ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་ཉེར་གཉིས་པ། ༽རྒྱལ་སའི་ལས་རིགས་ཁག་གིས་ད་སྤྱོད་རྩ་ཁྲིམས་ཡོངས་བསྒྲགས་ལག་བསྟར་བྱས་ནས་ལོ30འཁོར་བར་དྲན་གསོ་ཞུ་བ་སོགས་ཚོགས་ཆེན་ཐོག་གི་གསུང་བཤད།

ཁུངས། ཀློག་གྲངས།

རྒྱལ་སའི་ལས་རིགས་ཁག་གིས་ད་སྤྱོད་རྩ་ཁྲིམས་ཡོངས་བསྒྲགས་ལག་བསྟར་བྱས་ནས་ལོ30འཁོར་བར་དྲན་གསོ་ཞུ་བ་སོགས་ཚོགས་ཆེན་ཐོག་གི་གསུང་བཤད།

2012ལོའི་ཟླ12ཚེས4ཉིན།

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ། 1982ལོའི་ཟླ12ཚེས4ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》གྲོས་འཆམ་བྱུང་བ་རེད། རང་རྒྱལ་གྱི་ད་སྤྱོད་རྩ་ཁྲིམས་ཡོངས་བསྒྲགས་ལག་བསྟར་བྱས་ནས་ལོ་སུམ་ཅུ་འདས་ཟིན་པ་རེད།  དེ་རིང་ང་ཚོ་འདིར་གཟབ་རྒྱས་ངང་འདུ་འཛོམས་བྱས་ཏེ་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་དང་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་པའི་བྱ་བ་འདི་ལ་དྲན་གསོ་ཞུ་བ་ནི། རྩ་ཁྲིམས་ཕྱོགས་ཡོངས་ནས་ནུས་ལྡན་ངང་ལག་བསྟར་བྱ་རྒྱུ་ཁག་ཐེག་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན།

ལོ་རྒྱུས་ཀྱིས་ནམ་ཡང་མི་ལ་བློ་སྐྱེད་ཟབ་མོ་སྦྱིན་པར་བྱེད། རང་རྒྱལ་གྱི་རྩ་ཁྲིམས་ལམ་ལུགས་ཀྱི་བྱུང་འཕེལ་ལ་ཕྱི་མིག་བལྟས་ཚེ། རང་རྒྱལ་གྱི་རྩ་ཁྲིམས་ནི་ཏང་དང་མི་དམངས་ཀྱི་དཀའ་སྤྱད་འབད་བརྩོན་དང་གཡུར་ཟའི་གྲུབ་འབྲས་གསར་སྐྲུན་བྱེད་པ་དང་དམ་པོར་འབྲེལ་ཡོད་པ་དང་། ཏང་དང་མི་དམངས་ཀྱིས་བཏོད་པའི་མདུན་སྐྱོད་ཀྱི་བགྲོད་ལམ་དང་གསོག་འཇོག་བྱས་པའི་རྩ་ཆེའི་ཉམས་མྱོང་དང་དམ་པོར་འབྲེལ་ཡོད་པ་དེ་ང་ཚོས་སྔར་ལས་ལྷག་པར་དྲན་ཡོང་གི་འདུག །

རང་རྒྱལ་གྱི་ད་སྤྱོད་རྩ་ཁྲིམས་ནི1949ལོར་གནས་སྐབས་རྩ་ཁྲིམས་ཀྱི་གོ་ཆོད་པའི《ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་སྤྱི་མཉམ་རྩ་ཚིག》དང་། 1954ལོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ལ་ཁུངས་འདེད་བྱས་ཆོག ། ཡིག་རིགས་དེ་དག་ཚང་མས་རྒྱལ་ཁབ་ཀྱི་གཞི་རྩའི་རྩ་ཁྲིམས་ཀྱི་ངོས་ནས་ཉེ་རབས་ལོ་ངོ100ལྷག་རིང་གི་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ཀྱིས་ཕྱི་ནང་གི་དགྲ་བོར་ངོ་རྒོལ་དང་། མི་རིགས་རང་བཙན་དང་མི་དམངས་ཀྱི་བདེ་སྐྱིད་དང་རང་དབང་བརྩོན་ལེན་བྱེད་པའི་དོན་དུ་དཔའ་ངར་ཆེན་པོས་འཐབ་རྩོད་བྱས་ཚུལ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་འགོ་ཁྲིད་བྱས་ཏེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ལ་རྒྱལ་ཁ་བླངས་ཚུལ། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་སྲིད་དབང་བདག་གིར་བཞེས་ཚུལ་བཅས་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཁས་ལེན་གཏན་འཁེལ་བྱས་ཡོད་པ་རེད།

