ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་ཉེར་བརྒྱད་པ།༽སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་གཏོང་དགོས།

ཁུངས། ཀློག་གྲངས།

༄༅།།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་གཏོང་དགོས།

(2014ལོའི་ཟླ2ཚེས24ཉིན།)

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་གཏོང་བ་ནི་མི་སེམས་གོང་བུར་སྒྲིལ་བ་དང་རྨང་གཞི་བརྟན་པོར་འདིང་བའི་རྨང་གཞིའི་རང་བཞིན་གྱི་ལས་གྲྭ་ཞིག་ལ་བརྩིས་ཏེ། ཀྲུང་གོའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་སྤྱོད་བཟང་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་དང་སློབ་གསོ་རྒྱ་ཆེར་སྤེལ་བ། མི་རྣམས་ཀྱིས་ཀུན་སྤྱོད་ལ་དང་དོད་དང་།ཀུན་སྤྱོད་ལ་བརྩི་བཀུར། ཀུན་སྤྱོད་རྩི་སྲུང་བཅས་བྱ་རྒྱུར་སྣེ་ཁྲིད་ཧུར་ཐག་མཆོག་ཏུ་གྱུར་པའི་ཀུན་སྤྱོད་དང་ཕུགས་བསམ་དོན་གཉེར་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་པོར་འདིང་དགོས། །

ལྟེ་བའི་རིན་ཐང་ལྟ་བ་ནི་རིག་གནས་ཀྱི་མཉེན་སྟོབས་ཀྱི་བླ་སྲོག་དང་རིག་གནས་ཀྱི་མཉེན་སྟོབས་འཛུགས་སྐྲུན་བྱེད་པའི་གཙོ་གནད་ཡིན། འདི་ནི་རིག་གནས་ཀྱི་ངོ་བོ་དང་ཁ་ཕྱོགས་ཐག་གཅོད་བྱེད་པའི་གཏིང་རིམ་ཟབ་སའི་རྒྱུ་རྐྱེན་ཡིན། རྒྱལ་ཁབ་ཅིག་གི་རིག་གནས་ཀྱི་མཉེན་སྟོབས་དེ་རྩ་བའི་ཐོག་ནས་བཤད་ན། དེའི་ལྟེ་བའི་རིན་ཐང་ལྟ་བའི་སྐྱེ་སྟོབས་དང་། གོང་བུར་འགྲིལ་ཤུགས། མི་སེམས་འགུགས་ཤུགས་བཅས་ལ་རག་ལས་ཡོད། ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་བཏང་ནས་སྤྱི་ཚོགས་ཀྱི་འདུ་ཤེས་གཅིག་སྒྲིལ་བྱ་རྒྱུ་ནི། སྤྱི་ཚོགས་མ་ལག་རྒྱུན་གཏན་དུ་འཁོར་རྒྱུག་ཡོང་བ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པའི་ཕྱོགས་གལ་ཆེན་ཞིག་ཀྱང་ཡིན། ལོ་རྒྱུས་དང་དངོས་ཡོད་གཉིས་ཆ་ནས་ང་ཚོར་གསལ་བཤད་བྱས་ཡོད་དོན། བློ་འགུགས་ཀྱི་ནུས་པ་ཆེན་པོ་ལྡན་པའི་ལྟེ་བའི་རིན་ཐང་ལྟ་བ་བསྐྱེད་རྒྱུ་དེ་ནི་སྤྱི་ཚོགས་ཞི་མཐུན་བརྟན་བརླིང་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་མིན་ལ་འབྲེལ་བ་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་གཏོང་བར་ངེས་པར་དུ་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལ་གཞི་ཚུགས་དགོས། བརྟན་ཅིང་བརླིང་བའི་རིན་ཐང་ལྟ་བ་མཐའ་དག་ལ་དེའི་མ་གཞིའི་རྩ་བ་ལྡན་ཡོད། སྲོལ་རྒྱུན་དང་རྩ་བ་དོར་ན་རང་ཉིད་ཀྱི་བསམ་པའི་སྲོག་རྩ་བཅད་པ་དང་འདྲ། ཟབ་ཅིང་ཡངས་པའི་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ནི་ང་ཚོ་འཛམ་གླིང་རིག་གནས་ཀྱི་ཡོ་ལང་ཁྲོད་དུ་རྐང་པ་བརྟན་ཐུབ་པའི་གཞི་རྩ་ཡིན། ཀྲུང་ཧྭའི་རིག་གནས་ལ་དར་རྒྱུན་རིང་མོ་ལྡན་ཡོད་པས། དེར་ཀྲུང་ཧྭ་མི་རིགས་ཀྱི་གཏིང་ཟབ་ཤོས་ཀྱི་བསམ་པའི་དོན་གཉེར་གསོག་འཇོག་བྱས་ཡོད་པ་དང་། དེས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་འཕགས་ཀྱི་བསམ་པའི་ཁྱད་རྟགས་ཀྱང་མཚོན་ཡོད་པས། དེ་ནི་ཀྲུང་ཧྭ་མི་རིགས་ཉིད་ཉམས་པ་མེད་པར་འཚོ་ཞིང་གནས་ལ་དར་ཞིང་རྒྱས་པའི་ཕུན་ཚོགས་གསོས་སུ་གྲུབ་ཡོད། ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་ནི་ཀྲུང་ཧྭའི་རིག་གནས་ཀྱི་སྙིང་པོ་ཡིན་པས། དེར་ཕུན་སུམ་ཚོགས་པའི་བསམ་བློ་ཀུན་སྤྱོད་ཀྱི་ཐོན་ཁུངས་མངའ་ཡོད། རྩ་བ་མ་བརྗེད་ན་གཞི་ནས་མ་འོངས་པ་འབྱེད་ཐུབ་པ་དང་། རྒྱུན་འཛིན་བྱེད་མཁས་ན་གཞི་ནས་སྔར་ལས་ལྷག་པའི་གསར་གཏོད་བྱེད་ཐུབ། ལོ་རྒྱུས་རིག་གནས་སྤྱི་དང་ལྷག་པར་དུ་སྔ་རབས་པ་ལས་རྒྱུན་འཛིན་བྱས་པའི་རིན་ཐང་གི་འདུ་ཤེས་དང་ཀུན་སྤྱོད་ཀྱི་ཚད་གཞི་གནའ་བཟང་དེང་སྤྱོད་དང་རྙིང་ཚབ་གསར་བརྗེ་བྱེད་པ་དང་། སྟངས་འཛིན་ཡོད་པའི་སྒོ་ནས་ལྟ་སྟངས་འཛིན་ལ། སྤང་བླང་ཡོད་པའི་སྒོ་ནས་རྒྱུན་འཛིན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱིས་གསར་སྐྲུན་བྱས་པའི་བསམ་པའི་རྒྱུ་ནོར་མཐའ་དག་སྤྱད་དེ་རིག་གནས་ལ་བརྟེན་ནས་མི་འདུལ་སྦྱོང་དང་སྐྱེད་བསྲིང་བྱེད་དགོས། །

ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་ལོ་རྒྱུས་བྱུང་རབས་དང་འཕེལ་རྒྱས་གནས་ཚུལ་དང་རྩ་བའི་དར་ཕྱོགས་བཅས་གསལ་པོར་བཤད་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ཐུན་མིན་གསར་གཏོད་དང་། རིན་ཐང་འདུ་ཤེས། ཁྱད་ཆོས་དོད་པོ་བཅས་གསལ་པོར་བཤད་དེ། རིག་གནས་ཀྱི་གདེང་ཚོད་དང་རིན་ཐང་ལྟ་བའི་གདེང་ཚོད་ཆེ་རུ་གཏོང་དགོས། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློའི་སྙིང་པོ་དང་ཀུན་སྤྱོད་ཀྱི་ཉིང་བཅུད་ནན་ཏན་གྱིས་གསོས་སུ་བསྟེན་པ་དང་། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་པའི་མི་རིགས་ཀྱི་སྙིང་སྟོབས་དང་བསྒྱུར་བཅོས་སྒོ་འབྱེད་སྲོག་ཤིང་དུ་གྱུར་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་བྱམས་བརྩེ་གཅེས་སུ་འཛིན་པ་དང་། དམངས་གཞི་རྩར་འཛིན་པ། ཁ་དན་ཚིག་ལ་གནས་པ། བདེན་དོན་ལ་བརྩི་མཐོང་ཆེ་བ། མཐུན་པ་ཐོད་ལ་བཀུར་བ། ས་སྟེང་སྤྱི་མཐུན་ཡོང་རྒྱུ་དོན་དུ་གཉེར་བ་བཅས་ཀྱི་དུས་རབས་ཀྱི་རིན་ཐང་གཏིང་ཟབ་མོའི་སྒོ་ནས་སྔོག་འདོན་དང་དར་སྤེལ་བཅས་བྱས་ཏེ། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་བའི་འབྱུང་ཁུངས་གཙོ་བོར་འགྱུར་བར་བྱེད་དགོས། རྒྱུན་འཛིན་བྱེད་པ་དང་གསར་སྐྲུན་གྱི་སྒོ་ནས་དར་སྤེལ་གཏོང་བའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། གཙོ་བོར་གསར་སྐྲུན་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་སྤེལ་གྱི་བྱ་བ་ཡག་པོར་སྒྲུབ་དགོས། །

