ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་ཉེར་གསུམ་པ། ༽ཁྲིམས་སྐྱོང་རྒྱལ་ཁབ་དང་།   ཁྲིམས་སྐྱོང་སྲིད་གཞུང་།   ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

ཁུངས། ཀློག་གྲངས།

༄༅། ། ཁྲིམས་སྐྱོང་རྒྱལ་ཁབ་དང་།   ཁྲིམས་སྐྱོང་སྲིད་གཞུང་།   ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

(2013ལོའི་ཟླ་2ཚེས་23ཉིན།)

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱ་རྒྱུ་དེས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྔར་ལས་མཐོ་བའི་བླང་བྱ་བཏོན་ཡོད་པ་རེད།   ང་ཚོས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།   ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་།  “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན།   ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྟོན་དུ་བཟུང་ནས།   ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་།  གཟབ་ནན་ཆེན་པོས་ཁྲིམས་བསྟར།   དྲང་སྙོམ་གྱི་སྒོ་ནས་ཁྲིམས་འཛིན།   དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་སྒོ་ཀུན་ནས་སྐུལ་འདེད་བྱེད་པ་དང་།   ཁྲིམས་ལྟར་རྒྱལ་ཁབ་བསྐྱང་རྒྱུ་དང་།  ཁྲིམས་ལྟར་སྲིད་དབང་བསྐྱང་རྒྱུ། ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུ་བཅས་མཉམ་དུ་སྐུལ་འདེད་གཏང་རྒྱུ་རྒྱུན་འཁྱོངས་བྱེད་པ།  ཁྲིམས་སྐྱོང་གི་རྒྱལ་ཁབ་དང་། ཁྲིམས་སྐྱོང་གི་སྲིད་གཞུང་།  ཁྲིམས་སྐྱོང་གི་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཐོག  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྣམ་པ་གསར་པ་རྒྱུན་མི་ཆད་པར་གཏོད་དགོས།།

རང་རྒྱལ་ལ་རྩ་ཁྲིམས་ཀྱིས་སྤྱི་འདོམས་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཆགས་ཡོད་པ་དང་།   ང་ཚོའི་རྒྱལ་ཁབ་དང་སྤྱི་ཚོགས་འཚོ་བའི་ཕྱོགས་ཚང་མར་བསྲུང་བྱའི་བཅའ་ཁྲིམས་ཡོད་པ་སྤྱིའི་ཆ་ནས་མངོན་འགྱུར་བྱུང་བ་དེ་ནི། ང་ཚོས་བླངས་པའི་གྲུབ་འབྲས་ཆེན་པོ་ཞིག་ཡིན།   ལག་ལེན་ནི་བཅའ་ཁྲིམས་ཀྱི་རྨང་གཞི་ཡིན་པ་དང་།   བཅའ་ཁྲིམས་ཉིད་ལག་ལེན་གྱི་གོང་འཕེལ་དང་སྦྲགས་ནས་གོང་དུ་སྤེལ་དགོས།  ཁྲིམས་འཛུགས་པའི་འཆར་འགོད་འཐུས་ཚང་དུ་གཏོང་བ་དང་།  ཁྲིམས་འཛུགས་པའི་གཙོ་གནད་མངོན་གསལ་དོད་དུ་གཏོང་བ།  འཛུགས་རྒྱུ་དང་བཟོ་བཅོས་བརྒྱབ་རྒྱུ་དང་རྩིས་མེད་གཏང་རྒྱུ་གསུམ་སྡེབ་གཅིག་ཏུ་འཛིན་པ།   ཁྲིམས་འཛུགས་པའི་ཚན་རིག་ཅན་དང་དམངས་གཙོ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ།   བཅའ་ཁྲིམས་ཀྱི་དམིགས་གཏད་རང་བཞིན་དང་།   སྐབས་ཐོག་རང་བཞིན།   རྒྱུད་ཁོངས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས།   ཁྲིམས་འཛུགས་ལས་ཀའི་ལམ་སྲོལ་དང་ལས་རིམ་འཐུས་ཚང་དུ་གཏོང་བ་དང་།   སྤྱི་དམངས་གོ་རིམ་ཡོད་པའི་སྒོ་ནས་ཐེ་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ། ཕྱོགས་གང་ཐད་ཀྱི་བསམ་འཆར་ཉན་པ་བཅས་བྱས་ཏེ། བཅའ་ཁྲིམས་ཀྱིས་གནད་ལ་འཁེལ་བའི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་བླང་བྱ་མཚོན་དགོས་པ་དང་།  ཁེ་ཕན་གྱི་འབྲེལ་བ་མཐུན་སྦྱོར་སྔར་ལས་ལྷག་པ་བྱེད་དགོས་པ།   ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།།

