
ཉེ་ལམ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རག་ཤུལ་སྟོད་མ་ཞང་སྤུ་རོང་སྡེ་བ་རུ་ལོ་གསར་འཚམ་འདྲིའི་བྱེད་སྒོ་སྤེལ་བ་དང་། སྡེ་བའི་སྡེ་དམངས་ཞབས་ཞུའི་ལྟེ་གནས་རུ་འདུ་འཛི་ལང་ལོང་གིས་ཁེངས། ཡུས་ཧྲུའུ་གྲོང་ཁྱེར་ཞིང་ཕྱུགས་ཚན་རྩལ་ཅུས་སྒྲོག་འགྲེལ་རུ་ཁག་གིས་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དཔྱིད་གསར་དམངས་ཕན་སྲིད་ཇུས་བསྣམས་ཏེ་གནས་དེར་ཐོན།
ཡུས་ཧྲུའུ་གྲོང་ཁྱེར་ཞིང་ཕྱུགས་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་ནོར་བུ་ཚེ་རིང་གིས་སྣེ་ཁྲིད་ཅིང་། ཧྲུའུ་ཅི་དང་པོ་མཱ་ཁྲུན་མེ་དང་། སྡེ་སྡོད་ལས་བྱེད་པ་སེང་གེ་རྒྱལ་བོ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་བཅས་ཀྱིས་མཉམ་དུ་སྒྲོག་བཤད་བྱས་ཏེ། བོད་རྒྱ་སྐད་ཟུང་འབྲེལ་གྱིས་གོ་སླ་བའི་སྒོ་ནས་ཞིང་སྟོབས་ཞིང་ཕན་དང་ཞིང་ཕྱུག་བཅས་ཀྱི་ཞིང་ལས་སྲིད་ཇུས་འབྲོག་པ་མང་ཚོགས་ཀྱི་སེམས་ལ་བཞག་པར་མ་ཟད། ཏང་ཡོན་འཐུས་མི་དང་རོང་འབྲོག་མང་ཚོགས་བརྒྱ་ལྷག་གིས་མཐའ་བསྐོར་ནས་ཉན་བཞིན་ཡོད་ལ། ཡུལ་དངོས་སུ་དྲོ་སྐྱིད་ཀྱིས་ཁེངས་ཤིང་ཚང་མས་ཚ་ཚ་འུར་འུར་གྱིས་བགྲོ་གླེང་བྱེད་བཞིན་འདུག
"ཡུལ་མི་རྣམ་པ། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་ཆེད་དུ་རང་རེའི་འབྲོག་ཁུལ་ལ་འཕེལ་རྒྱས་ཀྱི་སྲིད་ཇུས་དང་བྱེད་ཐབས་བཏོན་ཡོད། དེ་རིང་ཚང་མ་དང་མཉམ་དུ་སྒོ་ཕྱུགས་འགན་སྲུང་ཅི་ལྟར་ཐོ་འགོད་བྱེད་དགོས་པ་དང་། མཉམ་ལས་ཁང་ཅི་ལྟར་འཕེལ་རྒྱས་གཏོང་དགོས་པ་སོགས་ཀྱི་སྐོར་བཤད་རྒྱུ་བྱ །" དྲིལ་བསྒྲགས་ཚོགས་འདུ་མགོ་བརྩམས་མ་ཐག ནོར་བུ་རྒྱལ་མཚན་གྱིས་ཐོག་མའི་གཏམ་འདིས་དེ་མ་ཐག་མང་ཚོགས་དང་བར་ཐག་ཇེ་ཉེ་རུ་བཏང་།
དྲིལ་བསྒྲགས་རུ་ཁག་གིས་ཡིག་ཐོག་གི་གསལ་བཤད་བྱེད་ཐབས་རིང་དུ་དོར་ཏེ། ཀྲུང་དབྱང་ཡིག་ཆ་དང་པོའི་ཞིང་གསུམ་བྱ་བ་དང་འབྲེལ་བའི་རྒྱས་བཤད་གལ་ཆེན་དང་། འབྲོག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཐག་གཅོད་བཀོད་སྒྲིག་དེ། རྩྭ་ཐང་ནི་རྩ་བ་དང་ནོར་གནག་ནི་རྨང་གཞི་བྱས་པའི་གོ་སླ་བའི་སྐད་ཆ་རུ་བསྒྱུར། དམངས་ཕན་གྱི་སྲིད་ཇུས་སྒྲོག་བཤད་བྱེད་སྐབས། ཕྱུགས་ལས་ཀྱི་ཁ་གསབ་ཚད་གཞི་དང་ཉེན་སྲུང་གུན་གསབ་སྤྲོད་ལེན་གྱི་གོ་རིམ། ཐོན་ཁུངས་གསུམ་གྱི་དོ་དམ་བླང་བྱ་རེ་རེ་གསལ་བོར་བཤད་པ་དང་། སྡེ་སྡོད་ལས་བྱེད་པ་བློ་བཟང་འཕྲིན་ལས་ཀྱིས་ཡུལ་དངོས་སུ་དྲིལ་བསྒྲགས་ཡིག་ཆ་བླངས་ཏེ། དཔེ་རིས་ལ་བརྟེན་ནས་ཚང་མར་དྲ་སྟེང་ནས་ཁ་གསབ་ཅི་ལྟར་རེ་ཞུ་བྱེད་སྟངས་ཁྲིད་སྟོན་བྱས།
"ཅུས་ཀྲང་། ང་ཚོའི་མཉམ་ལས་ཁང་གིས་ནོར་གནག་གི་རྒྱུད་ཇེ་བཟང་དུ་གཏོང་འདོད་ཡོད་པས། ལག་རྩལ་དང་མ་དངུལ་གྱི་རྒྱབ་སྐྱོར་ཡོད་དམ" སྒོ་ཕྱུགས་མཉམ་ལས་ཁང་གི་འབྲོག་པ་ཐུབ་བསྟན་རྡོ་རྗེ་ཡིས་སྔོན་ལ་ལག་པ་བཀྱགས་ཏེ་དེ་ལྟར་དྲི་བ་དྲིས། དེ་མ་ཐག་ཏུ་ཡུལ་དངོས་ཀྱི་མི་དག་གིས་ཀྱང་དེར་ཡིད་འཐད་ཀྱིས་དྲི་བ་བཏོན། ནོར་བུ་རྒྱལ་མཚན་དགོད་ཞོར་ཏུ་འདི་ལྟར་ལན་བཏབ། "ཀྲུང་དབྱང་ཡིག་ཨང་དང་པོའི་ནང་དུ་སྐྱེ་ཁམས་ཕྱུགས་ལ་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་གསལ་བོར་བཏོན་འདུག གྲོང་ཁྱེར་སྲིད་གཞུང་དུ་ཚན་རྩལ་ལག་རྩལ་གྱི་ཆེད་མངགས་ཚོགས་པ་སྒོ་ཁར་འོང་ཏེ་མིས་བཟོས་བེའུ་སྒྲུམ་ཐབས་དང་ཚན་རིག་གི་གཟན་ཆས་ལག་རྩལ་ཁྲིད་སྟོན་བྱེད་པ། ད་དུང་ཆེད་དམིགས་རོགས་སྐྱོར་མ་དངུལ་ཀྱང་ཡོད། མཉམ་ལས་ཁང་གིས་ཚད་ལྡན་ངང་ཚོང་གཉེར་བྱེད་ཐུབ་ཚེ། སྲིད་ཇུས་ཀྱི་ཁེ་ཕན་འདི་དག་ཚང་མ་ལོངས་སྤྱོད་བྱེད་ཐུབ་ཟེར ། ཁོས་ད་དུང་སྤུ་རོང་སྡེ་བའི་འཕེལ་རྒྱས་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ། སྒོ་ཕྱུགས་ཉོ་ཚོང་མ་ལག་འཛུགས་སྐྲུན་གྱི་བྱེད་ཐབས་ངོ་སྤྲོད་བྱས་ནས། ཚང་མར་མཉམ་ལས་ཁང་གི་འཕེལ་རྒྱས་ལ་རེ་ལྟོས་ཀྱིས་ཁེངས་པར་བྱས།
བཀྲ་ཤིས་ཆོས་འཛིན་གྱིས་རྩྭ་ཐང་དོ་དམ་སྲུང་སྐྱོབ་དང་གནོད་འགོག་ཉེན་སྲུང་གི་སྐོར་གྱི་གནད་དོན་ལ་སེམས་ཁུར་བྱེད་བཞིན་འདུག "ད་ལོའི་དཔྱིད་ཀར་གནམ་གཤིས་ལ་འགྱུར་ལྡོག་ཆེ་བས། ཉར་གསོག་བྱས་པའི་གཟན་རྩྭས་མ་འདང་ན་ཅི་བྱེད། རིམས་ནད་འགོག་སྲུང་ལ་བྱེད་ཐབས་གསར་བ་ཡོད་དམ"ཞེས་དྲིས། ཧྲུའུ་ཅི་དང་པོ་མཱ་ཁྲུན་མེ་ཡིས་དེ་མུར་ལན་བཏབས་ཏེ། ཞིབ་ཕྲའི་ངང་གནོད་འགོག་རྒུད་སྐྱོབ་ཀྱི་ཁ་གསབ་སྲིད་ཇུས་དང་གཟན་རྩྭའི་གསོག་ཉར་རོགས་སྐྱོར་བྱེད