་སྣོན་རྟེན་གཞི་ཡིན་པས། མཚོ་སྔོན་གྱི་སྐམས་ཤའི་ཐོན་ལས་མ་བཅོས་རྒྱུ་ཆ་འཚོང་བ་ནས་ཟོང་རྟགས་འཚོང་བར་བསྒྱུར་བའི་ཚད་ཤིང་བཙུགས་པར་མ་ཟད། རྟེན་གཞི་ཡོངས་སུ་འཁོར་སྐྱོད་བྱས་རྗེས་ཡུལ་དེའི་འབྲོག་མི200ལྷག་ལ་སྣེ་ཁྲིད་ནས་ཐོན་ལས་ཀྱི་བཟོ་པར་བསྒྱུར་ཐུབ།
བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2ཡན་བཏང་བའི་དེང་རབས་ཅན་གྱི་བཟོ་གྲྭའི་ནང་དུ་སོང་བ་ན་རིང་ཚད་ལ་སྨི300ཡོད་པའི་རིག་ནུས་ཅན་གྱི་ཐོན་སྐྱེད་འཕྲུལ་ཆས་མགྱོགས་མྱུར་གྱིས་འཁོར་སྐྱོད་བྱེད་བཞིན་པ་མཐོང་། ནན་ཏན་གྱིས་རིམས་བཤེར་བྱས་ཡོད་པའི་སྐྱེ་ལྡན་སྐམས་ཤའི་རུས་པ་ཕུད་པ་དང་ཤ་འདག་ཏུ་འཐག་པ། རིལ་བུར་བཅའ་བ་སོགས་ཀྱི་རང་བྱེད་ཅན་གྱི་གོ་རིམ་བརྒྱུད་རྗེས། དེ་མ་ཐག་ཏུ“མཐོ་སྒང་གི་མུ་ཏིག་དམར་པོ”རུ་འགྱུར་འགྲོ། “བཤའ་བ་ནས་ཐོན་རྫས་སུ་གྲུབ་པའི་བར་དུ་དུས་ཚོད4མ་གཏོགས་མི་འགོར། སྐར་མ25ཡི་ནང་དུ་གོར་ཐིག་མན་གྱི་ཏུའུ་གྲངས18ལ་འཁྱགས་སུ་བཅུག་སྟེ། སྐམས་ཤའི་སོས་འཛིན་དང་འཚོ་བཅུད་སྲུང་ཅི་ཐུབ་བྱས་ཡོད།”
ཐོན་སྐྱེད་སྤྱི་ཁྱབ་ལྟ་སྐུལ་པ་དབྱང་ཡུས་ཡུང་གིས་རྟེན་གཞི་ཡོངས་སུ་འཁོར་སྐྱོད་བྱས་རྗེས་ཉིན་རེར་ཆེས་མང་ན་ཤ་རིལ་ཏུན30ཐོན་སྐྱེད་བྱེད་ཐུབ་ཟེར།ཐོན་སྐྱེད་དང་ཕྱིར་འཚོང་གཉིས་ཀ་དམ་འཛིན་བྱས་པས་ཚོང་རའི་ལམ་ཁའང་མྱུར་མོར་བཏོད། མིག་སྔར། ཁེ་ལས་ལ་བཟོ་གྲྭའི་ནང་དང་མགོ་ལོག་རྨ་ཆེན་གནམ་ཐང་། ཟི་ལིང་ཚའོ་ཅ་པའོ་གནམ་ཐང་གི་ཐོག་ཁང་གསུམ་པ་བཅས་སུ་ཟོང་རྟགས་ཆེད་འཚོང་ཁང་གསུམ་ཕྱེ་ཡོད། འདར་དབྱངས་སོགས་དྲ་འཚོང་སྟེགས་བུའི་སྟེང་དུའང་འཚོང་བཞིན་ཡོད་ལ། སྐོར་དང་པོའི་ཧྲང་ཧའེ་དང་ཅང་སུའུ། ཀོང་ཏུང་སོགས་ཀྱི་ས་ཆ་ནས་མངག་ཉོ་བྱས་པའི་སྒོར་གྲངས་རིམ་བསགས་ཀྱིས་སྒོར་ཁྲི500ལས་བརྒལ།
བལྟས་ན་སྤྱིར་བཏང་གི་སྐམས་ཤའི་ཤ་རིལ་ཞིག་ཡིན་རུང་། སྐམས་ཤའི་ཐོན་ལས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་དཔེ་མཚོན་དུ་གྱུར་ཡོད། དེའི་རྒྱབ་ལོགས་སུ་རྗེས་ལུས་ཀྱི་ཐོན་སྐྱེད་བྱེད་སྟངས་བསྒྱུར་བའི་འཐབ་ཇུས་ཟབ་མོའི་ཚོད་བགམ་སྦས་ཡོད། “མ་བཅོས་སྐམས་ཤ་ཟོས་ན་མང་དུ་བལྡད་དགོས་པས་ཚོང་རའི་སྟེང་དུ་ཁས་ལེན་མི་བྱེད་