རྩ་ཁྲིམས་དང་བཅའ་ཁྲིམས་ཁག་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་ཀྱི་གཅིག་གྱུར་དང་། ལ་རྒྱ་དང་།   དབང་གྲགས་བཅས་སྲུང་སྐྱོང་བྱས་ཏེ།  སྐྱེ་བོ་རྣམས་ཀྱིས་ཁྲིམས་དང་འགལ་མི་འདོད་པ་དང་། ཁྲིམས་དང་འགལ་མི་ཐུབ་པ།   ཁྲིམས་དང་འགལ་མི་ཕོད་པ་བཅས་ཀྱི་ཁོར་ཡུག་ཆགས་དགོས་པ་དང་།   ཁྲིམས་བཙུགས་ཕྱིན་ངེས་པར་དུ་བརྩི་སྲུང་དང་།   ཁྲིམས་བསྟར་དུས་ངེས་པར་དུ་གཟབ་ནན།   ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བཅས་བྱེད་དགོས།   སྲིད་འཛིན་ལས་ཁུངས་ནི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་པོ་གཙོ་བོ་ཡིན་པས་ཀུན་གྱི་སྣེ་ཁྲིད་དེ་ཁྲིམས་བསྟར་ནན་མོ་བྱས་ཏེ།   སྤྱི་པའི་ཁེ་ཕན་དང་མི་དམངས་ཀྱི་ཁེ་དབང་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་བཅས་སྲུང་སྐྱོང་བྱེད་དགོས།   ཁྲིམས་བསྟར་བྱེད་མཁན་ཡིན་ཕྱིན་ངེས་པར་དུ་བཅའ་ཁྲིམས་ལ་བློ་དཀར་སེམས་དཀར་བྱེད་དགོས།  རིམ་པ་ཁག་གི་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་ཚོས་ཁྲིམས་སྐྱོང་གི་བསམ་ཕྱོགས་དང་ཁྲིམས་སྐྱོང་གི་བྱེད་སྟངས་བེད་སྤྱོད་བྱེད་ནུས་ཆེ་རུ་བཏང་ནས།   ཁྲིམས་སྐྱོང་ལ་བརྟེན་ནས་བསྒྱུར་བཅོས་ཀྱི་ངོས་འཛིན་གཅིག་མཐུན་ཕྱོགས་བསྡུ་དང་།   གོང་སྤེལ་གྱི་བྱ་སྤྱོད་ཚད་ལྡན་བཟོ་བ།   འགལ་བ་འདུམ་སྒྲིག་ལ་སྐུལ་འདེད།   སྤྱི་ཚོགས་ཀྱི་ཞི་མཐུན་འགན་སྲུང་བཅས་ཧུར་ཐག་བྱེད་དགོས།   ཁྲིམས་བསྟར་བྱེད་སྒོ་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་བསྟར་བྱེད་སྒོ་ལ་ཁྲིམས་མིན་གྱིས་ཇུས་གཏོགས་བྱེད་པ་ཁྱད་གསོད་མཐའ་གཅིག་ཏུ་བྱེད་པ་དང་།  ས་གནས་སྲུང་སྐྱོབ་རིང་ལུགས་དང་སྡེ་ཁག་སྲུང་སྐྱོབ་རིང་ལུགས་བཀག་འགོག་དང་ཁྱད་གསོད་མཐའ་གཅིག་ཏུ་བྱེད་པ། རུལ་སུངས་ཀྱི་སྣང་ཚུལ་ལ་ཆད་པ་མཐའ་གཅིག་ཏུ་གཅོད་པ་བཅས་བྱས་ཏེ། དབང་ཆ་ཡོད་ན་འགན་འཁྲི་ཡོད་ངེས་པ་དང་།   དབང་ཆ་སྤྱོད་ན་ལྟ་སྐུལ་དང་ལེན་བྱེད་དགོས་པ།  ཁྲིམས་དང་འགལ་ན་ཁག་འགན་བདའ་འདེད་བྱེད་ངེས་པ་བཅས་བྱེད་ཐུབ་དགོས།།