་ཐབས་སྐོར་གྱི་ལན་བཏབས། "སྡེ་བས་གཅིག་གྱུར་སྒོས་རྩ་འཛུགས་བྱས་ཏེ་འགོག་ཁབ་རྒྱག་ངེས་ལ། སྡེ་སྡོད་ལས་སྒྲུབ་རུ་ཁག་གིས་ཀྱང་ཕྱུགས་ཁང་གི་མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་ལ་རམ་འདེགས་བྱེད་ངེས། ཚང་མས་ཧུར་ཐག་གིས་སྒོ་ཕྱུགས་ཀྱི་ཉེན་སྲུང་ཉོས་ན་དེ་ལས་ལྷག་པའི་འགན་སྲུང་ཐོབ་ཐུབ "ཞེས་བཤད་པ་དང་། མོས་ཡུལ་དངོས་ནས་དུས་ཐོག་ཏུ་ཞིང་ཕྱུགས་སྡེ་ཁག་དང་སྦྲེལ་མཐུད་བྱས་ཏེ། སྡེ་བའི་ནང་དུ་གཟན་ཆས་གསོག་ཉར་གྱི་ཆེད་དམིགས་མ་དངུལ་བརྩོན་ལེན་བྱེད་པར་ཁས་ལེན་བྱས།
གྲོང་གསེབ་བཅོས་སྐྱོང་དང་བདེ་འཇགས་མཚམས་ཐིག་ལ་དམིགས་ཏེ། དྲིལ་བསྒྲགས་རུ་ཁག་གིས་ཉེ་འགྲམ་གྱི་དཔེ་གཞི་ལ་བརྟེན་ནས་དུས་རབས་གསར་བའི"ཧྥིན་ཆའི་ཉམས་མྱོང"ལ་བརྟེན་ནས། ཚང་མར་རྩྭ་སའི་ས་མཚམས་དང་ཁྱིམ་མཚེས་བར་གྱི་འགལ་བ་སོགས་ཀྱི་རྩོད་གཞི་སེལ་བར་ཁྲིད་སྟོན་བྱས། དབྱར་རྩྭ་དགུན་འབུའི་ཐོན་སྐྱེད་དང་གཞུང་ལམ་འགྲིམ་འགྲུལ། མེ་ཟོན་བདེ་འཇགས་སོགས་གཙོ་གནད་བྱ་བར་དམིགས་ཏེ། ལྐོག་ཏུ་དབྱར་རྩྭ་བསྐོ་བ་དང་ཁྲིམས་འགལ་གྱིས་དབྱར་རྩྭ་བསྐོ་བ། དྲ་ལམ་མགོ་སྐོར་སོགས་བྱ་སྤྱོད་ཀྱི་གནོད་འཚེ་དང་བཅོས་སྐྱོང་བྱེད་ཐབས་གསལ་བོར་བསྟན།
དྲིལ་བསྒྲགས་ཡུལ་དངོས་དེ་དྲི་དྲིས་ལན་གྱི་སློབ་ཁྲིད་དུ་གྱུར་ལ། འབྲོག་པ་མང་ཚོགས་ཀྱིས་བསྟུད་མུར་དྲི་བ་སྣ་ཚོགས་བཏོན་པ་དང་། དྲིལ་བསྒྲགས་རུ་ཁག་གིས་ཀྱང་རེ་རེ་བཞིན་ལན་བཏབས་པས། བོད་རྒྱ་སྐད་གཉིས་ཟུང་འབྲེལ་གྱི་ཁ་བརྡ་དང་ཐལ་མོའི་ལྡེབ་སྒྲའི་བྱ་འགུལ་ཁང་གི་ཕྱི་ནང་ཀུན་དུ་ཁྱབ།
ཐུབ་བསྟན་རྡོ་རྗེ་ཡིས་དྲིལ་བསྒྲགས་ལ་ཉན་ཚར་རྗེས་གདོང་ལ་མཛུམ་གྱིས་ཁེངས་བཞིན། "སྔོན་ཆད་སྲིད་ཇུས་ང་ཚོ་དང་བར་ཧ་ཅང་རིང་བར་འདོད་ཡོད། དེ་རིང་ཅིག་ཉན་ན། མ་གཞི་ཚང་མ་ང་ཚོའི་ཐོན་སྐྱེད་འཚོ་བ་དང་དམ་དུ་འབྲེལ་བའི་དོན་བཟང་དག་དག་རེད"ཟེར། "ང་ཕྱིར་སོང་རྗེས། མཉམ་ལས་ཁང་གི་ཡུལ་མི་རྣམས་ལ་གསལ་བོར་བཤད་དེ། ཚན་རིག་གི་གསོ་སྤེལ་ལག་རྩལ་སློབ་སྦྱོང་བྱས་ཏེ། སྲིད་ཇུས་བཟང་བོ་བེད་སྤྱད་བྱེད་དགོས།" བཀྲ་ཤིས་ཆོས་འཛིན་གྱིས་བསྟན་དོན། ཧུར་ཐག་གིས་སྒོ་ཕྱུགས་ཉེན་སྲུང་དང་ལག་རྩལ་གསོ་སྦྱོང་ཁྲོད་ཞུགས་ཏེ། སྡེ་བའི་གོམ་སྟབས་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཡིན་ཟེར།
ནོར་བུ་རྒྱལ་མཚན་གྱིས་དྲིལ་བསྒྲགས་ཚོགས་འདུའི་མཇུག་ཏུ"སྤུ་རོང་སྡེ་བར་ཕྱུགས་ལས་ཐོན་ཁུངས་དང་འགྲིམ་འགྲུལ་ས་ཁུལ་གྱི་དགེ་མཚན་གཉིས་ལྡན་ལ་བརྟེན་ནས། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། ཐོན་སྐྱེད་དང་སྐྱེ་ཁམས་ཀྱི་མཚམས་ཐིག་བརྟན་པོར་སྲུང་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་དགོས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་སྡེ་སྡོད་ལས་བྱེད་རུ་ཁག་གིས་སྦྲེལ་ཟམ་གྱི་ནུས་པ་གལ་ཆེན་ཐོན་པར་བྱས་ཏེ། དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་ཁེལ་བ་དང་། མང་ཚོགས་ཀྱིས་ཏང་གི་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། གྲོང་གསེབ་དར་སྤེལ་གྱི་འགྲིལ་ཤུགས་ཆེན་མོ་གཅིག་བསྡུས་བྱེད་དགོས"ཟེར།
ཉི་ནུབ་ཀྱི་དུས་སུ། དྲིལ་བསྒྲགས་ཚོགས་འདུ་དགའ་བའི་དགོད་སྒྲའི་ཁྲོད་མཇུག་བསྡུས་པ་དང་། འབྲོག་པ་མང་ཚོགས་ཀྱིས་སྔར་བཞིན་དྲིལ་བསྒྲགས་རུ་ཁག་གི་མཐའ་སྐོར་ཏེ་དཔྱད་བསྡུར་བྱེད་བཞིན་འདུག རྟ་མགྲིན་ཡེ་ཤེས་ཀྱིས་བཤད་རྒྱུར། "དེ་རིང་གི་དྲིལ་བསྒྲགས་ཀྱིས་ཀྲུང་དབྱང་ཡིག་ཨང་དང་པོའི་དགོངས་དོན་སྤུ་རོང་སྡེ་བར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར། འབྲོག་པ་མང་ཚོགས་ལ་སྲིད་ཇུས་ཀྱི་ཁེ་ཕན་གསལ་བོར་ཤེས་སུ་བཅུག་པར་མ་ཟད། འཕེལ་རྒྱས་ཀྱི་བསམ་བློ་གཙང་སེལ་བྱས་པ་དང་། ཏང་ཡོན་དང་མང་ཚོགས་ཀྱིས་གཅིག་སེམས་གཅིག་ལ་སྦྲེལ་བར་བྱས།"ཟེར།
དེང་གི་ལོའི་སྤུ་རོང་སྡེ་བ་ནི། སྐྱེ་ལྡན་ལུད་རྫས་ལས་སྣོན་བཟོ་གྲྭའི་འཕྲུལ་ཆས་ཀྱི་སྒྲས་གང་སར་ཁྱབ་ཡོད་ལ། ནོར་གནག་མཉམ་ལས་ཁང་གི་ཕྱུགས་ཀྱི་འཕེལ་ཁ་དར་ཡོད། འབྲོག་པ་མང་ཚོགས་ཀྱིས་སྲིད་ཇུས་ཀྱི་ཡིད་རྟོན་ཁྱེར་ཏེ། ལག་ལེན་དངོས་ཀྱིས་སྐྱེ་ཁམས་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྣམ་པ་གསར་བ་བཏོད་དེ། གྲོང་གསེབ་དར་སྤེལ་གྱི་ས་བོན་གངས་ལྗོངས་ཀྱི་ཡུལ་གྲུ་འདིར་མྱུ་གུ་འབུས་པར་བྱས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།