

ན་གོར་མོ་འབབ་ཚིགས་སུ། མེ་འཁོར་ལས་མར་བབས་པའི་འགྲུལ་བ་རྣམས་ས་ཚིགས་ཀྱི་ཕྱི་རུ་བསྐྱོད་བཞིན་པ།

ན་གོར་མོའི་འཕྲུལ་གཉེར་ལས་ཚན་གྱི་ལས་བཟོ་བ་ཚོས་མེ་འཁོར་ལ་བརྟག་དཔྱད་བྱེད་བཞིན་པ།

མེ་འཁོར་ཞབས་ཞུ་བས་འཁོར་སྒྲོམ་ནང་གི་དངོས་རྫས་ལ་ཞིབ་བཤེར་བྱེད་བཞིན་པ།
ཁྱོད་ཀྱིས་བསོད་ནམས་དབང་གྲགས་མཐོང་མྱོང་ངམ།
ངས་ཁོ་རང་བཙལ་ནས་ཁ་བརྡ་ཞིག་བྱེད་འདོད། 2021ལོར་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་བྱས་པའི་ཉིན་དེར། ཁོ་སྒུལ་འཁོར་ཚན་ཆུང་གི་ཁ་ལོ་བ་ཐོག་མ་ཡིན་པའི་ངོས་ནས། མཐོ་སྒང་གི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་བཏང་སྟེ་ཉིང་ཁྲིར་བསྐྱོད་པ་རེད། རྟ་ཐོག་གི་གཞོན་ནུ་ནས་མེ་འཁོར་ཁ་ལོ་བ་བྱས་པའི་བར། བོད་ལྗོངས་ཆབ་མདོ་ནས་ཡོང་བའི་གཞོན་ནུ་དེ་མཐོ་སྒང་ལྕགས་ལམ་ལམ་ཐིག་སྟེང་ལོ་བཅུ་ལྷག་ལ་རྒྱུག་པ་དང་། གོ་ཐོས་སུ་ཁོ་ནི“ཆེས་མཛེས་པའི་ལྕགས་ལམ་གྱི་མི”ཡིན་ཞིང་། རླངས་འཁོར་གྱི་རིགས་བཅུ་གཉིས་བཏང་མྱོང་བ་དང་། བདེ་འཇགས་ངང་མེ་འཁོར་སྤྱི་ལེ་འབུམ་བརྒྱད་ལྷག་བཏང་བ་དེ་སའི་གོ་ལར་སྐོར་བ་ཉི་ཤུ་ལྷག་བརྒྱབ་པ་དང་མཚུངས། འོན་ཀྱང་གྲངས་ཀ་དེ་དག་ནི་ངས་ཁོ་བཙལ་འདོད་པའི་རྒྱུ་རྐྱེན་ཡོད་ཚད་མིན།
ལོ་བཅུ་དྲུག་ལ་སོན་པའི་ལོ་དེར། ཁོ་རང་ཐེངས་དང་པོར་མེ་འཁོར་ལ་བསྡད་དེ་ལན་ཀྲོའུ་རུ་སློབ་གཉེར་བྱེད་དུ་སོང་། སྡེ་བ་ནས་རྟ་ཞོན་ཏེ་གྲོང་རྡལ་དུ་བསྐྱོད་པ་དང་། འགྲུལ་སྐྱེལ་རླངས་འཁོར་བརྗེས་ནས་ཆབ་མདོར་བསྐྱོད། དེ་ནས་སླར་ཡང་འགྲུལ་སྐྱེལ་རླངས་འཁོར་བརྗེས་ནས་ལྷ་སར་བསྐྱོད་ལ། དེ་ནས་ཡང་བསྐྱར་འགྲུལ་སྐྱེལ་རླངས་འཁོར་བརྗེས་ནས་ན་གོར་མོར་བསྐྱོད་པ་དང་དེ་རྗེས་མེ་འཁོར་བསྡད་དེ་ཟི་ལིང་དུ་བསྐྱོད་པ་དང་། དེ་ནས་མེ་འཁོར་བརྗེས་ནས་ལན་ཀྲོའུ་རུ་བསྐྱོད་པ་རེད། རླངས་འཁོར་ཐེངས་གསུམ་ལ་བརྗེ་བ་དང་། མེ་འཁོར་ཐེངས་གཉིས་ལ་བརྗེ་ནས་སློབ་སྦྱོང་བྱེད་པའི་ལམ་དེར་ཁོ་རང་ཉིན་དྲུག་ལ་བསྐྱོད་དགོས་བྱུང་། ཁོ་ནི་སྡེ་བའི་ནང་གི་རྒྱུགས་འཕྲོད་ནས་ཕྱིར་སོང་བའི་སློབ་མ་དང་པོ་ཡིན་ལ། དམའ་རིམ་སློབ་འབྲིང་ནས་མཐར་ཕྱིན་མ་ཐག་ལྕགས་ལམ་སློབ་གྲྭར་མིང་ཐོ་བཀོད། རྒྱུ་མཚན་ནི་དགེ་རྒན་གྱིས་མེ་འཁོར་དེ་ཁྱིམ་གྱི་རྟ་ལས་མགྱོགས་ཞེས་བཤད་པ་དང་། སློབ་དེབ་ཐོག་མེ་འཁོར་གྱི་པར་རིས་གཅིག་ཡོད་པ་ཁོ་ནའི་རྐྱེན་གྱིས་མིང་ཐོ་བཀོད་པ་རེད།
ཁོ་རང་ལན་ཀྲོའུ་རུ་སློབ་གྲྭ་འགྲིམ་པའི་ལོ་གསུམ་པར། མཚོ་བོད་ལྕགས་ལམ་ཡོངས་སུ་ཤར་གཏོང་བྱས། ལོ་དེའི་དགུན་གནང་སྐབས་སུ་ཁོ་རང་མེ་འཁོར་ལ་བསྡད་དེ་ཕ་ཡུལ་དུ་ལོག་པ་དང་། མེ་འཁོར་སྟེང་ནག་ཆུ་ནས་ཡོང་བའི་བཟའ་མི་གསུམ་ལ་འཕྲད་པ་དང་། བྱིས་པར་སྙིང་ནད་ཚབས་ཆེན་ཕོག་སྟེ་པེ་ཅིང་དུ་ནད་ལ་སྟོན་དུ་སོང་ནས་ཕྱིར་ལོག་བཞིན་ཡོད། “ངོ་མ་བཟང་གི རྗེས་ཕྱོགས་ནད་ལ་སྟོན་པར་སྟབས་ཧ་ཅང་བདེ”ཟེར་བ་དེ་ཐོས་ནས། བསོད་ནམས་དབང་གྲགས་ཀྱིས་ལྕགས་ལམ་གྱི་ལས་བྱེད་མི་སྣ་ཞིག་བྱེད་པའི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གྱུར།