1978ལོར། ང་ཚོའི་ཏང་གིས་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྐོངས་འཚོགས་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་བྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་སྲོལ་ཕྱེ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཐུས་ཚང་དུ་གཏང་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་འགྱུར་བ་མེད་པའི་གཞི་རྩའི་བྱེད་ཕྱོགས་ཆགས་པ་རེད། གྲོས་ཚོགས་དེའི་ཐོག་བློ་མཐུན་ཏེང་ཞའོ་ཕིན་གྱིས་བསྟན་དོན། “མི་དམངས་དམངས་འཚོ་འགན་སྲུང་བྱེད་ཐུབ་པའི་ཆེད་དུ་ངེས་པར་དུ་ཁྲིམས་ལུགས་ལ་ཤུགས་སྣོན་རྒྱག་དགོས། དམངས་གཙོ་དེ་ངེས་པར་དུ་ཁྲིམས་ལུགས་ཅན་དང་བཅའ་ཁྲིམས་ཅན་དུ་འགྱུར་བར་བྱ་དགོས་ཤིང་། ལམ་ལུགས་དང་བཅའ་ཁྲིམས་དེ་རིགས་འགོ་ཁྲིད་པ་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག་འགྱུར་ལྡོག་མི་ཡོང་བ་དང་། འགོ་ཁྲིད་པའི་ལྟ་སྟངས་དང་དོ་སྣང་བྱེད་ས་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག་འགྱུར་ལྡོག་མི་ཡོང་བར་བྱ་དགོས།” ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་གཏན་ལ་ཕབ་པའི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་གསུམ་གཞིར་བཟུང་བ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ། ལོ་བཅུའི“རིག་གནས་གསར་བརྗེ་ཆེན་པོ” ཡི་ཡ་ང་བའི་བསླབ་བྱ་དང་ལེན་གཏིང་ཟབ་བྱས་པ། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ཐོབ་ཤོར་དཔྱད་གཞིར་བཟུང་བ། རང་རྒྱལ་གྱི་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་ལ་བསྟུན་པ་བཅས་ཀྱི་ཐོག་ནས། ང་ཚོས་རང་རྒྱལ་གྱི་ད་སྤྱོད་རྩ་ཁྲིམས་གཏན་འབེབས་བྱས་པ་རེད། ཕྱོགས་མཚུངས་རྩ་ཁྲིམས་ནས་མུ་མཐུད་གནས་བབ་གསར་པར་བསྟུན་པ་དང་། ཉམས་མྱོང་གསར་པ་ལེན་ལ། གྲུབ་འབྲས་གསར་པ་ཁས་ལེན་བྱེད་ན་ད་གཟོད་རྟག་བརྟན་གྱི་སྐྱེ་སྟོབས་ལྡན་ཐུབ་པ་རེད། 1988ལོ་དང་། 1993ལོ། 1999ལོ། 2004ལོ་བཅས་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་སོ་སོར་རང་རྒྱལ་གྱི་རྩ་ཁྲིམས་ཀྱི་དོན་ཚན་ཁག་ཅིག་དང་ནང་དོན་ཁག་ཅིག་ལ་དགོས་ངེས་དང་ཧ་ཅང་གལ་ཆེ་བའི་བཟོ་བཅོས་བརྒྱབ་ཡོད་པས། རང་རྒྱལ་གྱི་རྩ་ཁྲིམས་དེ་ཉིད་གཏན་འཇགས་རང་བཞིན་དང་དབང་གྲགས་རང་བཞིན་འཛིན་སྐྱོང་བྱེད་པའི་རྨང་གཞིའི་ཐོག་དུས་རབས་ཀྱི་གོམ་རྗེས་བསྙེགས་ནས་རྒྱུན་ཆད་མེད་པར་དུས་བསྟུན་མདུན་སྐྱོད་བྱུང་བ་རེད།

རང་རྒྱལ་གྱི་རྩ་ཁྲིམས་ནང་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གོང་འཕེལ་གྲུབ་འབྲས་བཅས་ཁས་ལེན་གཏན་འཁེལ་བྱས་ཡོད་པ་དང་། རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་དང་གཞི་རྩའི་ཁེ་ཕན་མཚོན་ཡོད་པས། དུས་སྐབས་གསར་པའི་ནང་གི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་གནད་ལས་ཀ་དང་། གཞི་རྩའི་རྩ་དོན། གལ་ཆེའི་བྱེད་ཕྱོགས། གལ་ཆེའི་སྲིད་ཇུས་བཅས་པའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ངོས་ཀྱི་མཚོན་བྱེད་མཐོ་ཤོས་སུ་གྱུར་ཡོད།

ལོ་ངོ30ཡི་རིང་། རང་རྒྱལ་གྱི་རྩ་ཁྲིམས་ཀྱིས་དེའི་བླ་ན་མེད་པའི་ཁྲིམས་ལུགས་ཀྱི་གོ་གནས་དང་སྟོབས་དང་ལྡན་པའི་ཁྲིམས་ལུགས་ཀྱི་ནུས་ཤུགས་ཀྱི་ཐོག་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ་འགན་སྲུང་ཤུགས་ཆེན་བྱས་ཡོད་པ་དང་། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བྱས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་ཀྱི་འཕེལ་རིམ་ལ་སྐུལ་འདེད་ཤུགས་ཆེན་བྱས་ཡོད་པ། འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་གྱི་གོང་འཕེལ་ལ་སྐུལ་སྤེལ་ཤུགས་ཆེན་བྱས་ཡོད་པ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་བཅས་ཡོང་བར་སྲུང་སྐྱོང་ཤུགས་ཆེན་བྱས་ཡོད་པ་བཅས་ལ་བརྟེན། རང་རྒྱལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་འཚོ་བ་བཅས་ལ་ཤུགས་རྐྱེན་ཧ་ཅང་ཟབ་མོ་ཐེབས་ཡོད།

ལོ་ངོ30ཡི་རིང་གི་གོང་འཕེལ་བརྒྱུད་རིམ་གྱིས་ར་སྤྲོད་གང་ལེགས་བྱས་ཡོད་དོན། རང་རྒྱལ་གྱི་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་མཐུན་པ་དང་། དོན་དངོས་ལ་མཐུན་པ། དུས་རབས་གོང་འཕེལ་གྱི་བླང་བྱ་དང་མཐུན་པ་བཅས་ཀྱི་རྩ་ཁྲིམས་ཡག་པོ་ཞིག་ཡིན་པ་དང་། དེ་ནི་མི་དམངས་ཀྱི་འདོད་བློ་སྒོ་ཀུན་ནས་མཚོན་ཡོད་པ་དང་། མི་དམངས་ཀྱི་དམངས་གཙོའི་ཁེ་དབང་སྒོ་ཀུན་ནས་འགན་སྲུང་བྱེད་པ། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྒོ་ཀུན་ནས་སྲུང་སྐྱོང་བྱེད་པ་བཅས་ཀྱི་རྩ་ཁྲིམས་ཡག་པོ་ཞིག་ཡིན་པ། དེ་ནི་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱིས་བདེ་སྐྱིད་འཚོ་བ་སྐྲུན་པར་འགན་སྲུང་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འགན་སྲུང་བྱེད་པ་བཅས་ཀྱི་རྩ་ཁྲིམས་ཡག་པོ་ཞིག་ཡིན་པར་བརྟེན། ང་ཚོའི་རྒྱལ་ཁབ་དང་མི་དམངས་ཀྱིས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཀྱི་ཉམས་སད་ཐེག་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དེད་དེ། མདུན་སྐྱོད་བྱེད་པའི་རྩ་བར་གྱུར་པའི་ཁྲིམས་ལུགས་ཀྱི་འགན་ལེན་ཡིན།

