ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་ཉེར་ལྔ་པ།༽དྲིལ་བསྒྲགས་དང་བསམ་བློའི་ལས་ཀ་སྔར་བས་ཡག་པོར་སྒྲུབ་དགོས།

ཁུངས། ཀློག་གྲངས།

​༄༅། ། དྲིལ་བསྒྲགས་དང་བསམ་བློའི་ལས་ཀ་སྔར་བས་ཡག་པོར་སྒྲུབ་དགོས།

(2013ལོའི་ཟླ་8ཚེས་19ཉིན།)

དྲིལ་བསྒྲགས་དང་བསམ་བློའི་ལས་ཀ་བྱེད་དུས་ངེས་པར་དུ་ལྟེ་གནད་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དེ་གཞི་རྩའི་འགན་འཁྲི་ལ་བརྩིས་ཏེ། སྤྱི་ཡོངས་ལ་བསམ་བློ་གཏོང་བ་དང་། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ།   དོན་བྱ་ཆེན་པོ་ལ་དམིགས་པ་བཅས་དང་།  ལས་ཀ་སྤེལ་བའི་འཇུག་སྒོ་དང་ཤུགས་རྒྱག་སའི་གནད་ཟིན་པར་བྱས་ཏེ།  བབ་བསྟུན་སྟབས་བསྟུན་གྱིས་བྱ་བ་རྩོམ་དགོས། །

དཔལ་འབྱོར་འཛུགས་སྐྲུན་ནི་ཏང་གི་ལྟེ་གནད་ལས་ཀ་ཡིན་པ་དང་།   འདུ་ཤེས་འཛིན་སྟངས་ཀྱི་ལས་ཀ་ནི་ཏང་གི་ལས་ཀ་ཧ་ཅང་གལ་ཆེ་བ་ཞིག་ཡིན།  ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་དུ། ང་ཚོའི་ཏང་གིས་དཔལ་འབྱོར་འཛུགས་སྐྲུན་ལྟེ་གནད་དུ་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། སྟོབས་ཤུགས་གཅིག་བསྒྲིལ་གྱིས་དཔལ་འབྱོར་འཛུགས་སྐྲུན་གོང་དུ་སྤེལ་ཡོད་པ་དང་།   མི་དམངས་ཀྱི་འཚོ་བ་ཡར་རྒྱས་བཏང་ཡོད།  དེ་ཡང་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་གཞི་རྩའི་འགྱུར་ལྡོག་མ་བྱུང་ན།   དཔལ་འབྱོར་འཛུགས་སྐྲུན་ལྟེ་གནད་དུ་འཛིན་རྒྱུ་དེར་འགྱུར་ལྡོག་ཡོང་མི་སྲིད་ལ་འགྱུར་ལྡོག་གཏོང་ཡང་མི་ཉན།  འདི་ནི་ང་ཚོས་ཏང་གི་རྩ་བའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ལོ་ངོ་100ལ་གཡོ་འགུལ་མི་གཏོང་བའི་གཞི་རྩའི་བླང་བྱ་ཡིན་ལ། དེང་རབས་ཀྲུང་གོའི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་གཞི་རྩའི་བླང་བྱ་ཡང་ཡིན།  དེ་དང་ལྷན་དུ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱི་འཛུགས་སྐྲུན་གཉིས་ཀ་ཡག་པོར་སྤེལ་བ་དང་།  རྒྱལ་ཁབ་ཀྱི་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་གཉིས་ཀ་ཆེ་རུ་རྒྱས་པ།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་གཉིས་ཀ་ལེགས་བཅོས་བྱུང་བ་བཅས་ཡིན་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གཞི་ནས་བདེ་བླག་ངང་མདུན་དུ་སྐུལ་སྤེལ་གཏོང་ཐུབ་པ་རེད།།