བློ་ཐག་བཅད་པ་ཁོ་ནས་མི་ཆོག་པར། ལས་དོན་ཅི་ཡིན་ཡང་གོམ་པ་རེ་རེ་བཞིན་སྤོ་དགོས།
2007ལོར། ཁོ་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིར་ལས་ཞུགས་བྱས་ནས། ཟི་ལིང་འཕྲུལ་གཉེར་ལས་ཚན་གྱི་མེ་འཁོར་ཞབས་ཞུའི་ལྟ་སྦྱོང་སློབ་མ་ཞིག་ཏུ་གྱུར། སྐབས་དེར་ཁོ་བྱ་བར་ངར་ཤུགས་ཀྱིས་ཁེངས་ཡོད་ལ་ཆེས་ཕུལ་དུ་བྱུང་བའི་མེ་འཁོར་ཁ་ལོ་བ་ཞིག་བྱེད་དགོས་སྙམ། ལག་རྩལ་གྱི་གནད་དོན་དལ་མོར་སྦྱངས་ཆོག་ལ། འོན་ཀྱང་སྐད་ཆ་ནི་འགག་སྒོ་དང་པོར་གྱུར། ཁ་ལོ་བའི་ཡིག་རྒྱུགས་ལ་ཐེངས་དང་པོར་ཞུགས་སྐབས་གཞུང་ལུགས་ཀྱི་རྒྱུགས་སྟབས་བདེ་མོས་འཕྲོད་པ་དང་། དངོས་སྒྲུབ་བྱེད་སྐབས་ཆག་སྐྱོན་ཞིབ་བཤེར་བྱེད་ཞོར་དུ་ངག་ཐོག་ནས་ཞིབ་བཤེར་བྱེད་པའི་ནང་དོན་དུས་གཅིག་ཏུ་བཤད་དགོས། འོན་ཀྱང་རྒྱ་ཡིག་ཁ་ཤས་ཁོས་ངོས་འཛིན་ཐུབ་མོད་ཁ་ནས་བཤད་མི་ཤེས་པས། དངངས་འཚབ་ལངས་མ་ཐག་ཚིག་དོན་དང་མི་མཐུན་པ་དང་ནོར་འཛོལ་ཡང་ཡང་བྱུང་།
ཁོས་ཞིན་ཧྭ་ཚིག་མཛོད་ཀྱི་དེབ་ཅིག་ཉོས་ནས་ལས་གོས་ཀྱི་ཁུག་མའི་ནང་དུ་བཅུག་ཡོད་ལ། གང་ལ་སོང་ན་དེ་རུ་ཁྱེར་བ་རེད། ཡི་གེ་མི་ཤེས་པ་བཙལ་བ་དང་། ཀློག་འདོན་མི་ཤེས་པ་སྦྱངས་པ་རེད། ཆུང་དུས་ནས་སྐད་ཆ་བཤད་རྒྱུར་མི་དགའ་བའི་ཁོས་དུས་དེ་ནས་བཟུང་རང་གི་དགེ་རྒན་ལ་བཀའ་འདྲི་མང་ཙམ་དང་ལས་གྲོགས་བར་བསམ་བློ་བརྗེ་རེས་མང་ཙམ་བྱས། ཐེངས་གཉིས་པར་བདེ་བླག་ངང་རྒྱུགས་འཕྲོད་པར་གྱུར། ཡིན་ཡང་ཁོས་ཤེས་ཡོད་པ་ཞིག་ནི། ཕུལ་དུ་བྱུང་བའི་ཁ་ལོ་བ་ཞིག་གིས་རླངས་འཁོར་སྐོར་ཤེས་པ་ཁོ་ན་ཙམ་གྱིས་མི་ཆོག་པར། ལག་རྩལ་ལའང་བྱང་ཆུབ་དགོས། འཕྲུལ་འཁོར་སྦྲེལ་བའི་ལས་ཀར་མཚོན་ན། འཁོར་ལྕགས་མཐུད་པའི་སྐད་ཅིག་མ་དེར། བཀག་གཏོང་སྔ་ཕྱི་ཙམ་གྱི་བར་དང་། ཟུར་ཚད་ཡོ་གཟུར་ཙམ་གྱི་བར། ཚང་མར་དོན་དག་འབྱུང་སྲིད་པ་རེད། ལག་ཤེས་ཀྱི་ཚོར་བ་སྦྱོང་བའི་ཆེད་དུ་ཁོས་འཁོར་ལྕགས་གཉིས་ཀྱི་སྟེང་གཅིག་ཏུ་ཆུ་བླུག་པའི་ཤོག་ཕོར་བཞག་པ་དང་། ཅིག་ཤོས་ཀྱི་སྟེང་ལྕགས་སྒོར་རྩེག་མ་གསུམ་བཞག་སྟེ། ཐེངས་རེ་རེ་བཞིན་སྦྱོང་བ་བྱས། ལོ་ཟླ་དེའི་ནང་ཁོ་རང་ངར་སེམས་ཀྱིས་ཁེངས་ནས་རྨི་ལམ་ནང་དུའང་འཁོར་ལྕགས་སྦྲེལ་བའི་སྒྲ་ཡིས་ཁེངས་ཡོད། གཞུག་ནས་ཆུ་མི་ཕོ་པ་དང་ལྕགས་སྒོར་མི་འགྱེལ་བའི་ཚད་དེར་སླེབས་པ་རེད། འཁོར་སྦྲེལ་ལས་ཀ་འདིའི་བརྙན་རིས་ལས་གྲོགས་ཀྱིས་དྲ་ཐོག་ཏུ་བཀྲམ་པ་དང་། དྲ་གྲོགས་ཚོས་མོས་རྡེབ་བྱས་ནས། ཁོ་རང་མེ་འཁོར་ཁ་ལོ་བ་ངོ་མ་ངར་བ་ཞིག་རེད་ཟེར།
ལྟ་སྦྱོང་སློབ་མ་ནས་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་པའི་བར། ལམ་བུ་འདིར་ཁོ་རང་ཏག་ཏག་ལོ་བཅོ་བརྒྱད་ལ་ཕྱིན་པ་རེད། ང་ཁོ་དང་འཕྲད་ནས་སྡུག་རུས་འདི་འདྲ་བསྐྱེད་དོན་ཅི་ཡིན་པ་འདྲི་ན་འདོད།
པ་སེ་ཉོས་རྗེས་ང་རང་ཟི་ལིང་ནས་ལམ་ལ་ཆས་པ་ཡིན།