དེ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ལོ་ངོ60ལྷག་རིང་གི་རང་རྒྱལ་གྱི་རྩ་ཁྲིམས་ལམ་ལུགས་ཀྱི་བྱུང་འཕེལ་ལོ་རྒྱུས་ལ་ཁུངས་དེད་ཚེ། ང་ཚོས་གསལ་བོར་མཐོང་ཐུབ་པ་ནི་རྩ་ཁྲིམས་དེ་ཉིད་རྒྱལ་ཁབ་ཀྱི་ལས་སྐལ་དང་མི་དམངས་ཀྱི་ལས་དབང་ལ་ཉེ་བར་འབྲེལ་ཡོད་པ་དེ་རེད། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་ནི།  ཏང་དང་མི་དམངས་ཀྱི་ཐུན་མོང་གི་འདོད་བློའི་དབང་གྲགས་སྲུང་སྐྱོང་བྱེད་པ་རང་ཡིན། རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པ་ནི་ཏང་དང་མི་དམངས་ཀྱི་ཐུན་མོང་གི་འདོད་བློའི་ལ་རྒྱ་སྲུང་སྐྱོང་བྱེད་པ་རང་ཡིན། རྩ་ཁྲིམས་ལག་བསྟར་འགན་ལེན་བྱེད་པ་ནི། མི་དམངས་ཀྱི་ཁེ་ཕན་མངོན་འགྱུར་ཡོང་རྒྱུ་འགན་ལེན་བྱེད་པ་རང་ཡིན། དེ་ཡང་ང་ཚོས་རྩ་ཁྲིམས་ལ་བརྩི་འཇོག་ཏན་ཏིག་དང་རྩ་ཁྲིམས་ལག་བསྟར་ནུས་ལྡན་བྱས་པ་ཡིན་ཕྱིན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་ཐུབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བདེ་བླག་ཏུ་གོང་སྤེལ་གཏོང་ཐུབ། དེ་ལས་ལྡོག་སྟེ་གལ་སྲིད་རྩ་ཁྲིམས་ལ་སྣང་ཆུང་བྱེད་པ་དང་དེ་ཉམས་དམས་སུ་གཏོང་ལ། ཐ་ན་གཏོར་བརླག་བཏང་བ་ཡིན་ཕྱིན། མི་དམངས་ཀྱི་ཁེ་དབང་དང་རང་དབང་ཁག་ཐེག་བྱེད་ཐབས་མེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་བར་ཆད་འབྱུང་སྲིད་པ་རེད། དེ་དག་ནི་དུས་ཡུན་རིང་པོའི་ལག་ལེན་བྱུང་བའི་བློ་སྐྱེད་རྩ་ཆེན་ཡིན་པས་ངེས་པར་དུ་མིག་འབྲས་ལྟར་གཅེས་སྤྲས་བྱེད་དགོས། ང་ཚོས་སྔར་བས་རང་རྟོགས་ཀྱིས་རྩ་ཁྲིམས་ཀྱི་རྩ་དོན་བརྩི་སྲུང་དང་། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ། རྩ་ཁྲིམས་ཀྱི་འགན་འཁྲི་ལྷུར་ལེན་བཅས་བྱེད་དགོས།

གྲུབ་འབྲས་ཁས་ལེན་གང་ལེགས་བྱེད་པ་དང་ཕྱོགས་མཚུངས། ང་ཚོས་གནས་པའི་ཞན་ཆ་དང་མི་འདང་ས་ཡང་མཐོང་དགོས་པ་སྟེ། གཙོ་བོར་གཤམ་གསལ་གྱི་ཕྱོགས་འགའ་ཡོད། རྩ་ཁྲིམས་ལག་བསྟར་འགན་ལེན་བྱེད་པའི་ལྟ་སྐུལ་ལམ་སྲོལ་དང་། ལམ་ལུགས་བྱེ་བྲག་པ་ཁག་ད་དུང་འཐུས་སྒོ་ཚང་མེད་པ་དང་། ཁྲིམས་ཡོད་ཀྱང་མི་བརྩི་བ་དང་། ཁྲིམས་བསྟར་ནན་མོ་མི་བྱེད་པ། ཁྲིམས་དང་འགལ་ཡང་རྩད་གཅོད་མི་བྱེད་པ་བཅས་ཀྱི་སྣང་ཚུལ་ད་དུང་ས་གནས་ལ་ལ་དང་སྡེ་ཚན་ལ་ལར་སྔར་བཞིན་གནས་ཡོད་པ་དང་གཅིག ། མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་འབྲེལ་བའི་ཁྲིམས་བསྟར་དང་ཁྲིམས་འཛིན་གྱི་གནད་དོན་ད་དུང་འབུར་དུ་ཐོན་ཡོད་པ་དང་གཉིས། གཞུང་ལས་མི་སྣ་ཁག་ཅིག་གིས་འགན་དབང་བྱུང་རྒྱལ་དུ་སྤྱོད་པ་དང་། འགན་ཤོར་འགན་འཛོལ། ཁྲིམས་འཛིན་རྒྱུས་བཤིག་བྱེད་པ། ཐ་ན་ཉེར་ཕྱོགས་ཁྲིམས་འགལ་བྱེད་པ་སོགས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དབང་གྲགས་ལ་གནོད་འཚེ་ཚབས་ཆེན་གཏོང་བ་དང་གསུམ། འགོ་ཁྲིད་ལས་བྱེད་ཁག་ཅིག་ཚུད་པའི་སྤྱི་དམངས་ཀྱིས་རྩ་ཁྲིམས་ཀྱི་འདུ་ཤེས་ད་དུང་སྔར་བས་ཆེ་རུ་གཏོང་དགོས་པ་དང་བཞི་བཅས་ཡིན། གནད་དོན་དེ་དག་ལ་ང་ཚོས་ངེས་པར་དུ་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ་ཐག་གཅོད་ཏན་ཏིག་བྱེད་དགོས།