དྲིལ་བསྒྲགས་དང་བསམ་བློའི་ལས་ཀ་ནི་མར་ཁེ་སིའི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་སུ་འཛིན་པའི་སློབ་སྟོན་གྱི་གོ་གནས་སྲ་བརྟན་གཏང་རྒྱུ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་གཏང་རྒྱུ་དེ་ཡིན།  ཏང་ཡོན་དང་ལས་བྱེད་པ་ཚོས་མར་ཁེ་སིའི་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་སེམས་བརྟན་པོར་བསྐྱེད་དེ། ཏང་གི་ད་ལྟའི་དུས་རིམ་གྱི་གཞི་རྩའི་རྩ་འཛིན་མངོན་འགྱུར་བྱེད་ཆེད་ནན་ནན་བཅག་བཅག་གིས་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དང་། ལས་ཀ་རེ་རེ་བཞིན་ཏན་ཏན་ཏིག་ཏིག་གིས་ཡག་པོར་བསྒྲུབས་ནས་“མཐུད་རྒྱུག་འགྲན་བསྡུར་”ཁྲོད་ཀྱི་ང་ཚོ་མི་རབས་འདིའི་དབྱུག་སྐལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་བརྩོན་ལེན་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་སྤྱི་དང་ཁྱད་པར་དུ་མཐོ་རིམ་ལས་བྱེད་པ་ཚོས་མར་ཁེ་སིའི་རིང་ལུགས་ཀྱི་རྩ་བའི་རིགས་པའི་གཞུང་ལུགས་ལ་ནང་བྱན་ཆུད་པ་དེ་ཉེར་མཁོའི་ནུས་རྩལ་ལ་བརྩིས་ཏེ། དྲང་པོ་དྲང་གཞག་དང་ཇི་མ་ཇི་བཞིན་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་།   མའོ་ཙེ་ཏུང་དགོངས་པ། ལྷག་པར་དུ་ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་།  “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྦྱོང་བྱེད་དགོས། ཏང་གི་སློབ་གྲྭ་དང་། ལས་བྱེད་པའི་སློབ་གླིང་། སྤྱི་ཚོགས་ཚན་རིག་ཁང་། མཐོ་རིམ་སློབ་གྲྭ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་སོགས་ཚང་མས་མར་ཁེ་སིའི་རིང་ལུགས་ཉིད་ངེས་སྦྱོང་གི་བསླབ་གཞི་བྱས་ཏེ།  མར་ཁེ་སིའི་རིང་ལུགས་སློབ་སྦྱོང་དང་། ཞིབ་འཇུག དྲིལ་བསྒྲགས་བཅས་བྱེད་པའི་གཡུལ་ས་གལ་ཆེན་ཆགས་པར་བྱེད་དགོས། ལས་བྱེད་པ་གསར་པ་དང་གཞོན་ནུ་ལས་བྱེད་པ་ཚོས་དེ་བས་ཀྱང་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་དམ་འཛིན་བྱས་ནས།  རྒྱུན་འཁྱོངས་ལྷོད་མེད་ཀྱིས་སློབ་སྦྱོང་བྱས་པ་བརྒྱུད་མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། ཐབས་ཤེས་བཅས་སྤྱད་དེ་གནད་དོན་ལ་རྟོག་ཞིབ་དང་གནད་དོན་ཐག་གཅོད་བྱེད་ཤེས་དགོས་པ་དང་། ཕུགས་བསམ་དང་དད་འདུན་བརྟན་པོར་སྐྱེད་དགོས། །

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྐོར་གྱི་དྲིལ་བསྒྲགས་དང་སློབ་གསོ་གཏིང་ཟབ་སྤེལ་ནས།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེ་བའི་དར་ཆའི་འོག་མཐུན་སྒྲིལ་དང་གཅིག་སྒྲིལ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཧུར་བརྩོན་གྱིས་སྐྱེད་བསྲིང་དང་ཉམས་ལེན་བྱེད་དགོས་པ་དང་།  སྤྱི་དམངས་ཀྱི་ཀུན་སྤྱོད་བྱང་ཚད་སྒོ་ཀུན་ནས་མཐོར་འདེགས་གཏོང་དགོས་པ། གཟི་ཁྲེལ་ཤེས་པ་དང་། སྲོལ་བཟང་འཛིན་པ། ལེགས་སྐྱེས་འབུལ་བ། ཞི་མཐུན་སྐུལ་བ་བཅས་ཀྱི་ལུགས་སྲོལ་བཟང་པོ་གསོ་སྐྱོང་བྱེད་དགོས། །