ལ་ཟོང་རྟགས་ཅན་དུ་འགྱུར་དཀའ་བའི་གནད་དོན་ཡོད། སྐམས་ཤ་ཤ་རིལ་དུ་ལས་པའི་བསམ་ཚུལ་ལེགས་ཤིང་གཞན་གྱིས་རྒྱ་ཆེར་དགའ་བསུ་ཐོབ་པའི་བྱེད་སྟངས་འདི་ནི་ཐོན་ལས་གཅོང་ནད་ཀྱི་གནད་འཁེལ་འགག་སྒྲོལ་བརྗོད་གཞི་སྟེ།གཅིག་ནས་དེང་རབས་ཅན་གྱི་བཟོ་རྩལ་བརྒྱུད་ནས་ལྡད་སླ་བ་ཞིག་ཏུ་བསྒྱུར་ནས། རྒྱ་ཁོག་དང་ཁྱིམ་ཚང་ཟས་ཅོག་སོགས་ཀྱི་ཚོང་ར་ཆེན་པོ་བཏོད་ཡོད་པ་དང་། ཚད་ལྡན་ཅན་དང་ལས་སྣོན་ཞིབ་མོའི་ཐོན་རྫས་ཤིག་ཏུ་གྲུབ་པར་མ་ཟད། ཞིང་ཕྱུགས་ཐོན་རྫས་ཙམ་གྱི་ཚད་བཀག་ལས་བརྒལ་ནས་བདེ་བླག་ངང་ཟོང་རྟགས་བསྐྲུན་པ་ཡིན”ཞེས་ཀུང་སི་འཛུགས་མཁན་པ་ལི་ཡུས་ཀྱིས་དྲང་མོར་བཤད།
“ལོ་ངོ་བཞིར་གསོས་པའི་སྐམས་ཤ་ཤིན་ཏུ་ཞིམ”ཞེས་པའི་ཚད་གཞི་ནན་མོ་བརྟན་པོར་བསྲུངས་པའི་མཚོ་སྔོན་ཡོན་ཉིའུ་ཞང་མཉམ་འབྲེལ་སྐམས་ཤའི་ཤ་རིལ་བཟོ་བའི་ལག་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་པའི་རྒྱུན་འཛིན་པ་ལེན་ཙུའུ་ཧྥུ་ཡིས་སྲོལ་རྒྱུན་གྱི་མངོན་མིན་རིག་གནས་བཟོ་རྩལ་དེ་དེང་རབས་ཅན་གྱི་ལག་རྩལ་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། འཕང་འབྲས་དང་ཤ་མོ་སེར་པོ་སོགས་ཀྱི་བྲོ་བ་སྣ་བདུན་གྱི་ཐོན་རྫས་གསར་གཏོད་བྱས་པ་དང་། ཐུན་མོང་ཚད་ལྡན་སྣ་བཞི་གཏན་འཁེལ་བྱས་ཏེ་ཐོན་རྫས་ཀྱི་སྟོང་ཆ་བསྐངས་པས། ནང་ལོག་གི་ཀང་ཨའོ་ཚོང་རར་བཙོང་ཆོག་པའི་ཐོབ་ཐང་ཐོབ་པའི་སྐམས་ཤའི་ཤ་རིལ་གྱི་ཟོང་རྟགས་ཐོག་མར་གྱུར།
སྐམས་ཤའི་ཤ་རིལ་དེའི་སྟེང་དུ་ཐོན་ལས་འགྱུར་ལྡོག་གི་འགུལ་སྐྱོད་ཆེན་པོ་སྦས་ཡོད། “སྐམས་ཤའི་ཐོན་ལས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན། ‘ལས་སྣོན་ཞིབ་ཚགས’དང‘རིན་ཐང་མཐོར་འདེགས’གཉིས་ལ་ཤུགས་སྣོན་རྒྱུ་ནི་གནད་འགག་ཡིན།” མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གི་ཏང་ཙུའུ་ཁོངས་མིའམ་ཅང་སུའུ་ཡི་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བའི་རུ་ཁག་གི་མགོ་གཙོ་གཞོན་པ་ལི་མིང་གིས།
