
༄༅།།ཆུང་བའི་དུས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ཉམས་ལེན་བྱེད་དགོས།
(2014ལོའི་ཟླ་5ཚེས་30ཉིན།)
སློབ་གྲོགས་རྣམ་པ་དང་། དགེ་རྒན་རྣམ་པ། བློ་མཐུན་རྣམ་པ་ཚོ།
ལྷན་རྒྱས་སྐུ་ཁམས་བཟང་། “དྲུག་གཅིག” བྱིས་པའི་དུས་ཆེན་གྱི་སྔ་རོལ་འདིར། ང་ཚོ་ཧའེ་ཏེན་ཁུལ་མི་རིགས་སློབ་ཆུང་དུ་ཡོང་ནས། བརྗོད་གཞི་ཉིན་མོའི་རུ་ཞུགས་མཛད་སྒོ་ལ་ཞུགས་ཏེ། ལོ་ཆུང་གདོང་ལེན་རུ་ཁག་གིས་བྱེད་སྒོ་སྤེལ་བར་ལྟ་སྐོར་བྱ་རྒྱུ་བྱུང་བས། དགའ་སྤྲོ་ཆེན་པོ་སྐྱེས་བྱུང་། ད་ནས་ཉིན་གཉིས་འདས་ཚེ། “དྲུག་གཅིག” རྒྱལ་སྤྱིའི་བྱིས་པའི་དུས་ཆེན་རེད། འདིར། ངས་ཐོག་མར་ཁྱེད་རང་ཚོ་དང་རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་ཡིན། ཚང་མར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ཧའེ་ཏེན་ཁུལ་མི་རིགས་སློབ་ཆུང་གིས་དཔེ་ཆ་ཁྲིད་དེ་མི་གསོ་སྐྱོང་ལ་དོ་སྣང་བྱེད་པ་དང་། བྱེད་སྒོ་མང་པོ་ཞིག་སྒྲིག་འཛུགས་བྱས་ཏེ་སྤེལ་བར་གྲུབ་འབྲས་བཟང་པོ་ཐོབ་ཡོད། ད་གིན་སློབ་གྲོགས་འགའ་དང་ཁྱིམ་བདག་འགའི་གཏམ་བཤད་ཉན་པས། བློ་སྐྱེད་ཆེན་པོ་བྱུང་། ཚང་མས་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་རྒྱག་དགོས་པའི་སྐོར་དང་། གཞོན་ནུ་ལོ་ཆུང་བྱིས་པར་སྣེ་ཁྲིད་བྱས་ཏེ་ཆུང་བའི་དུས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ཉམས་ལེན་བྱེད་དགོས་དོན་སྐོར་བཤད་སོང་། དེ་ཧ་ཅང་ཡག་པོ་འདུག ང་ཚོའི་བསམ་དོན་གཅིག་ལ་འཁེལ་སོང་། ང་ཡང་དེ་རིང་འདིར་ཡོང་ནས་ཚང་མར་གནད་དོན་འདི་གླེང་འདོད་འདུག།
མི་རིགས་ཤིག་གི་ཤེས་དཔལ་ཡར་རྒྱས་ཡོང་རྒྱུ་དང་། རྒྱལ་ཁབ་ཅིག་གོང་འཕེལ་ཡར་རྒྱས་ཡོང་རྒྱུར་མི་རབས་ནས་མི་རབས་སུ་གཅིག་རྗེས་གཉིས་མཐུད་ཀྱིས་འབད་བརྩོན་བྱེད་དགོས་པ་དང་། སྟོབས་ཤུགས་མང་པོ་ཞིག་གིས་སྐུལ་འདེད་གཏོང་དགོས། ལྟེ་བའི་རིན་ཐང་ལྟ་བ་ནི་དེའི་ནང་གི་ཕུགས་བརྟན་ཤོས་དང་གཏིང་ཟབ་ཤོས་ཀྱི་སྟོབས་ཤུགས་རེད། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་5000ལྷག་གི་རྒྱུན་རིང་ལོ་རྒྱུས་དང་རྣམ་བཀྲའི་རིག་གནས་མངའ་ཡོད་ལ། དེར་མ་ཟད་ཀྲུང་ཧྭའི་ཤེས་དཔལ་ཉིད་གནའ་སྔ་མོ་ནས་ད་ལྟའི་བར་དུ་དར་རྒྱུན་མ་ཆད་པར་གོང་འཕེལ་བྱུང་ཡོད། ཀྲུང་ཧྭ་མི་རིགས་ཉིད་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