མེ་འཁོར་ཞབས་ཞུ་པས་བར་ལམ་དུ་ལམ་ཆས་ལེགས་སྒྲིག་བྱེད་ཀྱིན་ཡོད། ཤུད་ནས་ཐོན་པའི་རྒྱབ་ཁུག་ཅིག་ཕྱིར་སྔར་གནས་ལ་བཞག ཁོ་མོའི་མིང་ལ་ལིའང་ཧྭ་ཡུའེ་ཟེར། ཟི་ལིང་འགྲུལ་སྐྱེལ་མཚམས་ཀྱི་གྲོང་ཁྱེར་བར་གྱི་མེ་འཁོར་རུ་ཁག་ཟི་ལིང་ནས་ན་གོར་མོའི་ཚན་ཆུང་གསུམ་པའི་མེ་འཁོར་འགོ་གཙོ་ཡིན། ལས་ཀར་ཞུགས་ནས་ལོ་བདུན་འགོར་ཡོད།
ཁོ་མོས་ཡར་སྔོན་ལམ་ཐིག་འདིར་བགྲོད་དུས་ཆེས་དལ་དུས་དུས་ཚོད་བརྒྱད་དགུ་ཞིག་འགོར། ད་ལྟ་བསྐྱར་དར་རྟགས་ཅན་ལ་བསྡད་ན། དུས་ཚོད་ལྔ་དང་ཕྱེད་ཀས་ན་གོར་མོར་ཐོན་ཐུབ་ཟེར།
ལབ་གླེང་བྱེད་དུས་ངས་ཁོ་མོར་བསོད་ནམས་དབང་གྲགས་ངོ་ཤེས་མིན་དྲིས་པ་ཡིན།
ཁོ་མོ་དགོད་ཞོར་དུ་ངོ་ལོས་ཤེས། ངས་གསར་འགྱུར་གྱི་ནང་ནས་ཁོ་རང་མཐོང་མྱོང་། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་རེད། གསར་འགོད་སྐབས་སུ་ཁོས་ང་ཚོའི་ལས་ཀ་མི་འདྲ་ནའང་། ཚང་མ་འགྲུལ་སྐྱེལ་ཞབས་ཞུ་རེད། ཚང་མས་དཀའ་ལས་མྱངས་ཡོད་ཟེར།
ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག འགྲུལ་བ་ཞིག་གིས་ང་ལ་ཐོག་དང་པོར་ཚྭ་མཚོའི་གྲུབ་རྐྱེན་སྐོར་དྲིས་བྱུང་། ངས་ལན་འདེབས་མ་ཐུབ་པས་དོགས་མི་བདེ་བར་གྱུར། ཕྱིར་སོང་ནས་དཔེ་ཆ་བཀླགས་པ་དང་དངོས་བཤུས་གློག་བརྙན་ལ་བལྟས་ནས། ཁྲ་འར་ཧན་ཚྭ་མཚོའི་ས་གཤིས་ཤེས་བྱ་དེ་བློ་རུ་བྱང་ཆུབ་པ་ཞིག་ཤེས་སུ་བཅུག་པ་ཡིན། གཞུག་ནས་ད་རུང་འདྲི་མཁན་བྱུང་དུས། ངས་ཚྭ་མཚོའི་ཁྱད་ཆོས་བཤད་ཐུབ་པའི་ཁར། ད་རུང་ཁོ་ཚོར་ལམ་མཚམས་གང་གི་འོག་ནི་དོན་དམ་གྱི་ཚྭ་ཟམ་མུ་རྒྱུད་ཡིན་པ་བཤད་ཐུབ་ཟེར།
ཡིན་ཡང་ལོ་འདི་འགར་མི་འདྲ། ཡུལ་སྐོར་བའི་གྲས་སུ་ན་གཞོན་ཇེ་མང་ནས་ཇེ་མང་རེད། མི་མང་པོ་ཞིག་རང་ཉིད་ཀྱིས་འཆར་གཞི་བཟོས་ནས་ཡོང་གིན་ཡོད། ལྷག་པར་དུ་ད་ལོའི་བླ་ཤིང་ཞེས་པའི་བརྙན་འཕྲིན་ཟློས་གར་བཏང་རྗེས། གཏེར་ལེན་ཁ་དང་ན་གོར་མོ་གྲོང་ཁྱེར་གཉིས་ཀྱི་ཡུལ་སྐོར་བ་ལྷག་ཏུ་ཇེ་མང་ལ་སོང་ཞིང་། དེའི་ནང་གི་མང་ཆེ་ཤོས་ནི་རྒྱབ་ཁུག་ཁུར་བའི་ཡུལ་སྐོར་བ་དང་བྱིས་པ་ཁྲིད་པའི་ཁྱིམ་ཚང་རེད།
རླངས་འཁོར་བཀའ་འགྱུར་ཕུག་ལམ་དུ་འཛུལ་སྐབས་སྒེའུ་ཁུང་གི་ཕྱི་རོལ་གློ་བུར་དུ་མུན་ནག་ཏུ་གྱུར་བ་དང་། སྐར་མ་བཅུ་ལྷག་འགོར་རྗེས། རིམ་བཞིན་ཇེ་གསལ་དུ་གྱུར་སོང་།
བསོད་ནམས་དབང་གྲགས་ཀྱིས་བཤད་ན། ཁོས་མེ་འཁོར་བཏང་ནས་འདི་རུ་བརྒྱུད་ཐེངས་རེ་རེར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་སྔོན་གཤེགས་དཔའ་བོའི་བང་སོའི་ནང་གི་སྔོན་གཤེགས་དཔའ་བོ་ལྔ་བཅུ་ང་ལྔ་བོ་དེ་དྲན་ཡོང་ཟེར། བཀའ་འགྱུར་ཕུག་ལམ་རྙིང་པ་ལས་སྐབས་རང་སྲོག་ཤོར་བའི་སྔོན་གཤེགས་དཔའ་བོ་དེ་དག་ཁྲོད་ཀྱི་ལོ་ན་ཆེས་ཆུང་ཤོས་ནི་ལོ་བཅུ་དགུ་ཡིན་པ་དང་། ཆེས་ཆེ་ཤོས་ཀྱང་ལོ་ཉེར་གསུམ་ལ་མ་གཏོགས་སླེབས་མེད། ཁོས་ནམ་རྒྱུན་རང་ཉིད་ལ་སྔོན་རབས་པ་དག་གི་ཚེ་སྲོག་ལ་བརྟེན་ནས་ལས་པའི་ལྕགས་ལམ་དེ་ང་ཚོས་བཀོལ་སྤྱོད་ལེགས་པོ་བྱེད་དགོས་ཞེས་བཤད་ཀྱིན་ཡོད།