“ཅང་སུའུ་མཚོ་སྔོན་གྱི་ཤར་ནུབ་མཉམ་ལས་མ་ལག་གིས་མཚོ་སྔོན་གྱི་ཕྱུགས་ལས་ལ་རྒྱབ་སྐྱོར་བྱེད་པའི་རིམ་པ་མགྱོགས་མྱུར་གྱིས་སྤར་བཞིན་པའི་སྒང་ཡིན། སྐམས་ཤ་ཤ་རིལ་ལྟ་བུའི་ལས་སྣོན་ཞིབ་ཚགས་ཀྱི་ཐོན་རྫས་ལ་མཚོན་ན། དེང་རབས་ཅན་གྱི་ལག་རྩལ་ལ་བརྟེན་ནས་རིམ་པ་མཐོན་པོའི་ཚོང་ར་གཏོད་བཞིན་ཡོད་པས། ཐོན་ལས་མུ་ཕྲེང་སྲིང་པ་དང་རིན་ཐང་མུ་ཕྲེང་མཐོ་རུ་འདེགས་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་རེད། དེ་ནི་མཚོ་སྔོན‘ཕྱུགས་ལས་ཀྱི་ཞིང་ཆེན་ཆེན་པོ’ནས‘ཐོན་ལས་ཀྱི་ཞིང་ཆེན་སྟོབས་ལྡན’དུ་བསྒྱུར་བའི་ཐབས་ལམ་དང་འཆར་འགོད་ལ་ཡོངས་སུ་འཚམ།”ཅང་སུའུ་མཚོ་སྔོན་གྱི་ཤར་ནུབ་མཉམ་ལས་ལ་བརྟེན་ནས། ཁེ་ལས་ཀྱིས“ཁེ་ལས+མཉམ་ལས་ཁང+འབྲོག་ཁྱིམ”གྱི་མངག་ཉོ་བྱེད་སྟངས་བརྒྱུད་ནས། ཚོང་རའི་རིན་གོང་ལས་མཐོ་བའི་མ་མཐའི་རིན་གོང་བསྲུངས་ནས་སྐྱེ་ལྡན་ནོར་གནག་ཉོས་ཏེ། མཉམ་ལས་འབྲོག་ཁྱིམ་གྱི་ལོ་རེའི་ཡོང་སྒོ20%འཕར་བར་སྣེ་ཁྲིད་པའི་སྔོན་རྩིས་བྱས་ཡོད། རྨ་ཆེན་རྫོང་གི་རྫོང་དཔོན་ཅིན་ཚའེ་ཡིས་བཤད་རྒྱུར། ལས་གཞི་དེ་ནི་ལས་སྣོན་བཟོ་གྲྭ་ཡིན་པར་མ་ཟད་ཐོན་ལས་ཀྱི་འབྲེལ་ཟམ་དེ་བས་ཀྱང་ཡིན་པས། སྐྱེ་ཁམས་ཕྱུགས་ལས་ས་ཁུལ་གྱི་རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལད་མོ་བྱས་ཆོག་པའི་དཔེ་སྟོན་ཐབས་ལམ་ཞིག་འདོན་སྤྲོད་བྱས་ཡོད་ཟེར།
ཐོན་སྐྱེད་བྱེད་མགོ་བརྩམས་པའི་མགོ་ཚུགས་སར་རྐང་བཙུགས་ཏེ། ཁེ་ལས་ཀྱིས་དམིགས་འབེན་སྔར་བས་མཐོན་པོར་དམིགས་ཡོད། ཡོ་རབ་མནའ་འབྲེལ་གྱི་སྐྱེ་ལྡན་ཁས་ལེན་དང་། དྭངས་གཙང་བྱང་འཛར་དང་རྒྱལ་ཁབ་ས་གཤིས་མཚོན་རྟགས་ཐོན་རྫས་ཁས་ལེན་ཐོབ་པ་བཅས་བརྩོན་ལེན་བྱས་ཏེ། ཞིབ་འཇུག་གསར་གཏོད་ཚོགས་པ་བཙུགས་ནས་ཐོན་རྫས་ཀྱི་བཟོ་རྩལ་ཡང་དང་བསྐྱར་དུ་བདམས་ནས་ལུས་རྩལ་པ་དང་སྦྲུམ་མར་འཚོང་བ་སོགས་ཀྱི་ཚོང་རའི་རིམ་པ་མཐོན་པོའི་ཐོན་རྫས་ཞིབ་མོར་བགོས་ཏེ། ནོར་གནག་གི་ཞོར་རྫས་རིན་གོང་མཐོན་པོར་བཙོང་བར་འབད་བརྩོན་བྱེད་ཀྱིན་ཡོད།
གངས་རིའི་འབྲོག་ས་ནས་རྒྱ་ཆེའི་ཚོང་ར་བར་དུ། སྐམས་ཤའི་ཤ་རིལ་གྱིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའིི་ཐོན་ལས་ཀྱི་རིམ་པ་སྤར་ཡོད་ལ། མཚོ་སྔོན་འདི་ཕྱུགས་ལས་ཀྱི་ཞིང་ཆེན་ཆེན་པོ་ནས་ཐོན་ལས་ཀྱི་ཞིང་ཆེན་སྟོབས་ལྡན་དུ་འགྱུར་བའི་ཕྱོགས་ལ་གོམ་པ་སྤོ་བའི་ལེའུ་འབྲི་མགོ་བརྩམས་ཡོད།