
༄༅། །རང་རྒྱལ་གྱི་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་གསར་བརྗེར་སྐུལ་འདེད་ཧུར་ཐག་གཏོང་དགོས།
(2014ལོའི་ཟླ་6ཚེས་13ཉིན།)
ནུས་ཁུངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་འབྲེལ་བ་ཡོད་པའི་སྤྱི་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ཞིག་ཡིན་པ་དང་། རྒྱལ་ཁབ་ཡར་རྒྱས་གོང་འཕེལ་ཡོང་བ་དང་། མི་དམངས་ཀྱི་འཚོ་བ་ལེགས་བཅོས་ཡོང་བ། སྤྱི་ཚོགས་ཡུན་རིང་བདེ་འགོད་ཡོང་བ་བཅས་ལ་ཆ་བཞག་ན་གལ་ཤིན་ཏུ་ཆེ་བ་ཞིག་རེད། ནུས་ཁུངས་འདོན་སྤྲོད་དང་དགོས་མཁོའི་གནས་སྟངས་ཀྱི་འགྱུར་ལྡོག་དང་། རྒྱལ་སྤྱིའི་ནུས་ཁུངས་ཀྱི་འཕེལ་ཕྱོགས་གསར་པའི་མདུན་དུ། རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་འགན་སྲུང་བྱེད་དགོས་ན། ངེས་པར་དུ་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་གསར་བརྗེར་སྐུལ་འདེད་གཏོང་དགོས། ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་གསར་བརྗེར་སྐུལ་འདེད་གཏོང་རྒྱུ་ནི་ཕུགས་རིང་གི་འཐབ་ཇུས་ཤིག་ཡིན་པས། ངེས་པར་དུ་ད་ལྟ་ནས་བྱེད་འགོ་བརྩམས་ཏེ། གནད་ཆེའི་ལས་འགན་དང་གནད་ཆེའི་བྱེད་ཐབས་ལག་བསྟར་མགྱོགས་པོར་བྱེད་དགོས།
དུས་ཡུན་རིང་པོར་གོང་འཕེལ་བྱུང་བ་བརྒྱུད་རང་རྒྱལ་ཉིད་འཛམ་གླིང་ཐོག་གི་ནུས་ཁུངས་ཀྱི་ཐོན་སྐྱེད་རྒྱལ་ཁབ་དང་འཛད་སྤྱོད་རྒྱལ་ཁབ་ཆེ་ཤོས་ཆགས་ནས། རྡོ་སོལ་དང་། གློག་ཤུགས། རྡོ་སྣུམ། རང་བྱུང་སོལ་རླངས། ནུས་ཁུངས་གསར་པ། བསྐྱར་སྐྱེ་ཐུབ་པའི་ནུས་ཁུངས་བཅས་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་བའི་ནུས་ཁུངས་འདོན་སྤྲོད་མ་ལག་ཆགས་ཡོད་པ་དང་། ཚན་རྩལ་སྒྲིག་ཆས་ཀྱི་ཆུ་ཚད་མཐོར་འདེགས་མངོན་གསལ་བྱུང་ཡོད་ལ། ཐོན་སྐྱེད་དང་འཚོ་བའི་ཉེར་མཁོའི་ནུས་ཁུངས་ཀྱི་ཆ་རྐྱེན་ལེགས་བཅོས་མངོན་གསལ་བྱུང་ཡོད། རང་རྒྱལ་གྱི་ནུས་ཁུངས་གོང་འཕེལ་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་མོད། འོན་ཀྱང་ནུས་ཁུངས་ཀྱི་དགོས་མཁོའི་གནོན་ཤུགས་ཧ་ཅང་ཆེ་བ་དང་། ནུས་ཁུངས་འདོན་སྤྲོད་ལ་སྡོམ་འཆིང་ཅུང་ཟད་མང་བ། ནུས་ཁུངས་ཀྱི་ཐོན་སྐྱེད་དང་འཛད་སྤྱོད་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