ང་ཚོས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱི་གྱོད་གཞི་རེ་རེའི་ནང་ནས་དྲང་སྙོམ་དང་དྲང་བདེན་ཉམས་སུ་མྱོང་དུ་འཇུག་གང་ཐུབ་བྱེད་དགོས་ཞེས་བཏོན་ཡོད་པས།   ཁྲིམས་འཛིན་ལས་ཁུངས་ཚང་མས་དམིགས་འབེན་འདི་ལ་རྩེ་གཅིག་ཏུ་དམིགས་ནས་ལས་ཀ་ལེགས་སྒྱུར་བྱས་ཏེ།   ཁྲིམས་འཛིན་དྲང་སྙོམ་ཡོང་བར་གནོད་པ་དང་ཁྲིམས་འཛིན་ནུས་ཤུགས་ལ་འགོག་རྐྱེན་བཟོ་བའི་གཏིང་རིམ་གྱི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱེད་དགོས།  དམངས་དོན་དུ་ཁྲིམས་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཁྲིམས་འཛིན་ལས་ཀའི་སྤྱོད་ཚུལ་ལེགས་སྒྱུར་དང་། ཞབས་འདེགས་ཡག་པོ་ཞུས་ནས་མི་སེར་གྱིས་གཏུགས་བཤེར་རྒྱག་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པ་དང་།   ལྷག་པར་དུ་དཀའ་ངལ་ཆེ་བའི་མང་ཚོགས་ཀྱིས་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།   ཁྲིམས་འཛིན་ལས་དོན་པས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་དགོས་པ་དང་།  ཁྲིམས་འཛིན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ཁྲིམས་འཛིན་གྱི་བྱ་བ་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་།  མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་དྲང་སྙོམ་དྲང་བདེན་ཡོང་བར་དོ་འཁུར་དང་རེ་ལྟོས་བྱེད་པར་ཨ་ལན་སྤྲོད་དགོས།  འདྲི་གཅོད་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་རྐྱ་འཕེར་བ་དང་དྲང་གཞག་ངང་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་སྤྱོད་པ་ཁག་ཐེག་བྱེད་དགོས། །