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཉིད་སྤྱི་ཚོགས་འཚོ་བའི་ཕྱོགས་གང་ཅིར་དངོས་སུ་ཁྱབ་པར་བྱེད་དགོས། སློབ་གསོས་སྣེ་ཁྲིད་དང་། གླེང་ཕྱོགས་ཀྱིས་དྲིལ་བསྒྲགས། རིག་གནས་ཀྱིས་འདུལ་སྦྱོང་། ལག་ལེན་གྱིས་གོམས་འདྲིས། ལམ་ལུགས་ཀྱིས་འགན་སྲུང་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་མི་རྣམས་ཀྱི་ནང་བསམ་པའི་དོན་གཉེར་དང་ཕྱི་རང་རྟོགས་ཀྱི་བྱ་སྤྱོད་ཆགས་པར་བྱེད་དགོས། དཔེ་བཟང་གི་སྟོབས་ཤུགས་ནི་དཔག་ཏུ་མེད་པས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་སྦྱོང་དང་དར་སྤེལ་གཏོང་བར་སྣེ་ཁྲིད་བྱས་ཏེ། རང་ཉིད་ཀྱི་བྱ་སྤྱོད་དཔེ་བཟང་ཅན་དང་བླ་མེད་མི་གཤིས་ཀྱིས་མང་ཚོགས་བློ་འགུགས་དང་མང་ཚོགས་སྐུལ་ཁྲིད་བྱེད་དགོས། ཆུང་བྱིས་པ་ནས་འཛིན་འགོ་རྩོམ་པ་དང་སློབ་གྲྭ་ནས་འཛིན་འགོ་རྩོམ་དགོས་པ་དང་། དེ་ཉིད་བསླབ་གཞི་དང་སློབ་ཁྲིད་དང་སེམས་རྒྱུད་བཅས་ལ་འཇོག་ཐུབ་པར་བྱེད་དགོས། ངང་ངམ་ཤུགས་ཀྱིས་སེམས་རྒྱུད་གསོ་ཐུབ་པའི་རིག་གནས་ཀྱི་སྤེལ་སྟངས་རྣམ་པ་སྣ་ཚོགས་བེད་སྤྱོད་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོན་ཉམས་ལྡན་ལ་མིག་མཐོང་ལག་ཟིན་གྱི་སྒོ་ནས་མངོན་པར་བྱེད་དགོས་པ་དང་། སྤུས་ཀ་དང་ཆུ་ཚད་མཐོ་བའི་བརྩམས་ཆོས་སྤྱད་དེ་སྐྱེ་བོ་རྣམས་ལ་གང་ཞིག་བདེན་དགེ་མཛེས་གསུམ་ཡིན་པ་དང་། གང་ཞིག་རྫུན་སྡིག་བཙོག་གསུམ་ཡིན་པ། གང་ཞིག་ཁས་ལེན་དང་ཡི་རང་བྱེད་འོས་པའི་གནས་ཡིན་པ་དང་། གང་ཞིག་ངེས་པར་དུ་ངོ་རྒོལ་དང་དགག་བཞག་བྱེད་དགོས་པའི་གནས་ཡིན་པ་བཅས་གོ་བསྐོན་གསེད་འགྲོལ་བྱེད་དགོས། །

རིན་ཐང་ལྟ་བ་གང་ཞིག་གིས་མིང་དོན་མཚུངས་པའི་ནུས་པ་འདོན་པར། དེ་ཉིད་ངེས་པར་དུ་སྤྱི་ཚོགས་འཚོ་བའི་ནང་སྦྱར་ཏེ་སྐྱེ་བོ་རྣམས་ཀྱི་ལག་ལེན་ནང་གི་མཐོང་ཆོས་དང་མྱོང་ཆོས་སུ་འགྱུར་བར་བྱེད་དགོས། ང་ཚོས་སྤེལ་འདོད་པ་དེ་སྐྱེ་བོ་རྣམས་ཀྱི་རྒྱུན་གཏན་འཚོ་བ་དང་དམ་པོར་ཟུང་འབྲེལ་བྱས་ཏེ། ཕྲ་ཞིང་ཞིབ་ལ་གནད་དུ་འཁེལ་བར་དོན་འཁྱོལ་བྱེད་པའི་ཕྱོགས་སུ་ཤུགས་རྒྱག་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གཞི་རྩའི་བླང་བྱ་ལྟར། ལས་རིགས་ཁག་སོ་སོའི་སྒྲིག་ལམ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྤྱི་དམངས་ཀྱི་སྤྱི་ཆིངས་དང་། དམངས་གོམས་ཡུལ་ཁྲིམས། སློབ་མའི་བསྲུང་བྱ་ལ་སོགས་བྱ་སྤྱོད་ཀྱི་ཚད་གཞི་འཐུས་ཚང་དུ་བཏང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་སྐྱེ་བོ་རྣམས་ཀྱི་རྒྱུན་གཏན་ལས་དོན་དང་འཚོ་བའི་གཞི་རྩའི་བསྲུང་བྱ་ཆགས་པར་བྱེད་དགོས། གུས་སྲོལ་གྱི་ལམ་ལུགས་འཛུགས་པ་དང་ཚད་ལྡན་བཟོ་བ་དང་། དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོ་རྣམ་པ་སྣ་ཚོགས་སྒྲིག་འཛུགས་དང་སྐོང་འཚོགས་བྱེད་པའི་ཐོག་ནས་གཙོ་རྒྱུག་རིན་ཐང་དར་སྤེལ་གཏོང་དགོས་པ་དང་། མི་རྣམས་ཀྱི་མོས་སེམས་དང་གྲལ་ལ་ཐེ་བའི་ཉམས་ཚོར་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བླང་བྱ་ཉིད་བསམ་པའི་དཔལ་ཡོན་གསར་སྐྲུན་གྱི་བྱེད་སྒོ་སྣ་ཚོགས་པའི་ནང་འདྲེས་པ་དང་། མང་ཚོགས་ཁྱབ་ཆེན་པོས་ཐེ་ཞུགས་བྱ་རྒྱུར་བློ་འགུགས་བྱས་ཏེ། སྐྱེ་བོ་རྣམས་ཀྱིས་ཁྱིམ་ཚང་ལ་བདེ་སྐྱིད་སྒྲུབ་པ་དང་། སྐྱེ་བོ་གཞན་ལ་དྲོད་སྐྱིད་སྤྱིན་པ། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་སོགས་ཀྱི་བརྒྱུད་རིམ་ནང་དུ་བསམ་པའི་གོ་འཕང་མཐོ་རུ་འདེགས་པ་དང་ཡ་རབས་སྤྱོད་བཟང་གི་དར་སྲོལ་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། གོ་སྐབས་དང་བྱ་བའི་ཡུལ་སྣ་ཚོགས་བེད་སྤྱོད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་བྱེད་པར་ཕན་ཐོགས་ཡོད་པའི་འཚོ་བའི་གནས་ཡུལ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཆགས་པར་བྱས་ཏེ། ལྟེ་བའི་རིན་ཐང་ལྟ་བའི་བྱེད་ནུས་ཉིད་མཁའ་དབུགས་ལྟར་ཡུལ་ཀུན་ལ་ཁྱབ་པ་དང་དུས་ཀུན་ཏུ་ཡོད་པ་བཟོ་དགོས། །

སྲིད་ཇུས་ཀྱི་ཁྲིད་ཕྱོགས་ནུས་པ་འདོན་སྤེལ་བྱས་ཏེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་ལ་སོགས་ཕྱོགས་གང་ཅིའི་སྲིད་ཇུས་ཚང་མ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་བྱ་རྒྱུར་ཕན་ཐོགས་ལྡན་པར་བྱེད་དགོས། བཅའ་ཁྲིམས་ལ་བརྟེན་ནས་ལྟེ་བའི་རིན་ཐང་ལྟ་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཀྱི་དོ་དམ་སྣ་ཚོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བའི་འགན་འཁྲི་འཁུར་བ་དང་། ཉིན་རྒྱུན་གྱི་དོ་དམ་ཁྲོད་དུ་རིན་ཐང་གི་ཁྲིད་ཕྱོགས་མངོན་པར་བྱས་ཏེ། ལྟེ་བའི་རིན་ཐང་ལྟ་བ་དང་མཐུན་པའི་བྱ་སྤྱོད་ལ་བསྔགས་སྐུལ་ཐོབ་པ་དང་། ལྟེ་བའི་རིན་ཐང་ལྟ་བ་དང་རྒྱབ་འགལ་བྱེད་པའི་བྱ་སྤྱོད་ལ་ཚོད་འཛིན་ཐེབས་པར་བྱེད་དགོས། །