ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་སོ་གཅིག་པ།༽དབུལ་ཕོངས་ས་ཁུལ་དབུལ་ཐར་ཕྱུག་འགྱུར་དང་གོང་འཕེལ་མགྱོགས་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

ཁུངས། ཀློག་གྲངས།

༄༅ ། །དབུལ་ཕོངས་ས་ཁུལ་དབུལ་ཐར་ཕྱུག་འགྱུར་དང་གོང་འཕེལ་མགྱོགས་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

( 2012ལོའི་ཟླ་12ཚེས་29ཉིན་དང་ཚེས་30ཉིན། )

དབུལ་ཕོངས་ཁྱད་གསོད་དང་དམངས་འཚོ་ལེགས་བཅོས་བྱས་ཏེ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཐོག་གི་བླང་བྱ་ཡིན། དཀའ་ངལ་ཅན་གྱི་མང་ཚོགས་ལ་ང་ཚོས་དམིགས་བསལ་གྱིས་དོ་སྣང་དང་། དམིགས་བསལ་གྱིས་ཤ་ཚ་བ། དམིགས་བསལ་གྱིས་སེམས་འཁུར་བཅས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཁོང་ཚོར་དཀའ་ངལ་སེལ་རོགས་དང་། མང་ཚོགས་ཀྱི་བདེ་སྡུག་དང་ཚ་གྲང་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་འཛིན་པ། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱེད་དགོས།

གསར་བརྗེའི་གནས་རྙིང་དང་གནས་རྙིང་མི་དམངས་ཀྱིས་ཀྲུང་གོའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་པར་བྱས་རྗེས་གལ་ཆེན་བཞག་ཡོད་པས། ཏང་དང་མི་དམངས་ཀྱིས་ཡུན་ནས་ཡུན་དུ་བརྗེད་མི་སྲིད། བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ30ལྷག་གི་རིང་ལ། རང་རྒྱལ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྤྱི་ཆའི་ཐོག་ནས་འཕོ་འགྱུར་ཆེན་པོ་བྱུང་ཡོད། དུས་མཚུངས་རང་རྒྱལ་ཉིད་ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་དང་། ད་དུང་གྲངས་འབོར་ཆེ་ཙམ་གྱི་དཀའ་ངལ་ཅན་གྱི་མང་ཚོགས་ཡོད་པ་རེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་དཀའ་ཁག་ཆེ་ཤོས་དང་ལས་འགན་ལྗིད་ཤོས་ནི་གྲོང་གསེབ་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་དུ་ཡོད། གྲོང་གསེབ་ཀྱི་འབྱོར་འབྲིང་མེད་པ་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་གྱི་འབྱོར་འབྲིང་མེད་ན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་མི་ཐུབ། ཀྲུང་དབྱང་གིས་དབུལ་སྐྱོར་གསར་སྤེལ་ལས་ཀར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་དབུལ་སྐྱོར་གསར་སྤེལ་ལས་ཀའི་ལས་འགན་འཁུར་བསམ་དང་འགན་འཁྲི་སྒྲུབ་བསམ་ཆེ་རུ་བཏང་ནས། འཆར་གཞི་ཡོད་པ་དང་། གྲོན་དངུལ་ཡོད་པ། དམིགས་འབེན་ཡོད་པ། བྱེད་ཐབས་ཡོད་པ། ཞིབ་བཤེར་ཡོད་པ་བཅས་བྱས་ཏེ། ཚང་མས་དཔུང་པ་མཉམ་གཤིབ་ཀྱིས་འབད་བརྩོན་བྱས་ནས་ཡུལ་མི་སྤུན་ཟླ་ཚོ་གང་མགྱོགས་ཀྱིས་དབུལ་ཐར་ཕྱུག་འགྱུར་བྱུང་ནས་འབྱོར་འབྲིང་ལ་སྐྱོད་དུ་འཇུག་དགོས།