་དར་རྒྱུན་རིང་མོའི་ནང་དུ་མི་ཉམས་འཚོ་གནས་དང་བསྟུན་མར་གོང་འཕེལ་ཡོང་ཐུབ་དོན་ཅི་ཡིན་ཟེར་ན། རྒྱུ་མཚན་གལ་ཆེན་ཞིག་ནི་ང་ཚོའི་མི་རིགས་ལ་གཅིག་རྒྱུན་གཅིག་འཛིན་གྱི་བསམ་པའི་དོན་གཉེར་དང་། བསམ་པའི་ཁྱད་ཡོན། བསམ་པའི་རྩ་ལག་བཅས་ལྡན་ཡོད་པས་རེད། དེང་སང་ང་ཚོས་བེད་སྤྱོད་གཏོང་བའི་རྒྱ་ཡིག་དེ་རུས་བརྐོས་ཡིག་གེ་དང་རྩ་བའི་ཁྱད་པར་མེད་པ་དང་། ལའོ་ཙི་དང་། ཁུང་ཙི། མེང་ཙི། ཀྲོང་ཙི་སོགས་སྔོན་བྱོན་མཁས་དབང་རྣམ་པས་བསྟན་པའི་ལྟ་བ་ཁག་ཀྱང་ད་ལྟའི་བར་དུ་མ་ཉམས་རྒྱུན་འཛིན་བྱུང་ཡོད། དེ་ལྟ་བུའི་ལོ་ངོ་སྟོང་ཕྲག་དུ་མར་མུ་རུ་འབྲེལ་ནས་གོང་འཕེལ་བྱུང་བའི་ཤེས་དཔལ་ནི་འཛམ་གླིང་གི་མི་རིགས་ཁག་གི་ནང་དུ་མཐོང་དཀོན་པ་ཞིག་རེད། །
ད་ལྟ། ཀྲུང་ཧྭ་མི་རིགས་ཉིད་མུ་མཐུད་མདུན་སྐྱོད་བྱེད་དགོས་ན། ངེས་པར་དུ་དུས་རབས་ཀྱི་ཆ་རྐྱེན་གཞིར་བཟུང་ང་ཚོའི་མི་རིགས་ཀྱི་སྙིང་སྟོབས་དང་། ང་ཚོའི་མི་རིགས་ཀྱི་ཕུལ་བྱུང་རིག་གནས། ལྷག་པར་དུ་དེ་དག་གི་ནང་དུ་འགྲིལ་བའི་སྲོལ་རྒྱུན་གྱི་སྤྱོད་བཟང་བཅས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས།
ང་ཚོས་དར་སྤེལ་གཏོང་བའི་འབྱོར་ཕྱུག་དང་། དམངས་གཙོ། ཚུལ་ལྡན། ཞི་མཐུན་བཅས་དང་། རང་དབང་དང་། འདྲ་མཉམ། དྲང་སྙོམ། ཁྲིམས་སྐྱོང་བཅས། རྒྱལ་གཅེས་དང་ལས་བཀུར། ཡིད་རྟོན། མཛའ་མཐུན་བཅས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་གནའ་རབས་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱི་བསམ་བློ་མཚོན་ཡོད་པ་དང་། དམ་པ་དོན་གཉེར་ཅན་རྣམས་ཀྱི་ཕུགས་རེ་མཚོན་ཡོད་ལ། གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ཀྱི་ཕུགས་བསམ་མཚོན་ཡོད་ཅིང་། མི་རིགས་ཁག་གི་མི་དམངས་ཀྱིས་དགའ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་ཡང་མཚོན་ཡོད། དེ་ཡང་ཀྲུང་གོ་བ་ཡིན་ཕྱིན་མ་བསྐུལ་དང་བླངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ཉམས་ལེན་བྱེད་དགོས།
