
༄༅། ། སྒོ་འབྱེད་ཅན་གྱི་དཔལ་འབྱོར་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
(2013ལོའི་ཟླ་4པའི་ཚེས་8ཉིན། )
ཀྲུང་གོའི་དཔལ་འབྱོར་གོང་འཕེལ་གྱི་མདུན་ལམ་རྒྱ་ཆེན་པོ་ཡིན་པ་དང་། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་དང་གོང་སྤེལ་གཏོང་སྟངས་སྤོ་སྒྱུར་མགྱོགས་པོར་བྱ་རྒྱུ་ཡིན་ལ། བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་མུ་མཐུད་དེ་ཕྱི་རྒྱལ་གྱི་ཁེ་ལས་ལ་སྔར་ལས་ལྷག་པའི་ཁོར་ཡུག་དང་མཐུན་རྐྱེན་སྐྲུན་རྒྱུ་ཡིན་པས། ཀྲུང་གོའི་གོང་འཕེལ་གྱིས་འཛམ་གླིང་ལ་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་ཐུབ།།
ཁེ་ལས་པ་ནི་ལས་ཞུགས་དང་རྒྱུ་ནོར་གསར་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་པ་དང་། གོང་འཕེལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གསར་སྐྱེས་སྟོབས་ཤུགས་ཡིན་ལ། གླེང་སྟེགས་ཀྱི་བྱེད་སྒོ་ཞུགས་མཁན་གྱི་བྱེད་པོ་ཡང་རེད། རྣམ་པ་ཚོས་བྱ་བ་གང་རྩོམ་དེས་ཨེ་ཤ་ཡ་དང་འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་ཡོང་བར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད། གོ་སྐབས་འདི་དང་བསྟུན་ནས་ཁོ་བོར་རྣམ་པ་ཚོའི་བསམ་འཆར་ཉན་འདོད་དང་། ཁྱེད་རང་ཚོ་དང་གླེང་མོལ་བྱེད་འདོད་ཡོད།།
མིག་སྔར་འཛམ་གླིང་གི་དཔལ་འབྱོར་སྔར་བཞིན་བརྟན་པོ་མེད་པ་དང་ངེས་གཏན་མེད་པས། ཉམས་པ་སོར་ཆུད་ཡོང་རྒྱུ་ནི་འཁོན་ཐོགས་ཡོད་པ་དང་དུས་ཡུན་རིང་པོ་དགོས་པ་ཞིག་རེད། ཨེ་ཤ་ཡའི་དཔལ་འབྱོར་གྱི་འཕེལ་སོ་ཤུགས་ཆེ་ཙམ་ཡོད་པ་རེད། རྒྱབ་ལྗོངས་དེ་འདྲའི་འོག་རྣམ་པ་ཚོས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ལ་དོ་འཁུར་ཆེན་པོ་གནང་གི་ཡོད་པ་རེད། འདིར་ཁོ་བོས་ལྟ་ཚུལ་འགའ་བཤད་རྒྱུ་ཡིན།།
ཀྲུང་གོ་གོང་འཕེལ་ཡོང་ཚུལ་དེ་སྤྱིའི་ཆ་ནས་ཡག་པོ་ཡོད། ཀྲུང་གོ་འདི་ནས་སླད་ཕྱིན་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་དུ་སྔར་བཞིན་གོང་འཕེལ་ཡར་རྒྱས་ཡོང་བའི་དུས་རིམ་དུ་གནས་རྒྱུ་ཡིན་པ་དང་། བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་བརྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་ཀྱིས་རྒྱལ་ནང་གི་ཚོང་རའི་བར་སྟོང་རྒྱ་ཆེན་པོ་བསྐྱེད་ཡོང་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་རྨང་གཞི་བརྟན་པོ་ཡོད་ཅིང་། ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོའི་ཕྱོགས་བསྡུས་ཀྱི་བཟང་ཆ་ཆེ་ལ། སྒྲིག་སྲོལ་དང་ལམ་སྲོལ་བསྟུད་མར་འཐུས་ཚང་དུ་འགྲོ་བཞིན་ཡོད། ང་ཚོས་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་གཏན་ལ་ཕབ་ཡོད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུའི་ཀྲུང་གོའི་ཕུགས་འདུན་བཏོན་ཡོད་པས། དམིགས་འབེན་འདི་དག་མངོན་འགྱུར་བྱ་རྒྱུ་དེས་ཀྲུང་གོའི་དཔལ་འབྱོར་ལ་རྒྱུན་ཆད་མེད་པར་སྐྱེ་སྟོབས་དང་སྒུལ་ཤུགས་གསར་བ་སྐྱེད་ངེས་རེད། ང་ཚོས་འབད་བརྩོན་བྱེད་པ་བརྒྱུད་དཔལ་འབྱོར་འཕེལ་བའི་མྱུར་ཚད་དེ་མུ་མཐུད་དུ་ཅུང་ཟད་མཐོ་བའི་ཆུ་ཚད་དུ་གནས་སྲིད་ངེས་རེད། ཀྲུང་གོས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་ས་དེ་སྤུས་ཀ་ཇེ་བཟང་དུ་གཏོང་རྒྱུ་དང་ཕན་འབྲས་ཇེ་ཆེར་གཏོང་རྒྱུའི་ཐད་དུ་སྤོ་རྒྱུ་ཡིན་པ་དང་། ལྗང་མདོག་གི་གོང་འཕེལ་དང་། རེས་འཁོར་ཡོང་བའི་གོང་འཕེལ། ཐཱན་དམའི་གོང་འཕེལ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན།།
ཀྲུང་གོའི་ཚོང་རའི་ཁོར་ཡུག་ནི་དྲང་སྙོམ་ཡིན་ཞིང་། ཀྲུང་གོའི་ནང་སར་ཐོ་འགོད་བྱས་པའི་ཁེ་ལས་ཚང་མ་ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཡིན། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཁ་ཕྱོགས་གཡོ་བ་མེད་པར་རྒྱུན་འཁྱོངས་དང་། མུ་མཐུད་ཁྲིམས་སྐྱོང་ལ་ཤུགས་སྣོན། ཧུར་བརྩོན་གྱིས་མ་རྩ་འཇོག་པའི་ཁོར་ཡུག་ལེགས་བཅོས་བཅས་བྱས་ནས། ཁེ་ལས་རིགས་ཁག་གིས་ཁྲིམས་ལྟར་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་ངང་བེད་སྤྱོད་གཏང་རྒྱུ་དང་། ཚོང་རའི་འགྲན་རྩོད་ལ་དྲང་སྙོམ་ངང་ཞུགས་རྒྱུ། བཅའ་ཁྲིམས་ཀྱི་སྲུང་སྐྱོབ་གཅིག་འདྲ་ཐོབ་རྒྱུ་བཅས་ཧུར་ཐག་གིས་མངོན་འགྱུར་བྱ་རྒྱུ་དང་། ཀྲུང་གོའི་ཚོང་ལས་ཁོར་ཡུག་དེ་སྔར་བས་དྲང་སྙོམ་དང་སྔར་ལས་ཡིད་འགུགས་ནུས་པ་ལྡན་པར་འཛུགས་སྐྲུན་བྱ་རྒྱུ་ཡིན། ང་ཚོས་ཕྱི་དངུལ་བེད་སྤྱོད་གཏོང་བའི་སྲིད་ཇུས་འགྱུར་མི་སྲིད་པ་དང་། ཕྱི་རྒྱལ་ཚོང་པས་མ་རྩ་བཞག་པའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་བཅའ་ཁྲིམས་ལྟར་འགན་སྲུང་བྱ་རྒྱུ་ཡིན།།
ཀྲུང་གོས་ཡངས་པོར་ཕྱེ་བའི་སྒོ་མོ་རྒྱག་མི་སྲིད། འདས་པའི་ལོ་ངོ་10ཡི་རིང་ལ། ཀྲུང་གོས་འཛམ་གླིང་ཚོང་ཚོགས་ལ་ཞུགས་པའི་ཁ་དན་ཕྱོགས་ཡོངས་ནས་བསྒྲུབས་ཡོད་པ་དང་། ཚོང་ལས་ཀྱི་ཁོར་ཡུག་སྔར་ལས་སྒོ་འབྱེད་དང་ཚད་ལྡན་བྱུང་ཡོད། ཀྲུང་གོས་སྔར་ལས་ཆེ་བའི་གཞི་ཁྱོན་དང་། སྔར་ལས་ཡངས་པའི་ཁྱབ་ཁོངས། སྔར་ལས་ཟབ་པའི་བང་རིམ་བཅས་སུ་སྒོ་འབྱེད་ཅན་གྱི་དཔལ་འབྱོར་གྱི་ཆུ་ཚད་མཐོ་རུ་གཏང་རྒྱུ་ཡིན། ཀྲུང་གོའི་སྒོ་མོ་མུ་མཐུད་རྒྱལ་ཁབ་ཁག་གི་མ་རྩ་འཇོག་མཁན་ལ་དབྱེ་རྒྱུ་ཡིན་ལ། ཕྱི་རྒྱལ་གྱི་སྒོ་མོ་ཡང་ཀྲུང་གོའི་མ་རྩ་འཇོག་མཁན་ལ་སྔར་ལས་རྒྱ་ཆེ་བར་དབྱེ་རྒྱུའི་རེ་བ་ཡོད། ང་ཚོས་རྣམ་པ་སྣ་ཚོགས་ཀྱི་སྲུང་སྐྱོབ་རིང་ལུགས་ལ་བློ་ཐག་རྦད་ཆོད་ཀྱིས་ངོ་རྒོལ་བྱེད་པ་དང་། གྲོས་མོལ་བྱེད་པ་བརྒྱུད་འབྲེལ་ཡོད་རྒྱལ་ཁབ་བར་གནས་པའི་དཔལ་འབྱོར་ཉོ་ཚོང་སྐོར་གྱི་འགལ་བ་ཐག་གཅོད་འོས་འཚམ་བྱེད་འདོད་ཡོད་ལ། དོ་མཉམ་དང་། མཉམ་ཁེ། གོང་འཕེལ་ལ་དོ་སྣང་བྱེད་པ་བཅས་ཀྱི་ཕྱོགས་མང་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏང་རྒྱུ་ཡིན།།
ཀྲུང་གོ་གོང་འཕེལ་འགྲོ་བ་དེ་འཛམ་གླིང་ལ་ཕན་པ་ཡོད། ཀྲུང་གོའི་གོང་འཕེལ་གྱིས་ཐོག་མར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཕན་འདོགས་པ་རེད། 2012ལོར། ཀྲུང་གོ་ནས་ཨེ་ཤ་ཡ་ཤར་མ་དང་ཨེ་ཤ་ལྷོ་མར་བསྐྱོད་པའི་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ་1576ཟིན་ཡོད། ཀྲུང་གོས་ཨེ་ཤ་ཡའི་དཔལ་འབྱོར་གོང་འཕེལ་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མ་འོངས་ལོ་5ཡི་ནང་དུ་ཀྲུང་གོར་ཨ་སྒོར་དུང་ཕྱུར་ཁྲི་ཚོ་10ཡས་མས་ཀྱི་ཚོང་ཟོག་ནང་འདྲེན་བྱེད་པའི་དགོས་མཁོ་ཡོད་པ་དང་། ཕྱི་ཕྱོགས་སུ་མ་རྩ་འཇོག་ཆ་ཡང་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕར་སྣོན་ཡོང་གི་རེད་ལ། ང་ཚོས་མཐའ་སྐོར་རྒྱལ་ཁབ་ཁག་དང་གཅིག་ལ་གཅིག་སྦྲེལ་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད། བྱེད་ཐབས་འདི་དག་ཚང་མས་རང་ས་ཁུལ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཡོང་རྒྱུར་ལེགས་སྐྱེས་སྔར་ལས་ཆེ་བ་དབུལ་རྒྱུ་རེད།།
ཀྲུང་གོས་བསྒྱུར་བཅོས་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པའི་ཆོད་སེམས་ནི་འགྱུར་མེད་ཡིན་པ་དང་། སྲིད་ཇུས་ནི་དེ་བས་འཐུས་ཚང་དུ་འགྲོ་གི་རེད། ང་ཚོས་རྒྱུན་ཆད་མེད་པར་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་ནས། རྒྱལ་ཁབ་ཁག་གི་ཁེ་ལས་པ་ཚོར་ཀྲུང་གོར་མ་རྩ་བཞག་ནས་ལས་ལམ་གསར་དུ་འབྱེད་པར་སྔར་ལས་ལྷག་པའི་ཁོར་ཡུག་དང་མཐུན་རྐྱེན་བསྐྲུན་རྒྱུ་ཡིན། རྒྱལ་ཁབ་ཁག་གི་ཁེ་ལས་པ་ཚོས་ཀྲུང་གོའི་གོ་སྐབས་སྔར་ལས་ལྷག་པར་བཟུང་ནས་ཁེ་ལས་གོང་འཕེལ་སྔར་ལས་ཆེན་པོ་ཡོང་བའི་སྨོན་འདུན་ཞུ།།