ཐེམ་ཆེན་རྩྭ་ཐང་དང་ཚྭ་འདམ་གཞོང་སའི་བར་དུ་གནས་པའི་བཀའ་འགྱུར་ཉག་ག་ནི་གནམ་གཤིས་གྲང་ངར་ཆེ་བ་དང་དུས་བཞིར་ཁ་བ་འབབ་པ། དགུན་རིང་ལ་དབྱར་ཐུང་བའི་གནས་ཤིག་ཡིན། 1976ལོར། ལོ་བཅོ་བརྒྱད་ཅན་གྱི་མའོ་ཞང་ཀྲོའུ་ཀུའེ་ཀྲོའུ་ཝེ་ཉིང་དུ་དམག་ལ་ཞུགས་ཤིང་། ཁོའི་གཡུལ་ས་དང་པོ་ནི་གནས་འདི་ཡིན། སྨན་བཅོས་ཆ་རྐྱེན་ཞན་པའི་ལོ་རབས་དེར་འཕྲོད་བསྟེན་མི་སྣ་ཡིན་པའི་མའོ་ཞང་ཀྲོའུ་ཡིས་གདོང་གཏོད་ས་ནི་མཐོ་སྒང་གི་ནད་རྟགས་སྣ་ཚོགས་དང་ཡང་ན་རི་ཉིལ་བའི་དབང་གིས་འཐབ་གྲོགས་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་རེད། 1977ལོའི་ཟླ3པར། ཁ་བ་བུ་ཡུག་གི་ཁྲོད་དུ། ན་གཞོན་འཐབ་མོ་པ་ཞིག་མཐོ་ཚད་ལ་རྨིད་བཅུ་ལྷག་ཡོད་པའི་ཟམ་པའི་སྟེང་ནས་སྟབས་མ་ལེགས་པར་སར་ལྷུང་བ་དང་། མའོ་ཞང་ཀྲོའུ་ཁོའི་གམ་དུ་བརྒྱུག་ཀྱང་འཆི་བདག་གི་ཁ་ལས་སྐྱོབ་མ་ཐུབ།
2002ལོར་ན་གོར་མོ་ནས་ལྷ་སའི་བར་གྱི་ལྕགས་ལམ་ལས་སྐབས་མའོ་ཞང་ཀྲོའུ་ཡང་བསྐྱར་ཕྱིར་ལོག་པ་རེད། རི་བོ་གདང་ལའི་དབྱང་དབུགས་འདུས་ཚད་ཀྱིས་རྒྱ་མཚོའི་ངོས་ཀྱི་ཕྱེད་ཀ་ཡང་ཟིན་གྱི་མེད། ཉིན་ལྔ་པར་གདོང་ལེན་རུ་ཁག་གི་འབྲུ་རིགས་ཚར་ལ་ཉེ་བས། ཁོ་རི་འདབས་སུ་འབྲུ་རིགས་ཉོ་རུ་འགྲོ་སྐབས། ལམ་བར་དུ་ཁོའི་ལས་གྲོགས་ཤིག་ས་ལ་འགྱེལ་ནས་མིག་གིས་ཁོ་ལ་ཅེར་ཏེ་བསྡད། མའོ་ཞང་ཀྲོའུ་ཡིས་ངུ་བཞིན་དུ་ངས་འབྲུ་རིགས་ཉོས་ཏེ་མགྱོགས་མྱུར་ངང་ཕྱིར་ཡོང་། ང་ཚོས་ཤི་གསོན་མཉམ་གནས་དང་སྐྱིད་སྡུག་མཉམ་མྱོང་བྱེད་ཅེས་བཤད། ལམ་ལ་མ་ཆས་གོང་། ཁོས་མི་རེ་རེའི་ཁྱིམ་ཚང་གི་ཁ་པར་ཨང་གྲངས་འབྲི་དེབ་སྟེང་དུ་བྲིས། འབྲུ་རིགས་ཉོས་ཚར་རྗེས། ཁོ་ན་གོར་མོའི་སྤྱི་སྤྱོད་ཁ་པར་གཏོང་ས་ཞིག་ཏུ་སོང་ནས་ཁྱིམ་ཚང་རེ་རེར་ཁ་པར་བཏང་སྟེ“སེམས་ཁུར་བྱེད་མི་དགོས། ཚང་མ་བདེ་མོ་ཡིན”ཞེས་སྐད་འཕྲོད་དུ་བཅུག སྟག་ཤ་ར་ཞིག་གིས་དེ་ལྟར་ངུ་བཞིན་དུ་ལས་གྲོགས་ཚོའི་སེམས་འདུན་འགྲུབ་ཏུ་བཅུག
བཀའ་འགྱུར་ཕུག་ལམ་གསར་པ་ལས་པའི་ལོ་དེར་ཁོ་ལོ་ལྔ་བཅུ་ཡིན་ལ། སྐབས་དེར་ཁོས་ཧྥུའུ་ཞ་མྱུར་བགྲོད་ལྕགས་ལམ་དུ་ལས་ཀ་ལས་བཞིན་ཡོད་ན་ཡང་། བཀའ་འགྱུར་ཕུག་ལམ་གྱི་གནས་ཚུལ་ཐོས་མ་ཐག ཁོ་ཕྱིར་མཚོ་སྔོན་དུ་ལོག་རྒྱུའི་སེམས་ཐག་བཅད། ལས་གྲོགས་ཚོས་ཁོ་ལ་ཁ་ཏ་བྱས་ནའང་། ཁོས་ལྕགས་ལམ་ཆ་ཚང་ཞིག་བསྐྲུན་རྒྱུ་ནི་ངའི་སེམས་འདུན་ཡིན་ལ། འཐབ་གྲོགས་དག་གི་ཕུགས་བསམ་ཡང་ཡིན་པས། ངས་རང་གི་ཚེ་སྲོག་འདོར་དགོས་ཀྱང་འགྱོད་པ་སྤུ་ཙམ་ཡང་མེད་ཅེས་བཤད།
མེ་འཁོར་ནུབ་ནས་ནུབ་ཏུ་བསྐྱོད་བཞིན་ཡོད། ཅང་མ་འགོར་བར། སྒེའུ་ཁུང་གི་ཕྱི་རོལ་ནི་གོས་དཀར་གྱི་ལྭ་བ་གྱོན་པ་དང་འདྲ། ད་ནི་ཚྭ་ཁའི་ཟམ་ཆེན་ལ་ཐོན་བྱུང་།
ལས་བྱེད་མི་སྣའི་ལྭ་བ་གྱོན་པའི་མི་ཞིག་གིས་ལམ་འགྲམ་དུ་ལག་ལ་ཁྲེ་ཙེ་བཟུང་ནས་བསྡད་ཡོད། ཁོའི་མིང་ལ་ཧོ་ཀྲི་ཅུན་ཟེར་ཞིང་། ཁོ་ནི་ན་གོར་མོའི་ཁྲ་འར་ཧན་ལམ་ཐིག་འཁོར་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པ་དང་། ལོ་མཇུག་ཏུ་ལས་འཁྱུར་ངལ་གསོ་བྱ་རྒྱུ་རེད།