དུམ་བུ་འདིའི་ནང་ངས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ཉམས་ལེན་བྱེད་དགོས་པའི་སྐོར་གྱི་གནད་དོན་གཅིག་སྡུད་ཀྱིས་བཤད་ཡོད། ད་ལོའི་ཟླ་2པར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་གཏོང་རྒྱུའི་སྐོར་ལ་ཆེད་དམིགས་ཐུན་མོང་ཐོག་སློབ་སྦྱོང་བྱས་པ་དང་། ངས་དེའི་ཐོག་ཏུ་གཏམ་བཤད་བྱས་ཏེ་སྤྱི་ཚོགས་ཡོངས་ལ་བླང་བྱ་བཏོན་པ་ཡིན། “ལྔ་བཞིའི་”གཞོན་ནུའི་དུས་ཆེན་ལ། ང་པེ་ཅིན་སློབ་གྲྭ་ཆེན་མོར་ཕྱིན་ནས། སློབ་གྲྭ་ཆེན་མོ་བ་ཚོར་གནད་དོན་དེ་བཤད་པ་ཡིན། ཉེ་ལམ་སླར་ཡང་ཧྲང་ཧའེ་ལ་ཕྱིན་ནས་འགོ་ཁྲིད་ལས་བྱེད་པ་རྣམས་ལ་གནད་དོན་དེ་བཤད་པ་ཡིན། དེ་རིང་སློབ་ཆུང་སློབ་མ་ཚོར་གནད་དོན་དེ་གཅིག་བཤད་འདོད་ཡོད། གང་ཡིན་ཟེར་ན། བསམ་བློའི་ལྟ་བ་གང་ཞིག་ཡིན་རུང་སྤྱི་ཚོགས་ཡོངས་སུ་གཞི་ཚུགས་ཏེ་དུས་ཡུན་རིང་པོར་ནུས་པ་ཐོན་དགོས་ན། ལོ་ཆུང་བྱིས་པ་ནས་འཛིན་འགོ་རྩོམ་དགོས་པས་རེད།
གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་མ་འོངས་པ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རེ་བ་ཡིན། དེ་ནི《གཞོན་གསར་ཀྲུང་གོ་བཤད་པ》ལས་གསུངས་པ་ནང་བཞིན་ཏེ། ལོ་ཆུང་བློ་གྲོས་ལྡན་ན་ཀྲུང་གོ་བློ་གྲོས་ལྡན། ལོ་ཆུང་སྟོབས་ཆེ་ན་ཀྲུང་གོ་སྟོབས་ཆེ། ལོ་ཆུང་ཡར་རྒྱས་བྱུང་ན་ཀྲུང་གོ་ཡར་རྒྱས་ཡོང་ཞེས་པ་དེ་རེད། རྙིང་ཚབ་གསར་བརྗེ་ནི་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་ཆོས་ཉིད་ཡིན་པས། མ་འོངས་པ་ནི་གང་ལྟར་ཀྱང་ད་ལྟའི་གཞོན་ནུ་ལོ་ཆུང་ཚོས་གསར་སྐྲུན་བྱེད་དགོས། ན་ནིང་གི“དྲུག་གཅིག”བྱིས་པའི་དུས་ཆེན་སྐབས་ངས་མི་ཚང་མ་བྱིས་པ་ནས་ཡར་འཚར་ལོངས་བྱུང་བ་རེད་ཅེས་བཤད་མྱོང་ཡོད། ང་ཚོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན། ང་ཚོ་མི་རབས་འདི་ལ་བརྟེན་དགོས་ལ། མི་རབས་རྗེས་མར་དེ་བས་ཀྱང་རྟེན་དགོས་པ་རེད། ལོ་ཆུང་བྱིས་པ་རྣམས་ཀྱི་སེམས་པ་ནི་སྐྱེན་པོ་ཡོད་པ་དང་། བྱ་དངོས་བཟང་པོ་ཐམས་ཅད་དང་ལེན་བྱེད་པར་གྲ་སྒྲིག་བྱས་ཡོད། “དཔའ་སྐྱེས་སྐྱེས་ཐམས་ཅད་ལོ་ཆུང་གྲལ་ནས་སྐྱེས”ཟེར་སྲོལ་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ད་ལྟ་དང་མ་འོངས་པའི་དོན་དུ་ང་ཚོས་རྒྱ་ཆེའི་ལོ་ཆུང་བྱིས་པ་རྣམས་ལ་སྣེ་ཁྲིད་བྱས་ཏེ་ཕུགས་རྒྱང་རིང་བའི་འདུན་པ་སྐྱེད་དུ་འཇུག་དགོས་པ་དང་། སེམས་རྒྱུད་བཟང་པོ་གསོ་སྐྱོང་བྱེད་དུ་འཇུག་དགོས་ལ། ལོ་ཆུང་བྱིས་པ་རྣམས་འཚར་ལོངས་སྔར་ལས་ལེགས་པ་ཡོང་དུ་འཇུག་དགོས།