ཡིད་ཆེས་ཡོད་ན་ས་སེར་ཡང་གསེར་དུ་སྒྱུར་ཐུབ། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་དཀའ་ངལ་ཅན་གྱི་མང་ཚོགས་དང་། ལྷག་པར་དུ་གསར་བརྗེའི་གནས་རྙིང་དང་དབུལ་ཕོངས་ས་ཁུལ་གྱི་དཀའ་ངལ་ཅན་གྱི་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ཡོང་བར་བྱ་རྒྱུ་དེ་སྔར་ལས་མངོན་གསལ་གྱི་གོ་གནས་སུ་བཞག་སྟེ། ཡུལ་བབས་ལ་བསྟུན་པ་དང་། ཚན་རིག་དང་མཐུན་པར་འཆར་འགོད། རིགས་ཕྱེ་ནས་མཛུབ་སྟོན། བབས་བསྟུན་སྣེ་ཁྲིད་བཅས་བྱེད་དགོས་པ་དང་། རོགས་སྐྱོར་སྲིད་ཇུས་ཁག་གསར་བརྗེའི་གནས་རྙིང་དང་དབུལ་ཕོངས་ས་ཁུལ་ལ་སྔར་ལས་ལྷག་པར་ལྟ་སྐྱོང་བྱེད་པ་དང་། སྔར་ལས་ལྷག་པར་ཡིད་ཆེས་ཇེ་བརྟན་དང་ཐབས་ལམ་འཕྱུགས་མེད་དུ་རྙེད་པ། དཀའ་སྤྱད་ཧུར་སྒྲུབ་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། དབུལ་ཕོངས་ས་ཁུལ་དབུལ་ཐར་ཕྱུག་འགྱུར་ཡོང་བ་དང་གོང་སྤེལ་མགྱོགས་པོ་ཡོང་བར་སྐུལ་འདེད་གཏོང་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚོས་སེམས་ལ་དཀའ་ངལ་ཅན་གྱི་མང་ཚོགས་བཟུང་ནས། བཀྲེས་པར་ཟས་དང་སྐོམ་པར་ཆུ་སྐྱེལ་བའི་ལས་ཀ་མང་ཙམ་སྒྲུབ་པ་དང་། སེམས་རྩ་འཁོལ་བའི་ངང་ནས་དཀའ་ངལ་ཅན་གྱི་མང་ཚོགས་ལ་བྱ་བ་སྒྲུབ་དགོས།

གྲོང་གསེབ་གོང་འཕེལ་དང་ཞིང་པ་ཕྱུག་འགྱུར་ཡོང་དགོས་ན་གནད་འགག་ནི་ཀྲི་པུའུ་ལ་ཐུག་ཡོད། གྲོང་གསེབ་གཞི་རིམ་གྱི་བློ་མཐུན་ཚོ་ནི་ལས་ཀའི་མདུན་སྣེར་ཡོད་པ་དང་། ཆ་རྐྱེན་ཡག་པོ་མེད་ལ། ལོ་འཁོར་མོ་ཡུག་ཏུ་དཀའ་ལས་ཆེན་པོ་རྒྱག་དགོས་པས། དཀའ་ཚེགས་ཆེ་ལ་ལས་སླ་པོ་མེད། ངས་ཁྱེད་ཚོར་ཞེ་ཐག་པ་ནས་འོ་བརྒྱལ་འཚམས་འདྲི་ཞུ་རྒྱུ་ཡིན། ཏང་གི་སྲིད་ཇུས་ཇི་མ་ཇི་བཞིན་དུ་དོན་འཁྱོལ་ཡག་པོ་བྱས་ཏེ། ཚང་མས་རྡོག་རྩ་གཅིག་སྒྲིལ་དང་། བློ་ཁ་གཅིག་གཏད། དཔུང་པ་མཉམ་གཤིབ། ངལ་བ་མཉམ་རྩོལ་བཅས་ཀྱི་ཐོག་ནས། ངེས་པར་དུ་ཐབས་བརྒྱ་ཇུས་སྟོང་གིས་ཡུལ་མི་སྤུན་ཟླ་ཚོར་གང་མགྱོགས་ཀྱིས་འཚོ་བ་འབྱོར་པོ་རོལ་ཐུབ་པར་བྱེད་དགོས།