ངས་ཁོ་ལ་བསོད་ནམས་དབང་གྲགས་ངོ་ཨེ་ཤེས་ཞེས་དྲིས་པ་ན། ཁོས་མགོ་བོ་ཡར་བཀྱགས་ནས་གདོང་ལ་འཛུམ་གྱིས་ཁེངས་ཤོར། “ངོ་ལོས་ཤེས། ཉིན་འགའི་སྔོན་ལ་ངེད་གཉིས་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུར་ཞུགས་པ་ཡིན། ངས་ཁོ་ལ་ཁྱོད་ཀྱིས་བྱ་བ་སྒྲུབ་པ་ཤིན་ཏུ་ལེགས། ཁྱོད་ཀྱིས་ན་གཞོན་དག་ལ་མིག་དཔེ་ཡག་པོ་ཞིག་བསྟན་ཡོད། ང་ཕྱིར་སོང་ནས་བཟོ་ཁུལ་གྱི་ན་གཞོན་དག་ལ་ཁྱེད་ཀྱི་གཏམ་རྒྱུད་བཤད་རྒྱུ་ཡིན”ཞེས་བཤད་པ་ན། ཁོས་ང་ལ“དགེ་རྒན་ཧི་ལགས། ཁྱོད་ཀྱིས་དེ་འདྲའི་དཀའ་སྡུག་ཆེ་བའི་ས་ཆ་རུ་ལོ་ངོ་ཞེ་གཉིས་རིང་ལས་གནས་བརྟན་སྲུང་བྱས་པ་རེད། ཁྱོད་ཀྱི་བྱས་རྗེས་དང་བསྡུར་ན། ངའི་བྱ་བར་གླེང་རིན་མི་འདུག”ཅེས་ལན་བཏབ་བྱུང་།
1984ལོར་ལོ18ལ་བུད་པའི་ཧོ་ཀྲི་ཅུན་ཀན་སུའུ་ཅིའུ་ཆོན་ནས་གནས་དེ་གར་ཕྱིན། སྐབས་དེ་དུས་ཟི་ལིང་ནས་ན་གོར་མོའི་བར་གྱི་མེ་འཁོར་ཤར་གཏོང་ཐུབ་ནས་ཡུན་རིང་མ་སོང་བར། ཁོ་ན་གོར་མོའི་བཟོ་དོན་དུམ་བུའི་ཁྲ་འར་ཧན་ལམ་ཐིག་འཁོར་ཁང་གི་ལམ་གསོ་བ་ཞིག་ཏུ་གྱུར། འདི་ནས་རྩྭ་ཡང་མི་སྐྱེས་པའི་ཁར། ད་དུང་དབྱང་རླུང་དཀོན། སྡོད་ས་ནི་ལྕགས་ལམ་དམག་གིས་བསྐྱུར་པའི་ཁང་པ་ཡིན། སྒེའུ་ཁུང་གིས་རླུང་མི་ཁོག་པ་དང་། འཐུང་ཆུ་དང་ཟས་རིགས་ཚང་མ་མེ་འཁོར་ལ་བརྟེན་དགོས། དབྱར་ཁར་དུག་སྦྲང་མང་བས་གདོང་ལ་བཏོག་པར་བརྟེན། ངོ་གདོང་རྨ་ཤུན་གྱིས་བཀང་ཡོད། གུང་གསེང་བཏང་ནས་ཁྱིམ་དུ་ལོག་སྐབས། ཕ་མས་ཁོའི་ངོ་གདོང་ནག་པོར་གྱུར་ཅིང་རྨ་ཤུན་གྱིས་ཁེངས་པ་མཐོང་རྗེས་སེམས་སྡུག་ཆེན་པོ་སྐྱེས།
1989ལོར། གནམ་གཤིས་རྒྱུན་ལྡན་མིན་པའི་རྐྱེན་གྱིས། ཏ་པུའུ་ཞུན་མཚེའུ་ཡི་ཆུ་གློ་བུར་དུ་རྒྱས་ཏེ། ཟླ10པའི་ཚེས17ཉིན་གྱི་ཞོགས་པར། ཚྭ་མཚེའུའི་སྟེང་དུ་གློ་བུར་དུ་རླུང་ཆེན་རིམ་པ་བརྒྱད་ལྡང་བ་དང་། དྲག་ཏུ་འཕྱུར་བའི་མཚེའུ་ཡིས་རླུང་ཤུགས་ལ་བརྟེན་ནས་གཞུང་ལམ་བརྒལ་བ་དང་། ལས་ཁུལ་དང་ལམ་ཐིག་ཚང་མ་ཆུ་ལོག་གིས་བསྣུབས་ཡོད། གལ་ཏེ་ཆུ་ལོག་གིས་ཚྭའི་ཕྱི་ཤུན་བཞུས་ནས་བརྟོལ་སོང་ཚེ། ཚྭའི་ཕྱི་ཤུན་སྟེང་གི་ཡོད་ཚད་གཏིང་ཚད་སྨི་བཅུ་ཕྲག་ཁ་ཤས་ཡོད་པའི་ཚྭ་མཚེའུའི་ནང་དུ་ནུབ་སྲིད་པས། དུས་དང་རྣམ་པ་ཀུན་ཏུ་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་ཛ་དྲག་ཆེ་བའི་གནད་འགག་གི་དུས་འདིར། ལས་ཁུལ་གྱི་ལས་བཟོ་རྣམས་ལམ་གཉིས་སུ་བགོས་ཏེ། ནུབ་ཕྱོགས་དང་ཤར་ཕྱོགས་སུ་ལམ་ཐིག་ཞིབ་བཤེར་དང་མྱུར་མོར་ཞིག་གསོ་བྱེད་པར་སོང་། སེམས་ལ་དྲན་རྒྱུ་གཅིག་ལས་མེད་པ་སྟེ། མི་ཡོད་ན་ལས་ཁུལ་དང་ལམ་ཐིག་ཡོད་པ་དེ་ཡིན།
དེའི་རྗེས་ཀྱི་ཉིན་མཚན་སུམ་ཅུ་ལྷག་འཁོར་བའི་རིང་། ཁོ་ཚོས་ལམ་གཞི་ཇེ་སྙིར་སོང་ཡོད་མེད་དང་རྡིབ་མིན་ལ་སྐོར་ཞིབ་བྱེད་ཞོར་དུ་གནད་དོན་བྱུང་ཟིན་པའི་ས་ཆར་མྱུར་དུ་ཞིག་བཟོ་བྱས། སྟབས་ལེགས་པ་ཞིག་ལ་ཁོ་ཚོས་ལམ་ཐིག་སྲུང་ཐུབ་སོང་། བདེ་འཇགས་སྲུང་ཐུབ་སོང་།