ལོ་ཆུང་བྱིས་པ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ཉམས་ལེན་ཇི་ལྟར་བྱེད་དགོས་སམ་ཞེ་ན། མི་དར་མ་ཚོ་དང་མི་འདྲ་བར། ལོ་ཆུང་བྱིས་པ་རྣམས་ཀྱི་ལོ་ཚོད་དང་ཁྱད་ཆོས་ལ་བསྟུན་དགོས། ངས་བལྟས་ན་གཙོ་བོ་ནི་བླང་བྱ་སེམས་ལ་འཛིན་པ་དང་། སེམས་ན་མིག་དཔེ་ཡོད་པ། ཆུང་བའི་དུས་ནས་བྱེད་འགོ་རྩོམ་པ། རོགས་རམ་དང་ལེན་བྱེད་པ་བཅས་རེད།
——བླང་བྱ་སེམས་ལ་འཛིན་པ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གཞི་རྩའི་ནང་དོན་བློ་ལ་ཡག་པོར་ངེས་དགོས་པ་དང་། དེ་ཉིད་སེམས་ལ་འཇགས་སུ་འཇུག་དགོས་ལ་ཀླད་པའི་ནང་དུ་རི་མོ་ལྟར་བརྐོ་དགོས། ཁྱོད་ཚོ་ཚང་མ་ད་དུང་སློབ་སྦྱོང་གི་དུས་སྐབས་སུ་གནས་ཡོད་པས། སྤྱི་ཚོགས་ཀྱི་ཉམས་མྱོང་མང་པོ་མེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གོ་དོན་ལ་གོ་བ་གཏིང་ཟབ་མོ་ཞིག་ལོན་ཐུབ་པའི་ངེས་པ་མེད་མོད། འོན་ཀྱང་སེམས་ལ་བརྟན་པོར་ངེས་པ་ཡིན་ན། རང་ཉིད་ཀྱི་ན་ཚོད་དང་། ཤེས་བྱ། ཉམས་མྱོང་བཅས་རྒྱུན་ཆད་མེད་པར་སྐྱེ་འཚར་ཡོང་བ་དང་སྦྲགས་ནས་ཤེས་རྟོགས་སྔར་ལས་མང་བ་དང་། ཟབ་པ་དང་། མཐར་ཕྱིན་པ་ཞིག་ཡོང་སྲིད། འཚར་ལོངས་ཡོང་བའི་བརྒྱུད་རིམ་ནང་དུ་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། རྒྱུན་ཆད་མེད་པར་སེམས་ལ་ཡོད་པའི་བླང་བྱ་འདི་དག་དྲན་དགོས་པ་དང་། རྒྱུན་ཆད་མེད་པར་གོ་བ་ཟབ་མོ་ལེན་དགོས། གནའ་ནས་ད་བར་དུ་དོན་བྱ་ཆེན་པོ་འགྲུབ་མཁན་ཚང་མས་ལོ་ཆུང་དུས་ནས་རང་ཉིད་ལ་རེ་བ་ནན་མོ་འདོན་གྱི་ཡོད།
——སེམས་ན་མིག་དཔེ་ཡོད་པ་ཞེས་པ་ནི། དཔའ་བོའི་མི་སྣ་དང་། སྔོན་ཐོན་མི་སྣ། བྱ་དངོས་བཟང་པོ་བཅས་ལ་སློབ་སྦྱོང་བྱེད་དགོས་པ་དང་། སློབ་སྦྱོང་བྱེད་རིམ་ནང་བསམ་བློ་དང་སྤྱོད་ལམ་བཟང་པོ་དོན་གཉེར་བྱ་རྒྱུའི་གོམས་གཤིས་འཇགས་པར་བྱེད་དགོས། རང་རྒྱལ་གྱི་ལོ་རྒྱུས་ནང་ལོ་ཆུང་དཔའ་བོའི་སྒྲུང་གཏམ་མང་པོ་ཞིག་བྱུང་མྱོང་ཡོད་པ་དང་། ཀྲུང་གོའི་གྲང་ཁྲན་ཏང་གི་མི་དམངས་ལ་འགོ་ཁྲིད་བྱས་ཏེ་སྤེལ་བའི་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་བྱ་གཞག་ནང་དུ་ཡང་ལོ་ཆུང་དཔའ་བོ་འབོར་ཆེན་ཐོན་ཡོད་ལ། ཁོང་ཚོའི་ནང་གི་མི་མང་པོ་ཞིག་གི་མིང་སློབ་གྲོགས་ཚོས་གོ་མྱོང་ཡོད་སྲིད། སྔོན་ཆད་ཀྱི་གློག་བརྙན《གསར་བརྗེའི་ཕྲུ་གུ》དང་《དམག་འཁྲུག་ཀྲང་ཀ》 《བྱ་སྒྲོའི་འཕྲིན་ཡིག》 《དམག་སྡེ་བརྒྱད་པའི་དཔའ་བོ་ཆུང་ཆུང》 