ཏང་གཤིས་དང་མི་དམངས་ཀྱི་རང་བཞིན་ནི་ཐོག་མ་ཉིད་ནས་གཞི་མཐུན་པ་དང་གཅིག་གྱུར་ཡིན། ཏང་གཤིས་རྒྱུན་འཁྱོངས་བྱེད་པའི་སྙིང་པོ་ནི། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འཛིན་པ་དང་།  ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་གསུམ་བློ་རྩ་བརྟན་པོས་དྲིལ་བསྒྲགས་བྱེད་པ།   ཀྲུང་དབྱང་གི་གནད་ཆེའི་ལས་ཀའི་བཀོད་སྒྲིག་བློ་རྩ་བརྟན་པོས་དྲིལ་བསྒྲགས་བྱེད་པ།  གནས་བབ་སྐོར་གྱི་ཀྲུང་དབྱང་གི་དབྱེ་ཞིབ་དང་བརྟག་གཞིག་གལ་ཆེན་དྲིལ་བསྒྲགས་བྱེད་པ། ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་བྱ་རྒྱུ་བློ་རྩ་བརྟན་པོས་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་གི་དབང་གྲགས་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་པ་བཅས་ཡིན། དྲིལ་བསྒྲགས་དང་བསམ་བློའི་སྡེ་ཁག་དང་ལས་ཁུངས་ཐམས་ཅད་དང་། དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་སྟེང་གི་ཏང་ཡོན་དང་ལས་བྱེད་པ་མཐའ་དག་གིས་དར་ཆ་གསལ་སྒྲེང་གིས་ཏང་གཤིས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་རང་བཞིན་རྒྱུན་འཁྱོངས་བྱེད་པ་ནི། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ།  གོང་སྤེལ་ཡག་པོ་བཅས་བྱ་རྒྱུ་དེ་ལས་ཀ་ཐམས་ཅད་ཀྱི་འགོ་རྩོམ་ས་དང་དོན་འབབ་ས་བྱེད་པ་དང་།  མི་དམངས་རྩ་བར་གཟུང་རྒྱུ་དང་མི་རྩ་བར་གཟུང་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ཡིན།  མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་ཁྲིད་ཕྱོགས་བཙུགས་ནས། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་མང་ཚོགས་ལ་སློབ་གསོ་དང་སྣེ་ཁྲིད་བྱ་རྒྱུ་དང་ཟུང་འབྲེལ་དང་།  འདོད་དོན་སྐོང་རྒྱུ་དེ་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ།  མི་དམངས་མང་ཚོགས་ཀྱི་རླབས་ཆེ་བའི་འབད་འཐབ་དང་ཚ་ཚ་འུར་འུར་གྱི་འཚོ་བ་དྲིལ་བསྒྲགས་མང་ཙམ་དང་།   མི་དམངས་མང་ཚོགས་ཀྱི་ཁྲོད་དུ་ཆར་རྗེས་ཀྱི་མྱུ་གུ་ལྟར་ཐོན་པའི་སྔོན་ཐོན་དཔེ་བཟང་ཅན་དང་མི་སེམས་འགུགས་པའི་མཛད་རྗེས་དྲིལ་བསྒྲགས་དང་ཁྱབ་སྤེལ་མང་ཙམ་དང་།  མི་དམངས་ཀྱི་བསམ་པའི་ཞིང་ཁམས་གྲ་རྒྱས་ཕུན་ཚོགས་བཟོ་བ། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ། མི་དམངས་ཀྱི་བསམ་པའི་དགོས་འདོད་སྐོང་བ་བཅས་བྱེད་དགོས། །

