ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་བཅུ་གཉིས་པ།༽བསྒྱུར་བཅོས་སྒོ་འབྱེད་ལ་དུས་ད་ལྟ་བ་ལས་འདས་པ་མེད།

ཁུངས། ཀློག་གྲངས།

༄༅། །བསྒྱུར་བཅོས་སྒོ་འབྱེད་ལ་དུས་ད་ལྟ་བ་ལས་འདས་པ་མེད།

( 2012ལོའི་ཟླ་ 12ཚེས་31ཉིན། )

བསྒྱུར་བཅོས་སྒོ་འབྱེད་ནི་ལས་ཡུན་རིང་ལ་དཀའ་སྡུག་ཆེ་ཞིང་ལྗིད་རྫོབ་ཆེ་བའི་ལས་དོན་ཞིག་ཡིན་པས། ངེས་པར་དུ་མི་རབས་ནས་མི་རབས་སུ་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་དགོས་པ་དང་། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་བསྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་སྤོབས་པ་དང་བློ་གྲོས་སྔར་ལས་ཆེ་བར་བརྟེན་ནས་གོ་སྐབས་མི་ཤོར་བར་གནད་ཆེའི་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཟབ་སྤེལ་བྱེད་དགོས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བསྟན་པའི་བསྒྱུར་བཅོས་སྒོ་འབྱེད་ཀྱི་ཁ་ཕྱོགས་དེད་ནས་ངར་ཤུགས་ཆེན་པོས་མདུན་དུ་སྐྱོད་དགོས། །

ལོ་རྒྱུས་དང་དངོས་ཡོད་དང་མ་འོངས་པ་གསུམ་ནི་འབྲེལ་བའི་བདག་ཉིད་ཅན་ཡིན། ལོ་རྒྱུས་ནི་འདས་པའི་དངོས་ཡོད་ཡིན་པ་དང་། དངོས་ཡོད་ནི་མ་འོངས་པའི་ལོ་རྒྱུས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་གཏན་ལ་ཕབ་པའི་བསྒྱུར་བཅོས་སྒོ་འབྱེད་སྐོར་གྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་ན། བསྒྱུར་བཅོས་སྒོ་འབྱེད་ཀྱི་བརྒྱུད་རིམ་ལ་ནན་ཏན་གྱིས་ཕྱི་མིག་ལྟ་བ་དང་ཕྱོགས་བསྡོམས་གཏིང་ཟབ་མོ་བྱས་ཏེ། བསྒྱུར་བཅོས་སྒོ་འབྱེད་བྱེད་པའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་ངོས་འཛིན་སྔར་བས་གཏིང་ཟབ་བྱེད་དགོས་པ་དང་། བསྒྱུར་བཅོས་སྒོ་འབྱེད་ཀྱི་ཆོས་ཉིད་རང་བཞིན་སྔར་ལས་རང་རྟོགས་ཀྱི་ཁོང་དུ་ཆུད་པ་བྱེད་དགོས་ཤིང་། སྔར་ལས་བློ་རྩ་བརྟན་པའི་སྒོ་ནས་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད་པའི་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་དགོས།