《རྩྭ་ཐང་གི་དཔའ་མོ་གཅེན་གཅུང་གཉིས》ལ་སོགས་པ་ཚང་མར་ལོ་ཆུང་དཔའ་བོའི་གཏམ་རྒྱུད་བཤད་ཡོད། ད་ལྟ་ནི་བྱིས་པ་བཟང་པོ་དང་ན་ཆུང་བཟང་པོ་དེ་བས་ཀྱང་མང་པོ་ཡོད། ཁྱེད་ཚོའི་སློབ་གྲྭར་ཡང“གཅེས་སུ་འོས་ཤོས་ཀྱི་ན་ཆུང་” ཞེས་གདེང་འཇོག་བྱས་པའི་སློབ་གྲོགས་ཡོད། གཞན་ཡང་ལས་རིགས་ཁག་ཚང་མའི་ནང་ང་ཚོས་སློབ་སྦྱོང་བྱེད་འོས་པའི་མིག་དཔེ་ཡོད་པ་སྟེ། དེ་དག་ནང་མཁའ་སྐྱོད་དཔའ་བོ་དང་། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ། ཚན་རིག་པ་མཁས་ཆེན། ངལ་རྩོལ་དཔེ་བཟང་ཅན། ན་གཞོན་དང་བླངས་པ་སོགས་ཡོད་པ་དང་། ད་དུང་གཞན་ལ་རོགས་རམ་བྱེད་པར་དགའ་མཁན་དང་། བདེན་པའི་དོན་དུ་དཔའ་རྩལ་འདོན་མཁན། ཁ་དན་ཚིག་ལ་གནས་མཁན། ལས་བཀུར་ལེགས་སྐྱེས་འབུལ་མཁན། རྒན་ལ་བཀུར་ཞིང་གཉེན་ལ་བྱམས་མཁན་བཅས་ཀྱི་མི་བཟང་སོགས་ཡོད། མིག་དཔེའི་ནུས་པ་ནི་འཛད་མཐའ་མེད། ཚང་མས་ཁོང་རྣམས་སེམས་ནང་གི་མིག་དཔེ་བྱས་ནས། ཁོང་རྣམས་ལ་མིག་དཔེ་ལྟ་བ་དང་། ཁོང་ཚོ་ནང་བཞིན་བསམ་བློ་དང་ཀུན་སྤྱོད་བཟང་པོ་དོན་གཉེར་བྱེད་དགོས། དེ་ནི་ཁུང་ཙིས་གསུངས་པའི“བཟང་པོ་མཐོང་ན་མིག་ལྟོས་ཡར་འགྲན་བྱའོ། །ངན་པ་མཐོང་ན་རང་ཉིད་བཤེར་བར་བྱའོ”ཞེས་གསུངས་པ་དེ་ཡིན།
——ཆུང་བའི་དུས་ནས་བྱེད་འགོ་རྩོམ་པ་ནི། རང་ཉིད་ནས་བྱེད་འགོ་རྩོམ་པ་དང་། ཉེ་འཁོར་ནས་བྱེད་འགོ་རྩོམ་པ། དོན་དག་ཆུང་ཆུང་ནས་བྱེད་འགོ་རྩོམ་པ་བཅས་བྱས་ཏེ། ཆུ་ཐིགས་བསགས་པའི་རྒྱ་མཚོ་ཟེར་བ་ལྟར་བསམ་བློ་བཟང་པོ་དང་སྤྱོད་ལམ་བཟང་པོ་འཇགས་པ་བྱེད་དགོས། “ཆུང་དུས་བརྩོན་པ་མ་སྤྱད་ན། །རྒས་དུས་འགྱོད་པ་སྟོང་པ་ཡིན” ཞེས་དང་། ལེ་དབར་སྟོང་གི་བཤུལ་ལམ་དེ། གོམ་པའི་འོག་ཏུ་འགོ་རྩོམ་དགོས་ཞེས་ཟེར་བ་ལྟར། མི་རེ་རེ་ཚང་མའི་འཚོ་བ་ནི་དོན་དག་ཆུང་ཆུང་རེ་རེས་མ་གྲུབ་ལ་གཅིག་ཀྱང་མེད་ལ། ཀུན་སྤྱོད་ཆུང་ཆུང་སྦྱངས་ན་ད་གཟོད་ཀུན་སྤྱོད་ཆེན་པོ་ཆགས་ཐུབ། ན་ཆུང་བྱིས་པ་ཚོས་ནི་མི་དར་མ་ནང་བཞིན་སྤྱི་ཚོགས་ལ་བྱ་བ་མང་པོ་ཞིག་སྒྲུབ་མི་ཐུབ་མོད། འོན་ཀྱང་ཆུང་ཆུང་ནས་བྱེད་འགོ་བརྩམས་ཆོག་ལ། ཉི་མ་རེ་རེར་འདི་ལྟར་བསམ་བློ་གཅིག་གཏོང་དགོས་པ་སྟེ། མེས་རྒྱལ་ལ་དགའ་ཞེན་ཡོད་དམ། ཐུན་མོང་ལ་དགའ་ཞེན་ཡོད་དམ། སློབ་སྦྱོང་ལ་འབད་བརྩོན་བྱས་སམ། སློབ་གྲོགས་ལ་སེམས་འཁུར་བྱས་སམ། དགེ་རྒན་ལ་བརྩི་བཀུར་བྱས་སམ། ཁྱིམ་ཚང་ནང་དུ་ཕ་མ་ལ་བཀུར་བསྟི་བྱས་སམ། སྤྱི་ཚོགས་ཐོག་སྤྱི་བའི་ཀུན་སྤྱོད་བརྩི་སྲུང་ཞུས་སམ། མི་བཟང་དོན་བཟང་ལ་ཡི་རང་བྱས་སམ། མི་ངན་