མཐུན་སྒྲིལ་དང་བརྟན་བརླིང་ལ་སྐུལ་མ་གཏོང་བ་དང་། དྲང་ཕྱོགས་ནས་དྲིལ་བསྒྲགས་བྱེད་པ་ནི་དྲིལ་བསྒྲགས་དང་བསམ་བློའི་ལས་ཀའི་ཐད་བརྩི་སྲུང་བྱེད་དགོས་པའི་བྱེད་ཕྱོགས་གལ་ཆེན་ཡིན།  ང་ཚོས་ད་ལྟ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱེད་བཞིན་ཡོད་པ་དང་། མདུན་དུ་ལྷགས་པའི་འགྲན་སློང་དང་དཀའ་ངལ་ནི་ཚང་མ་སྔར་བྱུང་མ་མྱོང་བ་ཡིན་པས། གཙོ་རྒྱུག་བསམ་བློའི་གླེང་ཕྱོགས་ངེས་པར་དུ་རྒྱུན་འཁྱོངས་དང་། སྲ་བརྟན། ཡར་རྒྱས་བཅས་གཏོང་བ་དང་། དབྱངས་རྟ་གཙོ་བོ་དར་སྤེལ་གཏོང་བ། དྲང་ཕྱོགས་ཀྱི་ནུས་སྟོབས་ཁྱབ་སྤེལ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་མཐུན་སྒྲིལ་ཡར་བརྩོན་བྱེད་པའི་སྟོབས་ཤུགས་ཆེན་པོ་སྐུལ་སློང་བྱེད་དགོས། རྒྱུ་སྤུས་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་ནི་གནད་འགག་ཡིན་ཏེ།  དུས་ཚོད་དང་། ཤུགས་ཚད་དང་།  འབྲས་བུ་བཅས་ཡག་པོར་ཟིན་པ་དང་།  ཡིད་དབང་འགུགས་ཤུགས་དང་སེམས་འགུལ་ཐེབས་ཤུགས་ཆེ་རུ་གཏོང་བ།   མང་ཚོགས་ཉན་དགའ་ལྟ་དགའ་དང་སེམས་རྩ་མཉམ་འཁོལ་ཡོང་བར་བྱེད་པ་བཅས་ཀྱི་ཐོག་ནས། དྲང་ཕྱོགས་དྲིལ་བསྒྲགས་ཀྱིས་མི་ལ་ངར་ཤུགས་སྐྱེད་པ་དང་སྐུལ་མ་གཏོང་བའི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས། ཡིན་མིན་ཆེན་པོ་དང་ཆབ་སྲིད་ཀྱི་རྩ་དོན་ངོས་ཀྱི་གནད་དོན་ཐད་ངེས་པར་དུ་རང་འགུལ་གྱི་ཤས་ཆེ་རུ་གཏོང་བ་དང་། རང་དབང་ཟིན་པ། རང་འགུལ་གྱིས་དམག་འཐབ་ཡག་པོར་རྒྱག་པ་བཅས་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ལ་སྤང་བླང་གི་དབྱེ་བ་འབྱེད་རོགས་དང་དོགས་རྒྱ་སེལ་རོགས་བྱེད་དགོས། །