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ནན་བཤད་བྱས་དོན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཐབས་ཇུས་ཡིན་པ་དང་། ཁྲིམས་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་དང་སྲིད་དབང་སྐྱོང་བའི་གཞི་རྩའི་བྱེད་སྟངས་ཡིན་པས། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་དོ་དམ་བྱེད་པའི་ཁྲོད་དུ། ཁྲིམས་སྐྱོང་གིས་ཐོན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་དེ་བས་མཐོང་ཆེན་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། དམིགས་འབེན་བླང་བྱ་འདི་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་དགོས།

ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་དང་། རྨང་གཞིའི་རང་བཞིན་ཅན་གྱི་ལས་ཀ་ཡིན། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན་པ་དང་། རྒྱལ་ཁབ་བདེ་བར་སྐྱོང་བའི་སྤྱི་ཁྱབ་སྒྲིག་ཡིག་ཡིན་པས། དེར་བླ་ན་མེད་པའི་བཅའ་ཁྲིམས་ཀྱི་གོ་གནས་དང་། བཅའ་ཁྲིམས་ཀྱི་དབང་གྲགས། བཅའ་ཁྲིམས་ཀྱི་བྱེད་ནུས་བཅས་ལྡན་པ་དང་། དེར་རྩ་བའི་རང་བཞིན་དང་། སྤྱི་ཡོངས་ཀྱི་རང་བཞིན། གཏན་འཇགས་ཀྱི་རང་བཞིན། རྒྱུན་རིང་གི་རང་བཞིན་བཅས་ལྡན་ཡོད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་པོའི་སྟོབས་ཤུགས་ཐམས་ཅད། ཏང་ཤོག་ཁག་དང་སྤྱི་ཚོགས་ཀྱི་ཚོགས་པ་ཁག ། ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས་ཁག་བཅས་ཚང་མས་ངེས་པར་དུ་རྩ་ཁྲིམས་ཉིད་རྩ་བར་གྱུར་པའི་བྱ་སྤྱོད་ཀྱི་ཚད་གཞིར་འཛིན་དགོས་པ་དང་། དེར་མ་ཟད་རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་དང་རྩ་ཁྲིམས་ལག་བསྟར་འགན་ལེན་བྱེད་པའི་འགན་འཁྲི་ཡོད། རྩ་འཛུགས་སུ་མི་སྒེར་གང་ཡང་རུང་བ་ཚང་མར་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་བའི་ཁྱད་དབང་ཡོད་མི་ཆོག  རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་བའི་བྱ་སྤྱོད་མཐའ་དག་ལ་ངེས་པར་དུ་ཁག་འགན་བདའ་འདེད་བྱེད་དགོས།

རྩ་ཁྲིམས་ཀྱི་སྲོག་རྩ་ནི་ལག་བསྟར་ལ་ཐུག་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་ཀྱང་ལག་བསྟར་ཐོག་གནས་ཡོད། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་རྩ་ཁྲིམས་ལག་བསྟར་བྱེད་པའི་ལས་ཀ་དམ་འཛིན་ལེགས་པོ་བྱས་ཏེ། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆུ་ཚད་གསར་པ་ཞིག་ལ་མཐོར་འདེགས་གཏོང་དགོས།