དོན་ངན་ལ་སྡང་སེམས་སྐྱེས་སམ། དེ་ལྟར་བསམ་བློ་མང་ཙམ་བཏང་བ་ཡིན་ན། རང་ཉིད་ལ་མང་ཙམ་བསྒྲུབ་རྒྱུའི་སྐུལ་མ་བཏང་ཡོང་ལ། ཉིན་ཐོག་ཟླ་བརྩེགས་དང་ཟླ་ཐོག་ལོ་བརྩེགས་བྱས་ཚེ་རང་ཉིད་ཀྱི་བསམ་བློ་བཟང་པོ་དང་སྤྱོད་ལམ་བཟང་པོ་ཇེ་མང་ཆགས་འགྲོ་སྲིད། གོ་ཐོས་ལ་སློབ་གྲོགས་ལ་ལ་ཞིག་ལྟོ་གོས་སུ་ཡག་འགྲན་པ་དང་། བསུ་སྐྱེལ་བྱེད་མཁན་རླངས་འཁོར་ཡོད་མེད་འགྲན་པ། ཕ་མ་གཉིས་ཀྱི་ལས་ཀ་ཅི་ཡིན་འགྲན་གྱི་ཡོད་པ་འདྲ། དེ་ལྟར་བྱས་ན་འགྲན་རྒྱུ་ནོར་བ་རེད། དེ་དག་གཏན་ནས་འགྲན་མི་ཉན། “དཔའ་བོ་གང་ཡང་དཀའ་བ་སྤྱད་ལས་བྱུང་། །ཕྱུག་པོའི་བུ་ལ་ནམ་ཡང་མི་ཆེན་དཀོན” ཞེས་པ་དང་། “ཆུང་བའི་དུས་ནས་ཚེ་གཅིག་དོན་ལ་འབུངས། །དུས་ཀྱི་ཡུན་ནི་སོར་གང་བརླག་མི་བྱ”ཞེས་ཟེར་བ་ལྟར། འགྲན་ན་བློ་སྟོབས་སུ་ཆེ། སློབ་སྦྱོང་ལ་བརྩོན་པ་སུ་ཆེ། ངལ་རྩོལ་ལ་དགའ་ཞེན་སུ་ཆེ། ལུས་ཕུང་སྦྱོང་བརྡར་ལ་སུ་དགའ། བྱམས་སེམས་སུ་ཆེ་སོགས་འགྲན་དགོས།
——རོགས་རམ་དང་ལེན་བྱེད་པ་ནི། གཞན་གྱི་བསམ་འཆར་ཉན་ནུས་པ་དང་། གཞན་གྱི་སྐྱོན་བརྗོད་བཟོད་ཐུབ་ལ། ནོར་འཁྲུལ་ཤོར་ན་བཅོས་སྒྱུར་བྱེད་དགོས་པ་དང་། ཇི་ལྟར་བཅོས་སྒྱུར་བྱས་ན་དེ་ལྟར་ཡག་ཏུ་འགྲོ་བའི་དར་སྲོལ་གྱི་ནང་དུ་བདེ་བར་འཚར་ལོངས་ཡོང་དགོས་པ་དེ་རེད། མི་ཞིག་ཡིན་ན་སྐྱོན་གང་ཡང་མེད་པ་མི་སྲིད་པས། ནམ་ཡང་སྐྱོན་ཆ་ཁྱད་གསོལ་བྱེད་པ་དང་། ནོར་འཁྲུལ་ཡོ་བསྲང་བྱེད་རིམ་ནང་ཡར་ཐོན་ཡོང་བ་དེ་ནི། “གཡང་ཊི་མ་བརྐོས་ན། །ཡོལ་གོར་ཇི་ལྟར་འགྱུར། །མི་ཡིས་མ་སྦྱངས་ན། །བདེན་ངོ་མི་ཤེས་སོ”ཟེར་བ་ལྟར་རེད། ན་ཆུང་བྱིས་པ་ཚོ་ནི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཆགས་པའི་སྒང་ཡིན་པས། གཞན་གྱིས་རོགས་བྱེད་དགོས་ཀྱི་ཡོད། ཕ་མས་ཁ་བསྒོ་མང་དྲགས་སོང་མ་བསམ། དགེ་རྒན་གྱིས་དོ་དམ་བཙན་དྲགས་སོང་མ་བསམ། སློབ་གྲོགས་ཀྱིས་ཇུས་གཏོགས་བྱས་དྲགས་སོང་མ་བསམ་ལ། ཐོག་མར་ཁ་བསྒོ་དང་དོ་དམ་དེ་དག་འགྲིག་མི་འགྲིག་དང་། རང་ཉིད་ལ་ཕན་མི་ཕན་བསམ་བློ་གཏོང་དགོས་པ་དང་། འགྲིག་ཡོད་ན་ཁ་ལེན་ཚིག་བརྩི་བྱེད་དགོས། དོན་དག་ལ་ལ་ཞིག་ཡག་པོ་སྒྲུབ་མ་ཐུབ་ཀྱང་སྐྱོན་མེད་དེ། རང་གིས་ཤེས་ནས་བཅོས་སྒྱུར་བྱས་ན་ཡར་ཐོན་བྱུང་བ་རང་རེད། རང་ཉིད་ཀྱིས་མ་ཤེས་པར་ཕ་མ་དང་དགེ་རྒན་དང་སློབ་གྲོགས་ཀྱིས་བསྟན་པས། རང་གིས་ཀྱང་སྐྱོན་ངོ་ཤེས་ནས་བཅོས་སྒྱུར་བྱེད་