དུས་ཡུན་རིང་པོའི་ལག་ལེན་གྱི་ནང་དུ།  དྲིལ་བསྒྲགས་དང་བསམ་བློའི་ལས་ཀའི་ཐད་དུ་ང་ཚོའི་ཏང་གིས་ཕུན་སུམ་ཚོགས་པའི་ཉམས་མྱོང་བསགས་ཡོད། ཉམས་མྱོང་དེ་དག་ནི་དཀའ་བ་སྤྱད་དེ་ཐོབ་པ་དང་རྩ་ཆེན་པོ་ཡིན་ལ། སླད་ཕྱིན་གྱི་ལས་ཀ་ཡག་པོར་སྒྲུབ་ཐུབ་པའི་བསྲུང་བྱ་གལ་ཆེན་པོ་ཡིན་པས།  ངེས་པར་དུ་ཕྱོགས་བསྡོམས་ནན་ཏན་དང་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་པ་དང་། དེ་བཞིན་ལག་ལེན་གྱི་ནང་མུ་མཐུད་ནས་གྲ་རྒྱས་གོང་འཕེལ་གཏོང་དགོས། “དུས་ལ་བསྟུན་ཤེས་མཁས་པ་ཡིན། ། ཆོས་ཉིད་སྤྱོད་ཤེས་བློ་ལྡན་ཡིན། །”ཞེས་ཟེར་བ་ལྟར།  དྲིལ་བསྒྲགས་དང་བསམ་བློའི་ལས་ཀ་གསར་གཏོད་བྱེད་ན་གནད་ཆེ་བ་ནི་ལྟ་བ་གསར་གཏོད་དང་། ཐབས་བཀོད་གསར་གཏོད། གཞི་རིམ་ཀྱི་ལས་ཀ་གསར་གཏོད་བཅས་ཡག་པོར་བཟུང་ནས། བསམ་བློའི་ངོས་འཛིན་གྱི་མཆོང་བརྒལ་གསར་པར་བརྟེན་ནས་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གིས་འབྱེད་དགོས་པ་དང་། ལས་ཀའི་དཀའ་གནད་སེལ་རྒྱུར་ཕན་ཐོགས་ཡོད་པའི་བྱེད་ཐབས་གསར་པ་དང་ཐབས་ཤེས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ།  གསར་གཏོད་བྱེད་པའི་གཙོད་གནད་དེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་འཇོག་དགོས། རིག་གནས་སྒྲིག་སྲོལ་གྱི་བསྒྱུར་བཅོས་མུ་མཐུད་ནས་ཟབ་སྤེལ་བྱས་ཏེ། རིག་གནས་བྱ་གཞག་ཕྱོགས་ཡོངས་ནས་དར་རྒྱས་ཕུན་ཚོགས་དང་རིག་གནས་ཐོན་ལས་མགྱོགས་མྱུར་དུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།  །