དང་པོ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གྱི་བགྲོད་ལམ་ཐོག་སྐྱོད་དགོས། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་འཕེལ་གཏོང་བའི་ཕྱོགས་སུ་འཕེལ་ཀ་ཆེན་པོ་བྱུང་ཡོད་པ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གྱི་བགྲོད་ལམ་ལེགས་གྲུབ་སྒོས་བཏོད་ཅིང་བསྐྱོད་ཡོད་པས། ཆེས་རྒྱ་ཆེ་བའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པར་ཡང་དག་པའི་ཁ་ཕྱོགས་གཏན་འཁེལ་བྱས་ཡོད། ཆབ་སྲིད་གོང་འཕེལ་གྱི་བགྲོད་ལམ་འདིའི་སྲོག་ཤིང་བསམ་བློ་དང་། གཙོ་གཞིའི་ནང་དོན། གཞི་རྩའི་བླང་བྱ་བཅས་ཚང་མར་རྩ་ཁྲིམས་ཀྱི་ནང་ཁས་ལེན་གཏན་འཁེལ་བྱས་ཡོད་ཅིང་མངོན་པར་མཚོན་ཡོད་པ་དང་། དེའི་དགོངས་དོན་གྱི་ངོ་བོ་ནི་ཕན་ཚུན་དམ་པོར་འབྲེལ་བ་དང་། དཀྱུས་གཅིག་ཏུ་བསྟར་བ། སྐུལ་རེས་བྱེད་པ་བཅས་ཀྱི་ངོ་བོ་ཅན་ཡིན། རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་དང་རྩ་བའི་ལས་འགན། རྒྱལ་ཁབ་ཀྱི་འགོ་ཁྲིད་སྲོག་ཤིང་དང་སློབ་སྟོན་བསམ་བློ། བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་ཅིང་བཟོ་ཞིང་མནའ་འབྲེལ་རྨང་གཞིར་གྱུར་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་སྒྲིག་གཞི། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ཆབ་སྲིད་སྒྲིག་གཞི། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས། རྒྱལ་སྤྱིའི་འཐབ་ཕྱོགས་གཅིག་གྱུར། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་རྩ་དོན། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་རྩ་དོན་བཅས་རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ལམ་ལུགས་དང་རྩ་དོན་འདི་དག་ནི། ང་ཚོས་ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ལག་བསྟར། རྒྱུན་ཆད་མེད་པར་གོང་སྤེལ་བཅས་བྱེད་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ་ལ། གནད་འགག་ཆེ་ས་ནི་ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཞི་མཐུན་དུ་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་སྲུང་བྱེད་པ་དེ་རྩ་བར་འཛིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྐྱེ་སྟོབས་ཆེ་རུ་གཏང་རྒྱུ་དང་། མི་དམངས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱ་རྒྱུ་དེ་དམིགས་ཡུལ་ལ་འཛིན་པའི་ཐོག་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་རྒྱ་སྐྱེད་གཏོང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་དར་སྤེལ་གཏོང་དགོས། ང་ཚོས་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ཀྱི་ཡིན་པའི་རྩ་ཁྲིམས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཁྱབ་གང་ཆེའི་སྒོ་ནས། མི་དམངས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པ་དང་། འཇུག་སྒོ་དང་བྱེད་སྟངས་སྣ་ཚོགས་ཀྱི་ཐོག་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ལས་དོན་དོ་དམ་དང་། དཔལ་འབྱོར་དང་རིག་གནས་ཀྱི་ལས་དོན་དོ་དམ། ཐུན་མོང་ཐོག་འཛུགས་སྐྲུན་དང་ཐུན་མོང་ཐོག་ལོངས་སྤྱོད་བཅས་བྱས་ཏེ་རྒྱལ་ཁབ་དང་སྤྱི་ཚོགས་དང་མི་སྒེར་བཅས་ཀྱི་ལས་དབང་གི་བདག་པོ་ཆགས་པར་བྱེད་དགོས། ང་ཚོས་རྩ་ཁྲིམས་ཀྱི་གཏན་འཁེལ་བྱས་པའི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་དང་། རྒྱལ་ཁབ་སྲིད་དབང་གི་སྒྲིག་སྲོལ། བྱེད་སྒོའི་ཚད་གཞི་བཅས་ལྟར་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གཅིག་གྱུར་ཐོག་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་རྒྱུ་ལག་བསྟར་དང་། ཇུས་ཐག་གཅོད་དབང་དང་། ལག་བསྟར་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་ལུགས་མཐུན་གྱི་ལས་བགོས་ཡོད་ལ་ཕན་ཚུན་མཐུན་འབྱོར་ཡང་ཡོད་པ་ལག་བསྟར། རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་བཀོད་ཀྱི་དབང་མཚམས་དང་ལས་རིམ་ལྟར་འགན་དབང་སྤྱོད་པ་དང་འགན་འཁྲི་སྒྲུབ་རྒྱུ་འགན་ལེན། རྒྱལ་ཁབ་ལས་ཁུངས་ཀྱིས་གཅིག་གྱུར་དང་ནུས་ལྡན་ངང་བྱ་གཞག་ཁག་སྒྲིག་འཛུགས་བྱ་རྒྱུ་འགན་ལེན་བཅས་བྱེད་དགོས། ང་ཚོས་རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་སྒྲིག་སྲོལ་དང་རྩ་དོན་ལྟར་ཀྲུང་དབྱང་དང་ས་གནས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་དང་། མི་རིགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག  ཕྱོགས་གང་ཅིའི་འབྲེལ་བ་ཐག་གཅོད་ཡང་དག་བཅས་བྱེད་དགོས་པ་དང་། མཐུན་རྐྱེན་བཟང་པོ་ཡོད་ཚད་སྐུལ་སློང་བྱས་ཏེ་དམངས་གཙོ་མཐུན་སྒྲིལ་དང་། འཁྲུག་ཆ་དོད་པོ། ལྷིང་འཇགས་ཞི་མཐུན་བཅས་ཀྱི་ཆབ་སྲིད་ཀྱི་རྣམ་པ་སྲ་བརྟན་དང་གོང་སྤེལ་གཏོང་དགོས། ང་ཚོས་མི་དམངས་དམངས་གཙོ་རྒྱ་བསྐྱེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་བླང་བྱ་གསར་པར་བསྟུན་ནས། ཆབ་སྲིད་སྒྲིག་སྲོལ་བསྒྱུར་བཅོས་ལ་ཧུར་བརྩོན་དང་བབ་བརླིང་སྒོས་སྐུལ་འདེད་གཏོང་དགོས་པ་དང་། སྔར་བས་ཁྱབ་རྒྱ་ཆེ་བ་དང་། སྔར་བས་མཐར་ཕྱིན་པ། སྔར་བས་འཐུས་སྒོ་ཚང་བ་བཅས་ཀྱི་ མི་དམངས་དམངས་གཙོ་གོང་སྤེལ་གཏོང་དགོས་ཤིང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་རང་ངོས་ནས་འཐུས་ཚང་དང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།

གཉིས་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་འཐབ་ཇུས་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་མགྱོགས་པོར་འཛུགས་སྐྲུན་བྱེད་དགོས། རྩ་ཁྲིམས་ཀྱིས་སྤྱི་ཚོགས་རིང་ལུགས་ཁྲིམས་ལུགས་ཀྱི་གཞི་རྩའི་རྩ་དོན་གཏན་ལ་ཕབ་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་པ། རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་ཀྱི་གཅིག་གྱུར་དང་ལ་རྒྱ་སྲུང་སྐྱོང་བྱེད་དགོས་པ་བཅས་གཏན་འཁེལ་གསལ་པོ་བྱས་ཡོད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཐབས་ཇུས་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་མགྱོགས་པོར་འཛུགས་སྐྲུན་བྱེད་དགོས་ན། ངེས་པར་དུ་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་བསྟར་ནན་མོ་བྱེད་པ། ཁྲིམས་འཛིན་དྲང་སྙོམ་བྱེད་པ། དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ཀྱི་འཕེལ་རིམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