འདོད་བྱུང་ན་ཡང་ཡར་ཐོན་རེད། ཕན་པའི་སྨན་ལ་ཞིམ་པོ་མེད། དྲང་བའི་གཏམ་ལ་སྙན་པོ་མེད་ཟེར་བ་ལྟར་རེད། ང་ཚོས་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་ཁེངས་སྐྱུང་སྒོས་གཞན་གྱི་སྐྱོན་བརྗོད་དང་རོགས་རམ་དང་ལེན་བྱེད་པའི་གོམས་གཤིས་བཟང་པོ་འཇགས་པར་བྱེད་དགོས། ཆུང་ངུའི་དུས་ནས་ཡང་དག་པའི་བགྲོད་ལམ་དེད་ནས་འགྲོ་བ་དང་། ངེས་ཤེས་རེ་ཐོབ་ན་ལག་ལེན་རེ་བྱེད་ལ། རང་ཉིད་ཡག་ཤོས་དང་རང་ཉིད་ཀྱི་བཟང་ཆ་ཡག་ཤོས་དེ་ཧུར་ཐག་གིས་སྒྲུབ་པ་ཡིན་ན། མི་ཚེ་ལ་འོད་གསལ་ལྡན་པའི་འགྲོ་ལམ་བཟང་པོ་ཐོབ་ངེས་རེད།
སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་ན་ཆུང་བྱིས་པ་ཚོའི་ཁྲོད་དུ་གསོ་སྐྱོང་བྱས་ནས་རྒྱས་པར་བྱེད་པ་ལ། ཁྱིམ་ཚང་དང་སློབ་གྲྭ་དང་ལོ་ཆུང་གཏོང་ལེན་རུ་ཁག་གི་རྩ་འཛུགས། སྤྱི་ཚོགས་ཡོངས་བཅས་ཚང་མར་འགན་འཁྲི་ཡོད་པ་རེད།
ཁྱིམ་ཚང་ནི་བྱིས་པའི་སློབ་ཁང་དང་པོ་ཡིན་པ་དང་། ཕ་མ་ནི་བྱིས་པའི་དགེ་རྒན་དང་པོ་ཡིན། ཁྱིམ་བདག་གིས་དུས་དང་རྣམ་པ་ཀུན་ཏུ་བུ་ཕྲུག་ལ་མིག་དཔེ་སྟོན་དགོས་པ་དང་། ཡང་དག་པའི་བྱ་སྤྱོད་དང་། ཡང་དག་པའི་བསམ་བློ། ཡང་དག་པའི་ཐབས་ཤེས་བཅས་ཀྱི་ཐོག་ནས་བུ་ཕྲུག་ལ་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་དགོས། བྱ་བ་ཙག་ཙིག་གི་ཐོག་ནས་བུ་ཕྲུག་ལ་བདེན་དགེ་མཛེས་གསུམ་ལ་ཡི་རང་བྱེད་ཤེས་ཤིང་། རྫུན་སྡིག་བཙོག་གསུམ་རིང་ནས་སྤང་དགོས་པ་བསླབ་མཁས་པར་བྱེད་དགོས། བུ་ཕྲུག་གི་བསམ་བློ་འཁོར་སྟངས་དང་བྱ་སྤྱོད་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་བྱ་རྒྱུར་དོ་སྣང་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་སློབ་གསོ་དང་སྣེ་ཁྲིད་ཀྱི་ལས་ཀ་ཡག་པོར་སྒྲུབ་དགོས།
སློབ་གྲྭས་ཀུན་སྤྱོད་སློབ་གསོ་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་བཞག་སྟེ། སློབ་གྲྭའི་དར་སྲོལ་དང་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྲུན་ཡག་པོ་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་རྒྱག་པ་དང་། དཔེ་ཆ་ཁྲིད་དེ་མི་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། ལོ་ཆུང་བྱིས་པའི་ཁྱད་ཆོས་དང་སྐྱེ་འཚར་གྱི་ཆོས་ཉིད་ལ་གཞིགས་ནས། སྙིང་ཉེ་ཉེ་བྱས་ཏེ་སྐྱོང་བ་དང་བག་འཇམ་འཇམ་བྱས་ཏེ་གསོ་དགོས་པ་དང་། སློབ་ཚན་རེ་རེའི་ནང་ནས་ཤེས་བྱ་ཡོན་ཏན་ཁྲིད་པའི་མི་ཚད་ཀུན་སྤྱོད་བཟང་པོ་ཡང་སྤེལ་ཐུབ་པ་དང་། བྱེད་སྒོ་རེ་རེའི་ཐོག་ནས་ལུས་སེམས་བདེ་བར་གསོ་བས་མི་ཚད་སེམས་རྒྱུད་ཀྱང་འདུལ་སྦྱོང་བཅས་ཧུར་ཐག་བྱས་ཏེ། སློབ་གྲོགས་ཚོར་སྙིང་ཉེ་བའི་སེམས་འཁུར་དང་སེམས་བཟང་པོའི་རོགས་རམ་ཐོབ་ཏུ་འཇུག་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ས་བོན་དེ་སློབ་མ་ཚོའི་སེམས་སུ་བཏབ་ནས་མྱུ་གུ་འབུས་ཐུབ་པ་བྱེད་དུ་འཇུག་དགོས། །
ལོ་ཆུང་གདོང་ལེན་རུ་ཁག་གིས་རྩ་འཛུགས་ཀྱི་སློབ་གསོ་དང་། རང་བདག་གི་སློབ་གསོ། ལག་ལེན་གྱི་བྱེད་སྒོ་བཅས་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལོ་ཆུང་བྱིས་པ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ཉམས་ལེན་བྱེད་པར་སྔར་ལས་ལེགས་པའི་ཞབས་འདེགས་ཞུ་དགོས་པ་དང་། རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོར་མཐུན་སྒྲིལ་ཡག་པོ་དང་། སློབ་གསོ་ཡག་པོ། སྣེ་ཁྲིད་ཡག་པོ་བཅས་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱིས་ལོ་ཆུང་བྱིས་པ་ཚོར་རྒྱུས་ལོན་དང་། ལོ་ཆུང་བྱིས་པ་ཚོར་བརྩི་འཇོག ལོ་ཆུང་བྱིས་པ་ཚོར་སེམས་འཁུར། ལོ་ཆུང་བྱིས་པ་ཚོར་ཞབས་ཞུ། ལོ་ཆུང་བྱིས་པ་ཚོར་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་འདོན་སྤྲོད་བཅས་བྱེད་དགོས། ལོ་ཆུང་བྱིས་པ་ཚོའི་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་། ལོ་ཆུང་བྱིས་པ་ཚོའི་ལུས་སེམས་བདེ་ཐང་ལ་གནོད་འཚེ་གཏོང་བའི་གཏམ་སྤྱོད་ལ་ནི་བློ་ཐག་རྦད་ཆོད་ཀྱིས་བཀག་འགོག་དང་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས།
འབྲི་ཆུའི་རྦ་རླབས་གཞུག་མས་སྔ་མ་འདེད་ཟེར་སྲོལ་ཡོད། ང་ལ་ཡིད་ཆེས་ཡོད་པ་ནི། ད་ལྟའི་མི་རབས་འདིའི་ལོ་ཆུང་བྱིས་པ་ཚོས་མ་འོངས་འདུན་པ་སྐྱེད་པ་དང་། ཕུགས་བསམ་ཡོད་པ། སློབ་སྦྱོང་ལ་དགའ་ཞེན། ངལ་རྩོལ་ལ་དགའ་ཞེན། མེས་རྒྱལ་ལ་དགའ་ཞེན་བཅས་བྱས་ཐོག ཆུང་ངུའི་དུས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ཉམས་ལེན་བྱས་ཏེ། སྐར་མ་དཔལ་འབར་གྱི་དར་ཆའི་འོད་ཟེར་འཕྲོས་པའི་འོག་དང་། ཏང་གིས་ཉི་འོད་ཀྱི་དྲོ་སྐྱིད་འོག་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དོན་དུ་ནམ་ཡང་གྲ་སྒྲིག་ཨང་གསར་བྱས་ནས་སྡོད་ཐུབ་ངེས་རེད།