ཕྱོགས་ཡོངས་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཆ་རྐྱེན་འོག་དྲིལ་བསྒྲགས་དང་བསམ་བློའི་ལས་ཀ་སྤེལ་བར།  ལས་འགན་གལ་ཆེན་པོ་ཞིག་ནི་མི་རྣམས་ལ་སྔར་ལས་ཆ་ཚང་བ་དང་བདེན་པ་བདེན་ཐུབ་ཀྱི་སྒོ་ནས་དེང་རབས་ཀྱི་ཀྲུང་གོ་ངོས་འཛིན་དང་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་སྟངས་འཛིན་པར་སྣེ་ཁྲིད་བྱེད་དགོས་པ་དེ་ཡིན།  ཀྲུང་གོའི་ཁྱད་ཆོས་དྲིལ་བསྒྲགས་དང་འགྲེལ་བརྗོད་བྱེད་ན།  རྒྱལ་ཁབ་དང་མི་རིགས་ཁག་གི་ལོ་རྒྱུས་ཀྱི་སྲོལ་རྒྱུན་དང་།  རིག་གནས་ཀྱི་བསགས་ནོར། གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་བཅས་མི་འདྲ་བས།  དེ་དག་གི་གོང་འཕེལ་བགྲོད་ལམ་ཡང་མི་འདྲ་བར་རང་རང་སོ་སོར་ཁྱད་ཆོས་ལྡན་ངེས་ཡིན་པ་གསལ་པོར་བཤད་དགོས་པ་དང་གཅིག   ཀྲུང་ཧྭའི་རིག་གནས་ལ་ཀྲུང་ཧྭ་མི་རིགས་ཀྱི་ཟབ་རྒྱས་བསམ་པའི་དོན་གཉེར་གྱ་ནོམ་པ་ཡོད་པ་དེ་ནི་ཀྲུང་ཧྭ་མི་རིགས་ཉིད་ཉམས་པ་མེད་པར་འཚོ་ཞིང་གནས་ལ་དར་ཞིང་རྒྱས་པའི་ཕུན་ཚོགས་གསོས་སུ་གྲུབ་ཡོད་པ་གསལ་པོར་བཤད་དགོས་པ་དང་གཉིས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་གཟེངས་སུ་ཐོན་པའི་དགེ་མཚན་ཡིན་ལ།  ང་ཚོའི་ཆེས་ཟབ་རྒྱས་ཆེ་བའི་རིག་གནས་མཉེན་སྟོབས་ཡིན་པ་གསལ་པོར་བཤད་དགོས་པ་དང་གསུམ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ས་ཞིང་གཤིན་པོའི་ནང་དུ་རྩ་བ་ཟབ་མོར་ཚུགས་ཡོད་ལ། ཀྲུང་གོའི་མི་དམངས་ཀྱི་འདོད་བློ་མཚོན་པ་དང་། ཀྲུང་གོ་དང་དུས་རབས་གོང་འཕེལ་ཡར་རྒྱས་ཡོང་བའི་བླང་བྱ་དང་མཐུན་པ། ལོ་རྒྱུས་ཀྱི་འབྱུང་ཁུངས་ཟབ་རྒྱས་དང་དངོས་ཡོད་ཀྱི་རྨང་གཞི་རྒྱ་ཆེན་པོ་ལྡན་པ་གསལ་པོར་བཤད་དགོས་པ་དང་བཞི་བཅས་ཡིན། ཀྲུང་ཧྭ་མི་རིགས་ཀྱིས་དར་རྒྱུན་རིང་བའི་ཀྲུང་ཧྭའི་རིག་གནས་ཀྱི་གཙུག་ལག་བསྐྲུན་ཡོད་ལ། ད་དུང་ཡང་ཀྲུང་ཧྭའི་རིག་གནས་ཀྱི་དཔལ་ཡོན་གསར་པ་བསྐྲུན་ཐུབ་ངེས་རེད། ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་སྲོལ་རྒྱུན་དང་། ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་ལས་དབང་། ཐུན་མོང་མ་ཡིན་པའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་བཅས་ཀྱིས་ང་ཚོ་ངེས་པར་དུ་རང་ཉིད་ཀྱི་ཁྱད་ཆོས་ལ་མཐུན་པའི་གོང་འཕེལ་བགྲོད་ལམ་དུ་སྐྱོད་དགོས་པ་ཐག་བཅད་ཡོད། རང་རྒྱལ་གྱི་སྲོལ་རྒྱུན་རིག་གནས་དང་ཕྱི་རྒྱལ་གྱི་ཕྱི་ཆོས་ལ་ཆ་མཚོན་ན། གནའ་བཟང་དེང་སྤྱོད་དང་ཕྱི་བཟང་ཀྲུང་སྤྱོད་དང་། སྙིགས་དོར་བཅུད་ལེན་དང་ངན་སྤངས་བདེན་ལེན་བཅས་ཀྱིས་ཚན་རིག་དང་མཐུན་པར་བླང་དོར་བྱས་ཏེ་བེད་སྤྱོད་བྱེད་དགོས། །

འཛམ་གླིང་གི་གནས་བབ་ལ་བྱུང་བའི་གོང་འཕེལ་དང་འཕོ་འགྱུར་དང་། འཛམ་གླིང་སྟེང་དུ་བྱུང་བའི་བྱ་དངོས་གསར་པ་དང་གནས་ཚུལ་གསར་པ། རྒྱལ་ཁབ་ཁག་ཏུ་བྱུང་བའི་བསམ་བློ་གསར་པ་དང་ལྟ་ཚུལ་གསར་པ་དང་ཤེས་བྱ་གསར་པ་བཅས་ལ། ང་ཚོས་དྲིལ་བསྒྲགས་དང་སྒྲོག་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་མིའི་རིགས་ཀྱི་ཤེས་དཔལ་གྱིས་གསར་སྐྲུན་བྱས་པའི་གྲུབ་འབྲས་དགེ་མཚན་ཅན་མཐའ་དག་དཔྱད་གཞིར་ལྷུར་ལེན་བྱ་རྒྱུར་ཕན་ཐོགས་པར་བྱེད་དགོས། ཕྱིར་ཕྱོགས་དྲིལ་བསྒྲགས་ལས་ཀ་ཞིབ་རྒྱས་སུ་སྒྲུབ་པ་དང་། ཕྱིར་ཕྱོགས་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ཏེ། ཤུགས་བརྒྱབ་ནས་ཀྲུང་ཕྱི་ཕྱོགས་གཉིས་འབྲེལ་འདྲིས་བྱེད་ཐུབ་པའི་ཐ་སྙད་གསར་པ་དང་། མཚན་གཞི་གསར་པ། རྗོད་བྱེད་གསར་པ་བཅས་གསར་བཟོ་བྱེད་དགོས་པ་དང་། ཀྲུང་གོའི་གཏམ་རྒྱུད་ཡག་པོར་བཤད་དགོས་ཤིང་། ཀྲུང་གོའི་སྐད་སྒྲ་ཁྱབ་སྒྲོག་ཡག་པོ་བྱེད་དགོས། །