“སྐད་ཆ་དྲང་མོར་བཤད་ན། དེ་དུས་ང་ཡང་ཕྱིར་འཐེན་བྱས་མྱོང་ཡོད། ནང་མི་ཚོས‘ལྕགས་གྱི་ཕོར་བ’རྙེད་རྒྱུ་ནི་ལས་སླ་མོ་ཞིག་མིན་པས། དཀའ་ངལ་ལ་འཕྲད་མ་ཐག་ཕྱིར་འཐེན་བྱེད་མི་རུང་ཞེས་བཤད། དེ་བས་ངས་ལས་གནས་འདི་སྲུང་ནས་བསྡད་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་ལས་གནས་འདིའི་སྟེང་ནས་ལོ42ལ་བསྡད་ཟིན། གནས་འདི་བརྟན་སྲུང་བྱེད་མཁན་ང་རང་གཅིག་པུ་མིན། ང་ཚོས་ལས་ཁུལ་དུ་བརྟན་སྲུང་བྱེད་པ་དང་བསོད་ནམས་དབང་གྲགས་ཁོ་ཚོས་མེ་འཁོར་བསྐོར་ནས་གནས་འདི་ག་བརྒྱུད་ཀྱིན་ཡོད། ང་ཚོ་ཚང་མས་ཕན་ཚུན་རིག་མི་ཐུབ་ཀྱང་། ང་ཚོའི་ཁྲོད་ཀྱི་མི་གཅིག་ཀྱང་ཆད་མི་རུང་བ་ཡིན། ”
ཧོ་ཀྲི་ཅུན་དང་ཁ་གྱེས་ཡང་། སྐད་ཆ་ཅིག་ངའི་ཀླད་པའི་ནང་དུ་ད་དུང་འཁོར་བཞིན་འདུག ངས་སྔར་ལས་ཀྱང་མི་འབོར་འདི་འདྲའི་མང་པོའི་ཁྲོད་ཀྱི་མིག་དཔེ་ལ་བལྟ་རུ་འགྲོ་འདོད།
ན་གོར་མོའི་ལྕགས་ལམ་ལམ་དུམ་དུ་བསྐྱོད་སྐབས། ལམ་སྒྲོན་སྟེང་དུ་སྔོན་ཐོན་མི་སྣའི་འདྲ་པར་བཀལ་ཡོད་པ་དང་། བསོད་ནམས་དབང་གྲགས་ཆེས་ཐོག་མར་བཞག་ནས་གདོང་ལ་འཛུམ་མདངས་རབ་ཏུ་རྒྱས་འདུག
ཞིབ་བཤེར་བཟོ་བཅོས་འཁོར་ཁང་དུ་འཛུལ་མ་ཐག་ཁྲའེ་སྣུམ་གྱི་དྲི་མ་གང་སར་ཁྱབ་ཡོད། འཁོར་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཅིན་ཧུའུ་ཕེབས་སྐབས་ལས་གོས་ཀྱི་མདུན་ཐུ་སྣུམ་གྱིས་གཡོགས་འདུག ཁོས་ལག་པ་ཕྱིས་ཏེ་བཤད་རྒྱུར། གོ་ཐོས་སུ་ཁྱོད་ཀྱིས་བསོད་ནམས་དབང་གྲགས་བཙལ་བཞིན་འདུག་ཟེར།
“མཚོ་བོད་ལྕགས་ལམ་སྟེང་མེ་འཁོར་གཏོང་སྐབས‘ཐེངས་གཅིག་ལ་དུས་ཚིགས་བཞི་མཐོང་ཐུབ’ཅེས་པའི་བཤད་སྟངས་ཤིག་ཡོད། བསོད་ནམས་དབང་གྲགས་ཁོ་ཚོ་ཚང་མས་དབྱང་རླུང་རྔུབ་ནས་མེ་འཁོར་བསྐོར་བཞིན་ཡོད། ཁོ་ཐེངས་དང་པོར་འདུག་སྐབས་དགེ་རྒན་གྱིས་དབྱང་རླུང་རྔུབ་ཏུ་བཅུག་ནའང་ཁོས་མ་བརྔུབས། ཁོང་གིས་རང་ཉིད་ཆུང་དུས་ནས་མཐོ་སྒང་ནས་འཚར་ལོངས་བྱུང་བར་བརྟེན། སྔ་མོ་ནས་མཐོ་སྒང་གི་ས་བབ་གནམ་གཤིས་ལ་གོམས་ཡོད་པས་ས་མཐོ་མི་བྱུང་འདོད་ཀྱིན་ཡོད། མཐར་མེ་འཁོར་མཚོ་འཕངས5072ཡོད་པའི་གདང་ལ་འབབ་ཚུགས་སུ་སླེབས་ལ་ཡོད་སྐབས་ཁོའི་མགོ་ན་ཞིང་དབུགས་འཚུབ་པ་ན། སྐབས་དེར་གདང་ལ་རི་བོ་ནི‘ཚེ་སྲོག་གི་བཀག་ཁུལ’ཞེས་འབོད་པའི་རྒྱུ་མཚན་ལ་གཞི་ནས་གོ་བ་ལོན་བྱུང”ཟེར།
ངས་ཁོ་ལ“འོ་ན་ཁྱོད”ཅེས་དྲིས་པ་ཡིན།
ཁོ་དར་ཅིག་ལ་ཧད་སོང་། 2006ལོར་སློབ་གྲྭ་ནས་མཐར་ཕྱིན་རྗེས་ན་གོར་མོར་ཡོང་སྟེ་ཏག་ཏག་ལོ་ཉི་ཤུ་འགོར་སོང་། ངས་ཁོའི་མིག་ཟུང་ལས་ཁོའི་འདས་ཟིན་པར་བལྟས། བཤེར་གསོ་མཛོད་ཁང་དུ། ནང་འབར་མེ་འཁོར་གྱི་མགོ་ཞིག་ལྕགས་ལམ་གྱི་སྟེང་དུ་འདུག་ལ། མི་མང་པོས་དེ་སྐོར་ནས་ཧ་ཅང་བྲེལ་ཟིང་ལངས་འདུག །