་གནོད་འཚེ་ཚབས་ཆེ་བ། ནུས་ཁུངས་ལག་རྩལ་གྱི་ཆུ་ཚད་སྤྱིའི་ཆ་ནས་རྗེས་ལུས་ཡིན་པ་སོགས་ཀྱི་འགྲན་སློང་ལ་ཐུག་ཡོད་པ་རེད། ང་ཚོས་ངེས་པར་དུ་རྒྱལ་ཁབ་ཀྱི་གོང་འཕེལ་དང་བདེ་འཇགས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་བབས་དང་སྟབས་ལ་བསྟུན་ནས་ནུས་ཁུངས་ཀྱི་འཕེལ་ཕྱོགས་ཆེན་པོར་འཕྲོད་པའི་འགྲོ་ལམ་རྙེད་པར་བྱེད་དགོས།
དང་པོ། ནུས་ཁུངས་འཛད་སྤྱོད་ཀྱི་གསར་བརྗེར་སྐུལ་འདེད་བཏང་ནས། ལུགས་དང་མི་མཐུན་པའི་ནུས་ཁུངས་འཛད་སྤྱོད་བྱེད་ལུགས་བཀག་འགོག་བྱེད་དགོས། བློ་ཐག་རྦད་ཆོད་ཀྱིས་ནུས་ཁུངས་འཛད་སྤྱོད་ཀྱི་སྤྱི་འབོར་ཚོད་འཛིན་དང་། ནུས་ཁུངས་གྲོན་ཆུང་ལ་དམིགས་བསལ་ལྟ་བའི་བྱེད་ཕྱོགས་དོན་འཁྱོལ་ནུས་ལྡན། ནུས་ཁུངས་གྲོན་ཆུང་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གོ་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་པ། བློ་ཐག་རྦད་ཆོད་ཀྱིས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག གྲོང་ཁྱེར་དང་གྲོང་བརྡལ་ཅན་དུ་སྒྱུར་རིང་ནུས་ཁུངས་གྲོན་ཆུང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན། གྲོན་ཆུང་བསྲི་ཚགས་ཀྱི་འཛད་སྤྱོད་ལྟ་བ་སྐྱེད་པ། ནུས་ཁུངས་གྲོན་ཆུང་ཅན་གྱི་སྤྱི་ཚོགས་མགྱོགས་པོར་ཆགས་པ་བཅས་བྱེད་དགོས། གཉིས་པ། ནུས་ཁུངས་འདོན་སྤྲོད་ཀྱི་གསར་བརྗེར་སྐུལ་འདེད་བཏང་ནས། སྣ་མང་ཅན་གྱི་འདོན་སྤྲོད་མ་ལག་འཛུགས་དགོས། རྒྱལ་ནང་གི་སྣ་མང་འདོན་སྤྲོད་ལ་གཞི་བཙུགས་ནས་བདེ་འཇགས་འགན་སྲུང་དང་། རྡོ་སོལ་གཙང་མ་དང་ཕན་འབྲས་ཆེན་པོའི་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་ཤུགས་ཆེན། ཤུགས་བརྒྱབ་ནས་རྡོ་སོལ་མ་ཡིན་པའི་ནུས་ཁུངས་གོང་སྤེལ། རྡོ་སོལ་དང་། རྡོ་སྣུམ། སོལ་རླངས། རྡུལ་ཕྲན། ནུས་ཁུངས་གསར་པ། བསྐྱར་སྐྱེ་ཐུབ་པའི་ནུས་ཁུངས་བཅས་པའི་སྒུལ་ཤུགས་མང་པོས་སྐུལ་འདེད་བྱེད་པའི་ནུས་ཁུངས་འདོན་སྤྲོད་མ་ལག་ཆགས་པ་བཅས་བྱེད་དགོས་པ་དང་། དེ་དང་ལྷན་དུ་ནུས་ཁུངས་སྐྱེལ་སྤྲོད་དྲ་བ་དང་གསོག་འཇོག་སྒྲིག་བཀོད་ཀྱི་འཛུགས་སྐུན་ལ་ཤུགས་སྣོན་རྒྱག་དགོས། གསུམ་པ། ནུས་ཁུངས་ལག་རྩལ་གྱི་གསར་བརྗེར་སྐུལ་འདེད་བཏང་ནས། ཐོན་ལས་ཀྱི་རིམ་སྤོར་སྐུལ་ཁྲིད་བྱེད་དགོས། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་པ་དང་། རྒྱལ་སྤྱིའི་ནུས་ཁུངས་ལག་རྩལ་གསར་བརྗེའི་འཕེལ་ཕྱོགས་གསར་པའི་རྗེས་སྙེག་པ་དང་། ལྗང་མདོག་དང་ཐཱན་དམའ་ཁ་ཕྱོགས་བྱས་ཏེ། རིགས་ཕྱེ་ནས་ལག་རྩལ་གསར་གཏོང་དང་། ཐོན་ལས་གསར་གཏོད། ཚོང་ལས་དཔེ་སྲོལ་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཕྱོགས་མཚུངས་ད་དུང་ཁྱབ་ཁོངས་གཞན་དག་གི་ལག་རྩལ་མཐོ་གསར་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ནུས་ཁུངས་ཀྱི་ལག་རྩལ་དང་དེར་འབྲེལ་ཐོན་ལས་ཉིད་རང་རྒྱལ་གྱི་ཐོན་ལས་རིམ་སྤོར་བྱེད་པའི་འཕར་གཞི་གསར་པ་ཆགས་པར་བྱེད་དགོས། བཞི་པ། ནུས་ཁུངས་སྒྲིག་སྲོལ་གསར་བརྗེར་སྐུལ་འདེད་བཏང་ནས། ནུས་ཁུངས་གོང་འཕེལ་ཡོང་བའི་མྱུར་ལམ་འབྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་ལ་སྐུལ་སྤེལ་བྱས་ཏེ། ནུས་ཁུངས་ཀྱི་ཚོང་ཟོག་གི་ངོ་བོ་སོར་ཆུད་བྱེད་པ་དང་། འགྲན་རྩོད་ནུས་ལྡན་གྱི་ཚོང་རའི་གྲུབ་ཚུལ་དང་ཚོང་རའི་མ་ལག་བཙུགས་ཏེ། གཅོ་བོར་ཚོང་རས་ནུས་ཁུངས་ཀྱི་རིན་གོང་ཐག་གཅོད་བྱེད་པའི་ལམ་སྲོལ་ཆགས་པ་དང་། སྲིད་གཞུང་གིས་ནུས་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་སྟངས་སྤོ་སྒྱུར། ནུས་ཁུངས་སྐོར་གྱི་ཁྲིམས་སྐྱོང་མ་ལག་འཐུས་སྒོ་ཚང་བར་འཛུགས་པ་བཅས་བྱེད་དགོས། ལྔ་པ། ཕྱོགས་ཡོངས་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། སྒོ་འབྱེད་ཀྱི་ཆ་རྐྱེན་འོག་གི་ནུས་ཁུངས་ཀྱི་བདེ་འཇགས་མངོན་འགྱུར་བྱེད་དགོས། གཅོ་བོར་རྒྱལ་ནང་ལ་གཞི་འཛུགས་རྒྱུ་སྔོན་འགྲོ་བྱས་ཏེ། ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་གསར་བརྗེ་དང་འབྲེལ་བའི་ཕྱོགས་གང་ཅིར་རྒྱལ་སྤྱིའི་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སྤྱིའི་ཐོན་ཁུངས་བེད་སྤྱོད་ནུས་ལྡན་བྱེད་དགོས།
2030ལོའི་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་གསར་བརྗེའི་འཐབ་ཇུས་གཏན་འབེབས་བཟོ་རྒྱུ་དམ་འཛིན་བྱེད་དགོས་པ་དང། “ལོ་ལྔ་ཚན་བཅུ་གསུམ་པའི” ནུས་ཁུངས་སྐོར་གྱི་འཆར་བཀོད་ཞིབ་འཇུག་བྱེད་དགོས། ནུས་ཁུངས་ཀྱི་ཕན་འབྲས་སྐོར་གྱི་ཚད་གཞི་ཁག་ཅིག་བཟོ་བཅོས་རྒྱག་དགོས་པ་སྟེ། རྗེས་ལུས་ཐེབས་རིགས་ཐམས་ཅད་གང་མགྱོགས་བཟོ་བཅོས་རྒྱག་པ་དང། དུས་བཀག་ལྟར་གསར་སྒྱུར་བྱས་ཏེ་དངོས་འབྲེལ་ལག་བསྟར་བྱེད་དགོས། མུ་མཐུད་གློག་ཤུགས་ཕྱི་རོལ་ལ་སྐྱེལ་རྒྱུ་གཅོ་བོ་ཡིན་པའི་སྟོང་ཝ་བྱེ་བ་ཅན་གྱི་རྡོ་སོལ་གློག་ཁང་གི་རྟེན་གཞི་འཛུགས་སྐྲུན་བྱེད་དགོས་པ་དང་། རྡོ་སོལ་གློག་ཁང་གི་འཕྲུལ་འཁོར་ཚན་པའི་ཞུགས་འཐུས་ཚད་གཞི་མཐོ་རུ་བཏང་ནས། ནུས་བསྲི་སྙིགས་འཕྲིའི་ཚད་གཞི་མ་ལོངས་པའི་ད་སྤྱོད་འཕྲུལ་འཁོར་ཚན་པ་ལ་དུས་བཅད་ལྟར་སྒྱུར་བཀོད་དང་རིམ་སྤོར་བྱེད་དགོས་པ་དང་། མུ་མཐུད་རྒྱང་ཐག་རིང་ལ་ཤོང་ཚད་ཆེ་བའི་གློག་སྐྱེལ་ལག་རྩལ་གོང་སྤེལ་གཏོང་དགོས། རྒྱལ་སྤྱིའི་ཆེས་མཐོའི་བདེ་འཇགས་ཚད་གཞི་བེད་སྤྱོད་བྱེད་པ་དང་བདེ་འཇགས་ཁག་ཐེག་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་ཤར་རྒྱུད་ས་ཁུལ་གྱི་རྡུལ་གློག་ལས་གཞིའི་འཛུགས་སྐྲུན་དམ་འཛིན་བྱས་ནས་ལས་འགོ་རྩོམ་དགོས། དོན་ལ་གནས་པའི་སྒོ་ནས“རྒྱུད་གཅིག་ལམ་གཅིག” གི་ནུས་ཁུངས་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཨེ་ཤ་ཡ་དབུས་མ་དང་། དབུས་ཤར། ཨ་མེ་རི་ཁ་གླིང་། ཨ་ཧྥེ་རི་ཁ་གླིང་སོགས་དང་སྣམ་རླངས་ཐད་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། སྣུམ་རླངས་ཐོན་ཁུངས་སྔོག་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྣམ་རླངས་ཀྱི་སྦུག་ལམ་དང་སྣུམ་རླངས་གསོག་འཇོག་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ནུས་ཁུངས་ཀྱི་འཕྲལ་བསྟུན་མ་ལག་དང་ནུས་པ་འཐུས་ཚང་དུ་གཏོང་བའི་འཛུགས་སྐྲུན་བྱེད་དགོས་ལ། ནུས་ཁུངས་ཀྱི་བསྡོམས་རྩིས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ནུས་ཁུངས་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གློག་ཤུགས་སྒྲིག་སྲོལ་གྱི་བསྒྱུར་བཅོས་དང་རང་བྱུང་སོལ་རླངས་སྒྲིག་སྲོལ་བསྒྱུར་བཅོས་བྱེད་ཕྱོགས་སྐོར་གྱི་སྤྱི་ཁོག་ཇུས་གཞི་དམ་འཛིན་བྱས་ནས་གཏན་འབེབས་བཟོ་དགོས་པ་དང་། ནུས་ཁུངས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཛུགས་པ་དང་བཟོ་བཅོས་རྒྱག་པ་དང་རྩིས་མེད་གཏོང་བ་བཅས་ཀྱི་ལས་ཀ་སྤེལ་འགོ་རྩོམ་དགོས།།