བསྒྱུར་བཅོས་སྒོ་འབྱེད་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ངེས་པར་དུ་ཕྱོགས་བསྡོམས་དང་བེད་སྤྱོད་ནན་ཏན་བྱེད་དགོས། དང་པོ། བསྒྱུར་བཅོས་སྒོ་འབྱེད་ནི་གཏིང་ཟབ་པའི་གསར་བརྗེ་ཞིག་ཡིན་པས། ངེས་པར་དུ་ཡང་དག་པའི་ཁ་ཕྱོགས་འཛིན་དགོས་པ་དང་། ཡང་དག་པའི་བགྲོད་ལམ་དེད་དེ་སྐུལ་འདེད་གཏོང་དགོས། ཁ་ཕྱོགས་ཀྱི་གནད་དོན་ཐད་ང་ཚོའི་བློ་ཁ་ངེས་པར་དུ་གསལ་པོ་ཡོད་དགོས་པ་དང་། རྒྱུན་ཆད་མེད་པར་སྤྱི་ཚོགས་རིང་ལུགས་རང་ངོས་ནས་འཐུས་ཚང་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་སྐྱོད་དགོས། གཉིས་པ། བསྒྱུར་བཅོས་སྒོ་འབྱེད་ནི་སྔར་བྱུང་མ་མྱོང་བའི་བྱ་གཞག་གསར་རྐྱང་ཞིག་ཡིན་པས། ཡང་དག་པའི་བརྟག་ཐབས་སྨྲ་བ་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་ལག་ལེན་དང་འཚོལ་ཞིབ་བྱེད་པའི་ཁྲོད་དུ་སྐུལ་འདེད་གཏོང་དགོས། ཆུ་རྡོར་ལག་སྙོབ་བྱེད་ཀྱིན་ཆུ་བོ་རྒལ་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་བསྒྱུར་བཅོས་བྱེད་ཐབས་ཤིག་ཡིན། ཆུ་རྡོར་ལག་སྙོབ་བྱེད་ཀྱིན་ཆུ་བོ་རྒལ་བ་ནི་ཆོས་ཉིད་རྟོག་པ་ཡིན་ལ། ལག་ལེན་གྱི་ཁྲོད་ནས་བདེན་པ་འཚོལ་བ་ཡིན། ཆུ་རྡོར་ལག་སྙོབ་བྱེད་ཀྱིན་ཆུ་བོ་རྒལ་བ་དང་རྩེ་རིམ་གྱི་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་གཉིས་ནི་རྩོད་སྒྲུབ་ཀྱི་གཞི་མཐུན་ཡིན་པས། ཆ་ཤས་དང་དུས་རིམ་རང་བཞིན་གྱི་བསྒྱུར་བཅོས་སྒོ་འབྱེད་ནི་རྩེ་རིམ་གྱི་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་སྔོན་འགྲོ་བྱས་ཏེ་སྤེལ་དགོས་པ་དང་། རྩེ་རིམ་གྱི་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་ནི་ཆ་ཤས་དང་དུས་རིམ་རང་བཞིན་གྱི་བསྒྱུར་བཅོས་སྒོ་འབྱེད་སྐུལ་འདེད་གཏོང་བའི་རྨང་གཞིའི་སྟེང་དུ་འཆར་འགོད་བྱེད་དགོས། སྤྱི་ཁོག་གི་བསམ་གཞིགས་དང་རྩེ་རིམ་གྱི་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། བསྒྱུར་བཅོས་ཉིད་རྒྱུད་ཁུངས་ཅན་དང་། སྤྱི་ཁོག་ཅན། མཐུན་སྦྱོར་ཅན་ཡོང་རྒྱུར་དེ་བས་དོ་སྣང་བྱེད་དགོས་པ་དང་ཕྱོགས་མཚུངས། སྤོབས་པ་ཆེན་པོས་ཚོད་ལྟ་བྱེད་པ་དང་། སྤོབས་པ་ཆེན་པོས་ཐོད་བརྒལ་བྱེད་པར་མུ་མཐུད་སྐུལ་མ་བཏང་ཐོག རྒྱུན་ཆད་མེད་པར་བསྒྱུར་བཅོས་ཉིད་གཏིང་ཟབ་སར་འཁྲིད་དགོས། གསུམ་པ། བསྒྱུར་བཅོས་སྒོ་འབྱེད་ནི་རྒྱུད་ཁོངས་ཅན་གྱི་ལས་གཞི་ཞིག་ཡིན་པས། ཕྱོགས་ཡོངས་ནས་བསྒྱུར་བཅོས་བྱ་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ། བསྒྱུར་བཅོས་ཁག་མཐུན་སྦྱོར་དང་རོགས་འདེགས་ཡོད་པའི་སྒོ་ནས་སྤེལ་དགོས། བསྒྱུར་བཅོས་སྒོ་འབྱེད་ནི་གཏིང་ཟབ་ལ་ཆ་ཚང་བའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་ཡིན་པས། བསྒྱུར་བཅོས་ཁག་རེ་རེ་ཚང་མས་བསྒྱུར་བཅོས་གཞན་དག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ལ། བསྒྱུར་བཅོས་ཁག་རེ་རེ་ཚང་མར་བསྒྱུར་བཅོས་གཞན་དག་གི་མཐུན་སྦྱོར་དང་རོགས་འདེགས་ཡོད་དགོས། བསྒྱུར་བཅོས་ཁག་བར་ཕན་ཚུན་སྐུལ་འདེད་དང་མཉམ་འགུལ་ཡག་པོ་ཡོང་རྒྱུར་དོ་སྣང་སྔར་ལས་ཆེ་བ་བྱེད་དགོས་པ་དང་། སྤྱི་ཁོག་ནས་སྐུལ་སྤེལ་དང་གནད་ཆེ་ས་ནས་ཐོད་བརྒལ་བྱས་ཏེ། བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྒྲིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། བཞི་པ། བརྟན་བརླིང་ནི་བསྒྱུར་བཅོས་དང་གོང་སྤེལ་གྱི་སྔོན་འགྲོ་ཡིན་པས། ངེས་པར་དུ་བསྒྱུར་བཅོས་གོང་སྤེལ་”བརྟན་བརླིང་གསུམ་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་བརྟན་བརླིང་བྱུང་ན་གཞི་ནས་བསྒྱུར་བཅོས་གོང་འཕེལ་གཉིས་བསྟུད་མར་སྐུལ་འདེད་གཏོང་ཐུབ་པ་དང་། བསྒྱུར་བཅོས་དང་གོང་འཕེལ་གཉིས་བསྟུད་མར་སྐུལ་འདེད་བྱུང་ན་གཞི་ནས་སྤྱི་ཚོགས་བརྟན་བརླིང་ཡོང་བར་རྨང་གཞི་བརྟན་པོ་འདིང་ཐུབ། བསྒྱུར་བཅོས་ཀྱི་ཤུགས་ཚད་དང་གོང་འཕེལ་གྱི་མྱུར་ཚད་དེ་སྤྱི་ཚོགས་ཀྱི་ཐེག་ནུས་དང་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་དམངས་ཀྱི་འཚོ་བ་”ལེགས་བཅོས་བྱ་རྒྱུ་དེ་བསྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་པའི་སྦྲེལ་གནས་བྱེད་དགོས། ལྔ་པ། བསྒྱུར་བཅོས་སྒོ་འབྱེད་ནི་མི་དམངས་དུང་ཕྱུར་མང་པོ་རང་ཉིད་ཀྱི་བྱ་གཞག་ཡིན་པས། ངེས་པར་དུ་མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་བཀུར་བྱ་རྒྱུ་རྒྱུན་འཁྱོངས་དང་ཏང་གི་འགོ་ཁྲིད་འོག་ཏུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བསྒྱུར་བཅོས་སྒོ་འབྱེད་ཀྱི་ངོས་འཛིན་དང་ལག་ལེན་སྟེང་དུ་བྱུང་བའི་ཐོད་བརྒལ་དང་གོང་འཕེལ་རེ་རེ་བཞིན་དང་། བསྒྱུར་བཅོས་སྒོ་འབྱེད་ཁྲོད་ཀྱི་གསར་སྐྱེས་བྱ་དངོས་ཀྱི་བྱུང་འཕེལ་རེ་རེ་བཞིན། བསྒྱུར་བཅོས་སྒོ་འབྱེད་ཀྱི་ཕྱོགས་སོ་སོའི་ཉམས་མྱོང་གསར་སྐྲུན་དང་གསོག་འཇོག་རེ་རེ་ཚང་མ་མི་དམངས་དུང་ཕྱུར་གྱི་ལག་ལེན་དང་བློ་གྲོས་ལས་མ་བྱུང་བ་གཅིག་ཀྱང་མེད། བསྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་ལས་འགན་ཇི་ཙམ་གྱིས་ལྗིད་ན་ང་ཚོས་དེ་ཙམ་གྱིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་ལེགས་བཅོས་བྱེད་དགོས་པ་རེད་ལ། དེ་ཙམ་གྱིས་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས། ཡང་དག་པའི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་གསུམ་འདོན་པ་དང་ལག་བསྟར་བྱེད་པ་བརྒྱུད། མི་དམངས་ལ་སྣེ་ཁྲིད་བྱས་ཏེ་མདུན་སྐྱོད་བྱེད་མཁས་དགོས་པ་དང་། མི་དམངས་ཀྱི་ལག་ལེན་ནང་གི་གསར་གཏོད་དང་གོང་སྤེལ་གཏོང་བའི་དགོས་མཁོ་ལས་སྲིད་ཇུས་ཀྱི་འདོད་ཕྱོགས་འཐུས་ཚང་དུ་གཏོང་མཁས་དགོས་པ། བསྒྱུར་བཅོས་དང་གོང་འཕེལ་གྱི་གྲུབ་འབྲས་དེ་སྔར་བས་མང་བ་དང་སྔར་བས་དྲང་སྙོམ་གྱི་སྒོ་ནས་མི་དམངས་ཡོངས་རྫོགས་ལ་ཕན་པའི་གསོས་སུ་སྒྲུབ་དགོས་པ། རྒྱུན་ཆད་མེད་པར་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད་པར་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། །