ང་ཚོའི་བྱ་བ་འདི། སྟབས་བདེར་བཤད་ན་མེ་འཁོར་གྱི་མགོ་ཞིག་གསོ་བྱ་རྒྱུ་དེ་རེད། ལྷུ་ལག་ཆེ་མ་ཆུང་གསུམ་ཁྲི་ལྷག་ཡོད་པས། དེ་བྱང་ཆུབ་རྒྱུ་དེ་འདྲ་སླ་མོ་ཞིག་མིན། དབྱར་ཁར་མེ་འཁོར་གྱི་མགོའི་ནང་ཏུའུ་གྲངས་དྲུག་ཅུ་བདུན་ཅུར་སླེབས་ཡོད་པས། མི་ནང་དུ་སོང་ན་རླངས་བཙོས་བྱེད་པ་དང་འདྲ་ལ། ལས་གོས་བཙིར་ན་ཆུ་བཞུར་ཡོང་། དགུན་ཁར་གཅུས་གཟེར་ལ་རེག་ན། སྟེང་དུ་འབྱར་འགྲོ། སྦགས་བཙོག་དང་ཐང་ཆད། སྡུག་བསྔལ་ཚང་མ་འདུས་ཡོད།
ཁོས་སྐད་ཆ་འདི་དག་བཤད་དུས་ལྷོད་ཤ་ལྡན་པས། དེ་རིང་གི་གནམ་གཤིས་བཤད་པ་དང་འདྲ།
ལོ་ཉི་ཤུའི་རིང་། ཤར་རླུང་ཅན་ནས་འཆམ་མཐུན་ཅན་བར། ས་ཚིགས་ནང་གི་མེ་འཁོར་གྱི་རྣམ་པར་འགྱུར་ལྡོག་མང་པོ་བྱུང་སོང་། མེ་འཁོར་གསར་བ་ཞིག་ཡོང་ན། ཁོས་དཔེ་རིས་བརྩེགས་ཐོ་ཞིག་པང་ནས་ཡང་བསྐྱར་མགོ་ནས་སྦྱངས་བ་བྱས། ཉིན་དཀར་མེ་འཁོར་ཞིག་གསོ་བྱེད་པ་དང་མཚན་མོར་དཔེ་ཆ་ལྟ་བ་རེད། སྔོན་ཆད་མེ་འཁོར་སྒྲིག་གཏོང་གི་ལས་ཀ་ནི་མེ་འཁོར་གྱི་མགོ་ཞིག་གིས་མེ་འཁོར་གྱི་མགོ་གཞན་ཞིག་འདྲུད་དགོས་པ་དང་། བཟོ་བ་རྣམས་ཡར་མར་ལ་རྒྱུག་དགོས་པས། དུས་ཚོད་འགོར་འགྱངས་དང་སྟོབས་ཤུགས་ཟད་འགྲོ། རྗེས་སུ་གཞུང་ལམ་དང་ལྕགས་ལམ་གཉིས་བཀོལ་གྱི་རླངས་འཁོར་ཡོད་པས། ཁ་ལོ་བས་བསྐོར་བཞིན་ལས་ཀ་བསྒྲུབ་ཆོག ཆག་སྐྱོན་རྙེད་དཀའ་བ་ཡང་འཕྲུལ་ཆས་མི་བཀོལ་ན། མི་ཡིས་བརྟག་བཤེར་ལས་གནད་དུ་ཁེལ་ན། བཀོལ་སྤྱོད་ཀྱང་སྟབས་བདེ་རེད། ལོ་འདི་དག་ཏུ་མེ་འཁོར་གྲངས་ཀ་ཇེ་མང་ནས་ཇེ་མང་རེད། འདྲུད་ཤུགས་ལོ་རེ་ནས་ལོ་རེར་ཇེ་ཆེ་རེད། ལས་བཟོ་མི་སྣའང་ཇེ་མང་དུ་བུད་སོང་། མེ་འཁོར་ལས་དོན་ས་ཚིགས་ད་ལྟའི་གཞི་ཁྱོན་འདི་རུ་གྱུར་ཡོད་པས། དགོས་མཁོ་ཆེ་བ་དང་། དངོས་ཟོང་འདྲུད་རྒྱུ་མང་པ་མཚོན་ཐུབ་པས། མཚོ་བོད་ལྕགས་ལམ་གྱིས་བཏོན་པའི་རིན་ཐང་ཇེ་ཆེ་ནས་ཇེ་ཆེ་རེད།
སྐབས་དེ་དུས་ལོ་ཆུང་རེད། སྡུག་ལ་མི་སྐྲག ཁོས་བཤད་རྒྱུར། ད་ལོ་བཞི་བཅུ་ལྷག་རེད། སྒལ་ཚིགས་འབུར་ནས་ལོ་འགའ་འགོར་སོང་། མེ་འཁོར་འོག་ཏུ་འཛུལ་ནས་འགོར་དུས་སྒལ་བ་དྲང་མོར་ལངས་དཀའ་བྱུང་།
ངས་ཁོ་ལ་བྱ་བ་ཡང་མོ་ཞིག་བརྗེ་རྒྱུའི་བསམ་པ་ཨེ་བྱུང་ཞེས་དྲིས་པར། ཁོས་མགོ་བོ་གཡུག་བཞིན། སྦྱངས་པའི་ལག་རྩལ་ནི་མེ་འཁོར་ཞིག་གསོ་ཡིན། བརྗེ་དོན་མི་འདུག ཡང་གཅིག་བཤད་ན། མེ་འཁོར་ངའི་ལག་ཏུ་བཞག་ན། ངས་དེ་ལེགས་པོ་ཞིག་ཏུ་གཏོང་དགོས་ཟེར།
བསོད་ནམས་དབང་གྲགས་ཁོ་ཚོ་ནི་སྔོན་ལ་རྒྱུག་མཁན་ཡིན། ཁོས་གློ་བུར་དུ་བཤད་རྒྱུར། ང་ཚོ་ནི་རྗེས་ཀྱི་རེད། འོན་ཀྱང་རྗེས་ཀྱི་མིས་མར་འཐེན་བྱས་ན། སྔོན་གྱི་མི་ཇི་ལྟར་རྒྱུག་དགོས་ཟེར།
ཁོས་བཤེར་གསོ་མཛོད་ཁང་མཛུབ་མོས་བསྟན་སོང་། ས་སྲོད་ཀྱི་འོད་སྣང་སྒེའུ་ཁུང་མཐོན་པོ་ནས་གསེག་གིས་ཟུག་ཡོང་ལ། མེ་འཁོར་དེའི་སྟེང་དུ་བབས་ཤིང་། མེ་འཁོར་ཞིག་གསོ་མཁན་དག་སྟེང་དུ་འཕྲོས་སོང་། གྲིབ་མ་རྒྱང་དུ་འཐེན་ལ། ཕལ་ཆེར་བཤེར་གསོ་མཛོད་ཁང་གི་ས་ངོས་ཡོངས་སུ་གཡོགས་སོང་།
ཆུང་མས་བཤད་ན་ངའི་ལུས་སྟེང་དུ་ནམ་ཡང་ཁྲའེ་སྣུམ་གྱི་དྲི་མ་ཞིག་ཡོད་པས། ལུས་པོ་བཀྲུས་ནའང་དག་མི་འདུག་ཟེར། དག་མ་ཐུབ་ན་མ་ཐུབ། སང་ཉིན་ད་དུང་འགྲོ་དགོས་ཞེས་ཁོས་བཤད་བྱུང་།