ང་ཚོས་རྩ་ཁྲིམས་ཉིད་ཆེས་མཐོའི་བཅའ་ཁྲིམས་ཀྱི་ཚད་གཞིར་བཟུང་ནས། མུ་མཐུད་རྩ་ཁྲིམས་ཀྱིས་སྤྱི་འདོམས་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་བཟོས་ཐོག བྱ་གཞག་ཁག་དང་ལས་དོན་ཁག་ཚང་མ་ཁྲིམས་ལུགས་ཀྱི་ལམ་གའི་སྟེང་དུ་འཛུལ་དགོས་པ་དང་། བརྩི་སྲུང་བྱ་སའི་ཁྲིམས་ཡོད་དགོས་པ་དང་། ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ། ཁྲིམས་བསྟར་དུས་ངེས་པར་དུ་གཟབ་ནན་བྱེད་དགོས་པ། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བྱེད་དགོས་པ་བཅས་ལག་བསྟར་བྱེད་དགོས་ཤིང་། སྤྱི་ཚོགས་ཀྱི་དྲང་བདེན་དང་དྲང་སྙོམ་སྲུང་སྐྱོང་བྱེད་དགོས་ལ། རྒྱལ་ཁབ་དང་སྤྱི་ཚོགས་འཚོ་བ་ལམ་ལུགས་ཅན་དང་ཁྲིམས་ལུགས་ཅན་དུ་འགྱུར་བར་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་གནད་ཆེའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། མི་དམངས་གོ་རིམ་ལྡན་པའི་སྒོ་ནས་ཁྲིམས་འཛུགས་ལ་ཐེ་ཞུགས་བྱེད་པའི་འཇུག་སྒོ་རྒྱ་སྐྱེད་གཏོང་དགོས་ལ། ཆ་ལག་ཚང་བའི་བཅའ་ཁྲིམས་ཀྱི་ཐོག་ནས་རྩ་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། རྩ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་ལམ་ལུགས་དང་རྩ་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་ཁག་ཐེག་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཁྲིམས་འཛུགས་དབང་ཆ་ཡོད་པའི་ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་བཅའ་ཁྲིམས་དང་ཆ་འགྲིག་སྲིད་འཛིན་ཁྲིམས་སྲོལ་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་དང་བཟོ་བཅོས་བྱ་རྒྱུ་དམ་འཛིན་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་ནུས་ལྡན་ཡོང་རྒྱུ་ཁག་ཐེག་བྱེད་དགོས། རིམ་པ་ཁག་གི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཀྱིས་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་འཛིན་དྲང་སྙོམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྲིམས་སྐྱོང་གི་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ལ། ཁྲིམས་འཛིན་གྱི་སྤྱི་པའི་ཡིད་རྟོན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཀྱི་ལག་བསྟར་ལས་ཁུངས་ཡིན་པ་དང་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཡིན་པའི་ངོས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་གཟབ་ནན་བྱེད་དགོས་པའི་འགན་འཁྲི་གལ་ཆེན་འཁུར་ཡོད་པས། སྲིད་འཛིན་བྱ་སྤྱོད་ཚད་ལྡན་བཟོས་ཏེ། གཟབ་ནན་ཚད་ལྡན་དྲང་སྙོམ་ཚུལ་ལུགས་བཞི་ལྡན་གྱི་སྒོ་ནས་ཁྲིམས་བསྟར་བྱེད་ཐུབ་པ་ཁག་ཐེག་ཏན་ཏིག་བྱེད་དགོས། ང་ཚོས་ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཁྲིམས་མཐུན་དང་རང་ཚུགས་དང་དྲང་སྙོམ་བཅས་ཀྱི་སྒོ་ནས་འདྲི་གཅོད་དབང་ཆ་དང་། ཞིབ་དཔྱོད་དབང་ཆ་སྤྱད་རྒྱུ་ཁག་ཐེག་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལྟ་སྐུལ་ལས་ཁུངས་བཅས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ལྷུར་ལེན་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཁག་ལག་བསྟར་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། ལྟ་སྐུལ་ལམ་སྲོལ་དང་ལས་རིམ་འཐུས་ཚང་དུ་བཏང་སྟེ། རྩ་ཁྲིམས་དང་འགལ་བ་དང་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་བློ་ཐག་རྦད་ཆོད་ཀྱིས་ཡོ་བསྲང་བྱེད་དགོས། ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེ་དག་གི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་དབང་སྤྱད་དེ། རྩ་ཁྲིམས་དང་བཅའ་ཁྲིམས་ཁག་དེ་ག་སྲིད་འཛིན་ས་ཁོངས་སུ་བརྩི་སྲུང་དང་ལག་བསྟར་བྱ་རྒྱུ་ཁག་ཐེག་བྱེད་དགོས།

གསུམ་པ། མི་དམངས་ཀྱི་བྱེད་པོའི་གོ་གནས་རྒྱུན་འཁྱོངས་བྱས་ཏེ། སྤྱི་དམངས་ལ་ཁེ་དབང་སྤྱད་རྒྱུ་ཡོད་པ་དང་འོས་འགན་སྒྲུབ་པ་འགན་སྲུང་ཏན་ཏིག་བྱེད་དགོས། སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན་ནི། རྩ་ཁྲིམས་ཀྱི་བརྗོད་བྱའི་སྙིང་པོ་ཡིན་པ་དང་། རྩ་ཁྲིམས་ནི་སྤྱི་དམངས་ཚང་མར་ཁེ་དབང་སྤྱད་རྒྱུ་ཡོད་པ་དང་འོས་འགན་སྒྲུབ་པའི་རྩ་བའི་ཁག་ཐེག་ཡིན། རྩ་ཁྲིམས་ཀྱི་རྩ་བ་ཚུགས་ས་ནི་མི་དམངས་ཀྱི་སེམས་གཏིང་ནས་ཐོབ་པའི་གོང་བཀུར་ཡིན་པ་དང་། རྩ་ཁྲིམས་ཀྱི་སྟོབས་ཤུགས་ནི་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་དད་མོས་ཡིན། དེ་ཡང་བཅའ་ཁྲིམས་ཀྱི་མདུན་དུ་སྤྱི་དམངས་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པ། མི་དམངས་ལ་ཁྲིམས་ལྟར་རྒྱ་ཆེ་བའི་ཁེ་དབང་དང་རང་དབང་ཡོད་པ་ཁག་ཐེག་བྱེད་པ་བཅས་བྱུང་ན་ད་གཟོད་རྩ་ཁྲིམས་ཉིད་མི་སེམས་ལ་ཟབ་མོར་འཇགས་ཐུབ་པ་དང་། མི་དམངས་མང་ཚོགས་ཀྱི་ནང་དུ་ཟབ་མོར་ཚུགས་ཐུབ་ལ། རྩ་ཁྲིམས་ལག་བསྟར་བྱ་རྒྱུ་དེ་གཞི་ནས་མི་དམངས་ཡོངས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་དངོས་འབྲེལ་ཆགས་ཐུབ།