དྲིལ་བསྒྲགས་དང་བསམ་བློའི་སྡེ་ཚན་གྱིས་འགན་འཁྲི་གལ་ཆེན་པོ་ཁུར་ཡོད་པས། ངེས་པར་དུ་ས་སྲུང་གི་འགན་འཁྲི་ཡོད་དགོས་ལ་ས་སྲུང་གི་འགན་འཁྲི་འཁུར་དགོས་ཤིང་ས་སྲུང་གི་འགན་འཁྲི་མཐར་ཕྱིན་པར་སྒྲུབ་དགོས། དྲིལ་བསྒྲགས་དང་བསམ་བློའི་སྡེ་ཚན་གྱི་ལས་ཀ་སྟོབས་ཆེན་ཆགས་དགོས་ན། ཐོག་མར་འགོ་ཁྲིད་ལས་བྱེད་པའི་ནུས་སྟོབས་ཆེ་རུ་གཏོང་དགོས་པ་དང་། འགོ་ཁྲིད་ཚན་པའི་ནུས་སྟོབས་ཆེ་རུ་གཏོང་དགོས། རིམ་པ་ཁག་གི་དྲིལ་བསྒྲགས་སྡེ་ཚན་གྱི་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་དང་ལག་ལེན་ལ་ཤུགས་སྣོན་བརྒྱབ་ནས། གཞན་གྱིས་དངོས་གནས་ཁས་ལེན་པའི་མཁས་པ་ཆགས་པར་བྱེད་དགོས། །

དྲིལ་བསྒྲགས་དང་བསམ་བློའི་ལས་ཀ་ཡག་པོར་སྒྲུབ་དགོས་ན་ངེས་པར་དུ་ཏང་ཡོངས་ཀྱིས་འབད་བརྩོན་བྱེད་དགོས། ཏང་ཨུ་རིམ་པ་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་དུ་བླངས་ནས། དྲིལ་བསྒྲགས་དང་བསམ་བློའི་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་ལ་དབྱེ་ཞིབ་ངོས་འཛིན་དང་། འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ལ་སྡེབ་གཅིག་ཏུ་ཁྲིད་སྟོན་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། དྲིལ་བསྒྲགས་དང་བསམ་བློའི་ལས་ཀ་ལ་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དྲིལ་བསྒྲགས་ཆེན་པོའི་ལས་ཀའི་ལྟ་བ་བསྐྱེད་དེ། འཐབ་ཕྱོགས་ཁག་དང་སྡེ་ཁག་ཚང་མ་སྐུལ་སློང་བྱས་ཏེ་མཉམ་དུ་བྱ་བ་ལྷུར་ལེན་བྱས་ནས་དྲིལ་བསྒྲགས་དང་བསམ་བློའི་ལས་ཀ་དེ་ཁྱབ་ཁོངས་ཁག་གི་སྲིད་འཛིན་དོ་དམ་དང་། ལས་རིགས་དོ་དམ། སྤྱི་ཚོགས་དོ་དམ་བཅས་དང་ཟུང་འབྲེལ་སྔར་བས་དམ་པོ་བྱེད་དགོས། །