རྩ་འཛུགས་སམ་སྐྱེ་བོ་གང་ཡང་རུང་བ་ཚང་མས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འཐུས་ཁོངས་སུ་བྱེད་སྒོ་སྤེལ་དགོས་པ་དང་།  སྤྱི་དམངས་དང་། སྤྱི་ཚོགས་རྩ་འཛུགས།  རྒྱལ་ཁབ་ལས་ཁུངས་གང་ཡང་རུང་བ་ཚང་མས་རྩ་ཁྲིམས་དང་བཅའ་ཁྲིམས་ཁག་ཚད་གཞིར་འཛིན་དགོས་པ། རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ཁེ་དབང་དང་དབང་ཆ་སྤྱོད་དགོས་ལ་འོས་འགན་ནམ་འགན་འཁྲི་སྒྲུབ་དགོས།  ཁྲིམས་ལུགས་སྐོར་གྱི་དྲིལ་བསྒྲགས་དང་སློབ་གསོ་གཏིང་ཟབ་སྤེལ་ནས།  སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་སྐྱེད་དགོས་ལ།  མི་དམངས་ཡོངས་ལ་སྣེ་ཁྲིད་བྱས་ཏེ་བཅའ་ཁྲིམས་བརྩི་སྲུང་བྱེད་པ་དང་གནད་དོན་གང་ཡོད་བཅའ་ཁྲིམས་ལ་བརྟེན་ནས་ཐག་གཅོད་བྱས་ནས།   ཁྲིམས་སྲུང་ན་གཟི་བརྗིད་ཡིན་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་བྱེད་དགོས།   ཁྲིམས་ལུགས་སློབ་གསོ་དང་ཁྲིམས་སྐྱོང་ལག་ལེན་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།   ཁྲིམས་སྐྱོང་བྱེད་སྒོ་རྒྱ་ཆེར་སྤེལ་དགོས་པ་དང་། སྤྱི་ཚོགས་དོ་དམ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཁྲིམས་ལྟར་རྒྱལ་ཁབ་བསྐྱང་རྒྱུ་དང་སྤྱོད་བཟང་ལ་བརྟེན་ནས་རྒྱལ་ཁབ་བསྐྱང་རྒྱུ་ཟུང་འབྲེལ་བྱས་ཏེ།  ཁྲིམས་སྐྱོང་འཛུགས་སྐྲུན་དང་ཀུན་སྤྱོད་འཛུགས་སྐྲུན་ཟུང་འབྲེལ་དམ་པོ་དང་། གཞན་གཅུན་དང་རང་གཅུན་ཟུང་འབྲེལ་དམ་པོ་བྱས་ཐོག   ཁྲིམས་སྐྱོང་དང་སྤྱོད་སྐྱོང་གཉིས་ཆར་པ་ཆུ་གྲོགས་དང་ཕྱར་བ་གྲུ་འདེགས་ཡོང་བར་བྱེད་དགོས།།

ང་ཚོའི་ཏང་ནི་སྲིད་སྐྱོང་ཏང་ཡིན་པས།  ཁྲིམས་ལྟར་སྲིད་དབང་བསྐྱང་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གིས་འགོ་ཁྲིད་བྱ་རྒྱུ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ། ཁྲིམས་ལྟར་རྒྱལ་ཁབ་བསྐྱང་རྒྱུ་བཅས་གཞི་མཐུན་ཡིན་པ་རྒྱུན་འཁྱོངས་བྱས་ཏེ།  ཏང་གི་འགོ་ཁྲིད་ཉིད་ཁྲིམས་ལྟར་རྒྱལ་ཁང་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས།   རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་སུ་བྱེད་སྒོ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།  རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚོས་སྣེ་ཁྲིད་དེ་ཁྲིམས་ལྟར་ལས་དོན་སྒྲུབ་དགོས་པ་དང་།  སྣེ་ཁྲིད་དེ་བཅའ་ཁྲིམས་བརྩི་སྲུང་ཞུ་དགོས།  རིམ་པ་ཁག་གི་རྩ་འཛུགས་སྡེ་ཁག་གིས་ཁྲིམས་ལྟར་ལས་དོན་སྒྲུབ་ཐུབ་མིན་དང་།  བཅའ་ཁྲིམས་བརྩི་སྲུང་ཞུ་ཐུབ་མིན་དེ་ལས་བྱེད་པར་རྟོག་ཞིབ་དང་ངོས་འཛིན་བྱེད་པའི་ཆ་རྐྱེན་གལ་ཆེན་པོར་རྩི་དགོས།།