ང་ཚོས་ཁྲིམས་ལྟར་སྤྱི་དམངས་ཡོངས་ལ་རྒྱ་ཆེ་བའི་ཁེ་དབང་སྤྱད་རྒྱུ་ཡོད་པ་འགན་སྲུང་དང་། སྤྱི་དམངས་ཀྱི་མི་ལུས་ཁེ་དབང་དང་། རྒྱུ་ནོར་ཁེ་དབང་། གཞི་རྩའི་ཆབ་སྲིད་ཁེ་དབང་སོགས་ཁེ་དབང་ཁག་ལ་བཙན་གནོད་མི་ཕོག་པ་འགན་ལེན་དང་། སྤྱི་དམངས་ཀྱི་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས་སོགས་ཕྱོགས་གང་ཅིའི་ཁེ་དབང་དོན་ཐོག་ཏུ་འཁྱོལ་རྒྱུ་ཁག་ཐེག ། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་ཧུར་ཐག་གིས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱིས་དགའ་སྐྱིད་ཀྱི་འཚོ་བ་རེ་སྙེག་བྱེད་པ་འགན་ལེན་བཅས་བྱེད་དགོས། ང་ཚོས་ཁྲིམས་ལྟར་མི་དམངས་མང་ཚོགས་ཀྱི་ཞུ་གསོལ་ལ་ལྟ་ཚུལ་དྲང་སྙོམ་འཛིན་དགོས་པ་དང་། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱི་གྱོད་གཞི་རེ་རེ་ཚང་མའི་ནང་ནས་དྲང་སྙོམ་དང་དྲང་བདེན་མྱོང་དུ་འཇུག་གང་ནུས་བྱེད་དགོས་པ་ལས། དྲང་སྙོམ་མེད་པའི་འདྲི་གཅོད་ཀྱིས་མི་དམངས་མང་ཚོགས་ཀྱི་བརྩེ་དུང་དང་མི་དམངས་མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་དུ་གཏན་ནས་འཇུག་མི་རུང་། ང་ཚོའི་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་སྐོར་གྱི་དྲིལ་བསྒྲགས་དང་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། མི་དམངས་ཡོངས་དང་ལྷག་པར་དུ་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཚོའི་རྩ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་ལུགས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་ཧུར་ཐག་གིས་སྐྱེད་བསྲིང་། རྩ་ཁྲིམས་སྐྱེ་བོ་ཀུན་གྱིས་རྟོགས་པ། སྤྱི་ཚོགས་ཡོངས་སུ་ཁྲིམས་སྦྱོང་ཁྲིམས་བརྩི་ཁྲིམས་སྲུང་གསུམ་གྱི་དར་སྲོལ་བཟང་པོ་ཞིག་ཆགས་པ་བཅས་བྱེད་དགོས། ང་ཚོས་འབད་བརྩོན་ལྷོད་མེད་བྱས་ཏེ་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་བརྟན་པོར་འཛུགས་པ་དང་། མི་དམངས་མང་ཚོགས་ལ་བཅའ་ཁྲིམས་ལ་སྒོ་ཀུན་ནས་ཡིད་ཆེས་བྱེད་དུ་འཇུག་པ་དང་རང་རྟོགས་ཀྱིས་བཅའ་ཁྲིམས་བེད་སྤྱོད་བྱེད་དུ་བཅུག་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་རྩ་ཁྲིམས་ནི་སྤྱི་དམངས་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་བྱ་སྤྱོད་ཀྱི་ཚད་གཞི་ཡིན་པས་མི་ཚད། སྤྱི་དམངས་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་བཅའ་ཁྲིམས་ཀྱི་མཚོན་ཆ་ཡང་ཡིན་པ་ངོས་འཛིན་ཐུབ་པར་བྱེད་དགོས། ང་ཚོས་རྩ་ཁྲིམས་སྐོར་གྱི་སློབ་གསོ་དེ་ཏང་ཡོན་ལས་བྱེད་པར་སློབ་གསོ་གཏོང་བའི་ནང་དོན་གལ་ཆེན་པོར་བརྩིས་ཏེ། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཚོར་རྩ་ཁྲིམས་ཀྱི་གཞི་རྩའི་ཤེས་བྱ་ཤེས་རྟོགས་བྱེད་དུ་འཇུག་དགོས་པ་དང་། རྩ་ཁྲིམས་ལ་བློ་དཀར་བ་དང་། རྩ་ཁྲིམས་བརྩི་སྲུང་ཞུ་བ། རྩ་ཁྲིམས་སྲུང་སྐྱོང་བྱེད་པ་བཅས་ཀྱི་རང་རྟོགས་ཀྱི་འདུ་ཤེས་སྐྱེད་དུ་འཇུག་དགོས། བཅའ་ཁྲིམས་ནི་ཡི་གེར་བཀོད་པའི་ཀུན་སྤྱོད་ཡིན་པ་དང་། ཀུན་སྤྱོད་ནི་སེམས་རྒྱུད་ཀྱི་བཅའ་ཁྲིམས་རེད། ང་ཚོས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་བཟང་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་ཟུང་འབྲེལ་བྱས་ཏེ། ཀུན་སྤྱོད་ཀྱིས་སྤྱི་དམངས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ནུས་པ་ལ་དོ་སྣང་ཆེན་པོ་བྱེད་པ་དང་། སྤྱི་དམངས་ལ་སྣེ་ཁྲིད་བྱས་ཏེ་ཁྲིམས་ལྟར་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོབ་བྱེད་པ། རང་རྟོགས་ཀྱིས་ཁྲིམས་བཀོད་ཀྱི་འོས་འགན་ཡང་སྒྲུབ་ཏུ་འཇུག་པ་བཅས་ཀྱི་ཐོག་ནས་ཁེ་དབང་ལོངས་སྤྱོད་དང་འོས་འགན་སྒྲུབ་པ་གཉིས་གཅིག་གྱུར་བྱེད་ཐུབ་དགོས།