བསྒྱུར་བཅོས་སྒོ་འབྱེད་ལ་དུས་ད་ལྟ་བ་ལས་འདས་པ་མེད། བསྒྱུར་བཅོས་སྒོ་འབྱེད་མེད་ན་ཀྲུང་གོའི་ད་ལྟ་བ་མེད་ལ། ཀྲུང་གོའི་མ་འོངས་པ་ཡང་ག་ལ་ཡོད། བསྒྱུར་བཅོས་སྒོ་འབྱེད་ཁྲོད་ཀྱི་འགལ་བ་ནི་བསྒྱུར་བཅོས་སྒོ་འབྱེད་ཀྱི་བྱེད་ཐབས་ལ་བརྟེན་ནས་སེལ་དགོས། ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྟོན་དུ་བཟུང་སྟེ། མི་དམངས་མང་ཚོགས་ཀྱིས་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད་པར་བཏོན་པའི་འབོད་སྒྲ་ཆེན་པོ་དང་དེར་འཆང་བའི་རེ་ལྟོས་ཆེན་པོར་ཧུར་བརྩོན་གྱིས་ཨ་ལན་སྤྲོད་པ། སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་ཡོངས་སུ་ཆགས་པར་བྱེད་པ། ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་གི་བསྒྱུར་བཅོས་མཐུན་འགྲིག་ངང་སྤེལ་བ་བཅས་ཀྱི་ཐོག་ནས། བསྒྱུར་བཅོས་སྒོ་འབྱེད་མདུན་དུ་སྐུལ་འདེད་ཧུར་ཐག་གཏོང་དགོས།