ང་བཤེར་གསོ་མཛོད་ཁང་ནས་ཕྱིར་ཡོང་དུས། སྒོ་ཁ་རུ་ལས་ཚོགས་གྲོལ་བའི་བཟོ་བ་ཞིག་ལ་འཕྲད་བྱུང་། ལས་གོས་སྔོན་པོའི་སྟེང་དུ་སྣུམ་གྱིས་ཟིན་འདུག ཁོའི་གོམ་སྟབས་མྱུར་བས། ན་གོར་མོའི་ས་སྲོད་ཁྲོད་གར་སོང་ཆ་མེད་དུ་གྱུར་སོང་།
ཕྱིར་ལོག་པའི་མེ་འཁོར་སྟེང་དུ། མེ་འཁོར་ལས་བཟོ་མི་སྣས་ང་ལ་བཤད་རྒྱུར། བསོད་ནམས་དབང་གྲགས་དེ་རིང་ཟི་ལིང་དུ་འདུག་པས། ཏག་ཏག་གོ་འཛོལ་བྱུང་འདུག་ཟེར།
ངས་སྐྱོན་མེད་ཅེས་བཤད་པ་ཡིན།
མོས་ཡང་བསྐྱར་མ་དྲིས་པས། ངས་ཀྱང་སྐད་ཆ་མ་བཤད།
ལོ་ཉི་ཤུའི་རིང་། དོན་དག་མང་པོ་འགྱུར་སོང་། མི་ཡང་འགྱུར་བཞིན་འདུག ལེའང་ཧྭ་ཡོའེ་ནི་འཁོར་སྒམ་ནང་ནས་སྤྱི་ལེ་ཁྲི་ལ་བསྐྱོད་ཡོད་ལ། ལམ་ཁའི་ས་ཚིགས་དང་ཡུལ་ལྗོངས་ནི་ཡིད་ལ་ཝ་ལེར་གསལ་བ་རེད། མའོ་ཞང་ཀྲོའུ་ཡི་མིག་མཐའ་རུ་གཉེར་མས་བཀང་འདུག་ལ། ལོ་གཞོན་དུས་བཀའ་འགྱུར་རི་ནས་སྨན་སྒམ་འཁུར་ཏེ་ཉིན་གཅིག་ལ་རྒྱུག་ཐུབ་མི་དེ་ད་ལྟ་དོང་ལམ་ཁ་རུ་འགྲེང་དུས། དར་ཞིག་ལ་མལ་གསོ་དགོས་པ་རེད། ཧི་ཀྲི་ཅུན་གྱིས་དངོས་པོ་རྙིང་པ་ཁང་བ་གང་གསོག་ཡོད་དེ། ལམ་སྒྲོན་རྙིང་བ་དང་། མེ་འཁོར་འཛིན་ཡིག་རྙིང་བ། ཟད་སོང་བའི་ཁྲེ་ཙེ་སོགས་དངོས་པོ་རེ་རེ་ལ་ཁོས་དེའི་རྒྱབ་ལོགས་ཀྱི་གཏམ་རྒྱུད་བརྗོད་རྒྱུ་ཡོད། ལི་ཅིན་ཧུའུ་ནི་བཟོ་བ་ནས་ཞིག་གསོ་འཁོར་ཁང་གི་ཀྲུའུ་རིན་གཞོན་པར་གྱུར་ཡོད་མོད། བྱ་བ་བཤད་དུས། མིག་ཟུང་ལ་སྟོབས་ཤུགས་ཀྱིས་ཁེངས་འདུག །
དངོས་པོ་འགའ་ཞིག་ནམ་ཡང་འགྱུར་མེད། ལེའང་ཧྭ་ཡོའེ་ཡི་འཕྲལ་བསྟུན་ཐག་གཅོད་ཀྱི་དཔེ་ཆ་ཁུག་མ་ཅན་དེ་སྔར་བཞིན་ལུས་སྟེང་དུ་ཉར་ཡོད། མའོ་ཞང་ཀྲོའུ་ཡིས་འཐབ་གྲོགས་བཤད་དུས་མིག་ནང་དུ་འོད་ཀྱིས་ཁེངས་འདུག ཧི་ཀྲི་ཅུན་གྱིས་དངོས་པོ་རྙིང་བ་དག་ཡང་ནས་ཡང་ཕྱིས་རྗེས། གཅིག་ཀྱང་འདོར་མི་འདོད། ལི་ཅིན་ཧུའུ་ཡིས་ལུས་སྟེང་གི་ཁྲའེ་སྣུམ་གྱི་དྲི་མ་ལོ་ཉི་ཤུར་བཀྲུས་ཀྱང་། ཉིན་གཉིས་པར་སྔར་བཞིན་འཛུམ་དམུལ་དམུལ་གྱིས་སླེབས་ཡོང་།
ངས་ནམ་ཡང་བསོད་ནམས་དབང་གྲགས་འཚོལ་འདོད།
ངས་གློ་བུར་དུ་རྟོགས་སོང་། དཔེ་ཆའི་སྟེང་དུ་ཁ་སྦུབ་ཏུ་སྡོད་བཞིན་མེ་འཁོར་གྱི་འདྲ་པར་ལ་ལྟ་བཞིན་བོད་རིགས་གཞོན་ནུ་དེ། ད་ལྟ་མི་གཅིག་ཙམ་མིན་པར་གྱུར་ཡོད། ལེའང་ཧྭ་ཡོའེ་ཡིས་སྐོར་ཞིབ་བྱས་པའི་འཁོར་སྒམ་རེ་རེའི་ནང་དུ་ཁོ་ཡོད་ལ། མའོ་ཞང་ཀྲོའི་ཡི་འཐབ་གྲོགས་ཀྱིས་ཚེ་སྲོག་ལ་བརྗེས་པའི་བཀའ་འགྱུར་རི་བོའི་དོང་ལམ་དུ་ཁོ་ཡོད། ཧི་ཀྲི་ཅུན་གྱིས་མི་ཚེ་ཕྱེད་ཀར་ཉར་ཚགས་བྱས་པའི་ནོར་བུ་རྙིང་བ་དག་གི་ནང་དུ་ཁོ་ཡོད་ཅིང་། ལི་ཅིན་ཧུའུ་ཡི་ལས་གོས་སྟེང་འདག་ཐུབ་མེད་པའི་ཁྲའེ་སྣུམ་དྲི་མའི་ནང་དུ་ཡང་ཁོ་ཡོད་འདུག
ཁོ་ནི་མཁའ་ལམ་འདིའི་སྟེང་གི་སྤྱིར་བཏང་གི་ལས་གནས་སུ་ཁུ་སིམ་མེར་བརྟན་སྲུང་དང་ཁ་རོག་གེར་བྱས་རྗེས་འཇོག་པའི་མི་དག་རེད།
མ་གཞིར་མི་རེ་རེ་ནི་བསོད་ནམས་དབང་གྲགས་རེད།