བཞི་པ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་གི་འགོ་ཁྲིད་བྱེད་སྟངས་དང་སྲིད་དབང་སྐྱོང་སྟངས་ལེགས་བཅོས་བྱ་རྒྱུར་སྔར་བས་དོ་སྣང་བྱེད་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དེ་ཡིན་པ་དང་། ཁྲིམས་ལྟར་སྲིད་དབང་སྐྱོང་བའི་གནད་འགག་ནི་རྩ་ཁྲིམས་ལྟར་སྲིད་དབང་སྐྱོང་བ་དེ་རེད། གནས་བབ་གསར་པའི་འོག་ཏུ། ང་ཚོའི་ཏང་གིས་སྲིད་དབང་བསྐྱངས་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འགན་འཁྲི་གལ་ཆེན་ཡག་པོར་སྒྲུབ་དགོས་ན། ངེས་པར་དུ་ཏང་གི་སྒྲིག་ཡིག་ལྟར་ཏང་ནན་སྐྱོང་བྱེད་དགོས་པ་དང་། རྩ་ཁྲིམས་ལྟར་རྒྱལ་ཁབ་དང་སྲིད་དབང་སྐྱོང་དགོས། ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་གཏན་འབེབས་བྱེད་པ་དང་། ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་དགོས་ན། ཏང་རང་ངོས་ནས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་སུ་བྱེད་སྒོ་སྤེལ་དགོས་པ་དང་། མིང་དོན་མཚུངས་པའི་སྒོ་ནས་ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་དང་། ཁྲིམས་བསྟར་འགན་སྲུང་། སྣེ་ཁྲིད་དེ་ཁྲིམས་སྲུང་བཅས་བྱེད་ཐུབ་དགོས།

ང་ཚོས་ཏང་གིས་སྤྱི་ཡོངས་འཛིན་པ་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་རྒྱུན་འཁྱོངས་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཐབས་ཇུས་དང་། ཁྲིམས་ལྟར་སྲིད་དབང་སྐྱོང་བའི་གཞི་རྩའི་བྱེད་སྟངས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་འདོད་བློ་དེ་ཁྲིམས་བཀོད་ཀྱི་ལས་རིམ་བརྒྱུད་དེ་རྒྱལ་ཁབ་ཀྱི་འདོད་བློ་རུ་སྒྱུར་མཁས་པ་དང་། ཏང་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པའི་འོས་མི་གང་དེ་རྒྱལ་ཁབ་སྲིད་དབང་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣར་སྒྱུར་མཁས་པ། རྒྱལ་ཁབ་ཀྱི་སྲིད་དབང་ལས་ཁུངས་བརྒྱུད་ཏང་གིས་རྒྱལ་ཁབ་དང་སྤྱི་ཚོགས་ལ་འགོ་ཁྲིད་བྱེད་མཁས་པ་བཅས་བྱེད་དགོས་པ་དང་། རྒྱལ་ཁབ་སྲིད་དབང་ལས་ཁུངས་དང་། སྲིད་འཛིན་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་རང་རྐྱ་འཕེར་བའི་སྒོ་ནས་འགན་འཁྲི་འཁུར་བ་དང་གོམ་སྟབས་གཅིག་གྱུར་གྱི་ལས་ཀ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོས་སྣེ་ཁྲིད་དེ་ཁྲིམས་སྐྱོང་ལག་བསྟར་བྱེད་དགོས་པ་དང་། རྒྱུན་ཆད་མེད་པར་ཁྲིམས་ལྟར་སྲིད་དབང་སྐྱོང་བའི་ནུས་སྟོབས་དང་ཆུ་ཚད་མཐོ་རུ་གཏོང་དགོས་ལ། རྒྱུན་ཆད་མེད་པར་རྒྱལ་ཁབ་དང་སྲིད་དབང་སྐྱོང་བའི་བྱེད་སྒོ་ཁག་ལམ་ལུགས་ཅན་དང་བཅའ་ཁྲིམས་ཅན་དུ་སྐུལ་འདེད་གཏོང་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་གི་བསམ་ཕྱོགས་དང་ཁྲིམས་སྐྱོང་གི་བྱེད་སྟངས་སྤྱད་དེ་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། གོང་འཕེལ་ལ་སྐུལ་འདེད་གཏོང་བ། འགལ་བ་འདུམ་སེལ་བྱེད་པ།  བརྟན་བརླིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། བྱ་བ་གང་བྱེད་ཁྲིམས་ལ་བརྟེན་པ་དང་། དོན་དག་གང་ཐུག་ཁྲིམས་ལ་བཅོལ་བ། གནད་དོན་གང་ཡོད་ཁྲིམས་ཀྱིས་གཅོད་པ། འགལ་བ་སེལ་ན་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་གི་ཁོར་ཡུག་ཡག་པོ་ཞིག་ཧུར་ཐག་གིས་ཆགས་པར་བྱེད་དགོས་ཤིང་། ཁྲིམས་སྐྱོང་གི་ལམ་ནས་ལས་ཀ་ཁག་མདུན་དུ་སྐུལ་དགོས། ང་ཚོས་དབང་ཆ་འཁོར་རྒྱུག་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་སྟེ་དབང་ཆ་ཡོད་ན་འགན་འཁྲི་ཡོད་ངེས་པ་དང་། དབང་ཆ་སྤྱོད་ན་ལྟ་སྐུལ་འཁུར་དགོས་པ། ལས་འཛོལ་ཤོར་ན་ཁག་འགན་རྩད་གཅོད་བྱེད་དགོས་པ། ཁྲིམས་དང་འགལ་ན་ཁག་འགན་བདའ་འདེད་བྱེད་དགོས་པ་བཅས་བྱས་ཏེ། མི་དམངས་ཀྱིས་བསྩལ་བའི་དབང་ཆ་དེ་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་ཁེ་ཕན་སྒྲུབ་པའི་དོན་དུ་སྤྱད་རྒྱུ་ཁག་ཐེག་བྱེད་དགོས།

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་བསྐྱང་རྒྱུ་དང་། ཁྲིམས་ལྟར་སྲིད་དབང་བསྐྱང་རྒྱུ། ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུ་བཅས་ཐུན་མོང་དུ་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་གི་རྒྱལ་ཁབ་དང་། ཁྲིམས་སྐྱོང་གི་སྲིད་གཞུང་། ཁྲིམས་སྐྱོང་གི་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལས་ཀ་ཁག་གི་ནང་དུ་དོན་འཁྱོལ་ཏན་ཏིག་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་གཏོད་པའི་དོན་དུ་དཀའ་སྤྱད་འབད་འཐབ་བྱེད་དགོས།