
ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མཁར་དམར་གྲོང་རྡལ་གྱི་རྩྭ་སའི་སྟེང“གུར་ཆེན་དགུ་བ་”ལས་དུ་བ་ལྷོག་ལྷོག་ཏུ་འཕྱུར་བཞིན་ཡོད་ལ། དཔྱིད་ཀའི་དྲོད་འཇམ་གྱི་ཉི་འོད་མཐོ་སྒང་གི་གནའ་གྲོང་འདིར་འཕྲོས་པ་དང་བསྟུན་ནས། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་བཤད་བྱེད་པའི་ཚ་རླབས་ཞིག་འཕྱུར།
དུས་ཚོད10དང་སྐར་མ30ཐོག་མཁར་དམར་སྡེ་བའི་ཏང་དམངས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དྲོད་ཁོལ་གྱིས་ཁེངས་ཡོད་དེ། ཤེལ་གྱི་སྒེའུ་ཁུང་ངོས་སུ་ཕྱི་རོལ་གྱི་རྩྭ་ར་མངོན་ཞིང་། ཁང་བའི་ནང་རོལ་དུ་སྡེ་བའི་ “ཨུ་ཡོན་ལྷན་ཁང་གཉིས” ཀྱི་ཁོངས་མི་དང་། ཏང་ཡོན་འཐུས་ཚབ་པ། ཕྱུག་འགྱུར་གྱི་སྣེ་ཁྲིད་པ་སོགས་ཀྱིས་བཀང་འདུག འབྲོག་པ་དག་རྒྱུན་པར་ཡོང་བར་སྤྲོ་བའི་གནས་འདི་ད་ལྟ་སྲིད་ཇུས་སྒྲོག་བཤད་ཀྱི་རྟེན་གཞི་རུ་གྱུར་འདུག
གསར་དུ་འདེམ་བསྐོ་བྱུང་བའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་རྡོ་རྗེ་ཡིས་ལག་ཏུ་ཡིག་ཆ་བཟུང་ཞིང་། བབ་ཆགས་བརྟན་བརླིང་ངང་བཤད་རྒྱུར། “ཀྲུང་དབྱང་གི་ཡིག་ཆ་དང་པོ་ལས་བཏོན་པ་ལྟར་ན། གྲོང་གསེབ་ཀྱི་ཐུན་མོང་བདག་དབང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་གཏོང་བ་དང་། གསར་དར་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་ལ་རྒྱབ་སྐྱོར་འཕེལ་རྒྱས་གཏོང་བ། གསར་བསྣན་གྲོང་གསེབ་རིམ་པའི་དངུལ་བུན་ཚོད་འཛིན་ནན་མོ་བྱེད་དགོས། ཡིག་ཆར་སློབ་སྦྱོང་བྱེད་པ་ནི་ཨ་གསར་ཙམ་མ་ཡིན་པར། ང་ཚོས་ད་ལོར་མཁར་དམར་གྲོང་རྡལ་གྱི་གྲོང་གསེབ་དར་སྤེལ་ཇི་ལྟར་བྱ་དགོས་པར་ནན་ནན་ཏིག་ཏིག་གིས་བསམ་བློ་གཏོང་དགོས།” ཞེས་བཤད་མ་ཐག་ཏུ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒན་པའམ་མདོ་ལ་སྦྲ་ནག་ཚོང་གཉེར་ཚད་ཡོད་ཀུང་སིའི་ཁྲིམས་མིའི་འཐུས་ཚབ་པ་མ་ཙོའུ་ཡིས་མྱུར་དུ་དེར་བསྟུན་ནས་བཤད་རྒྱུར། ང་ཚོའི་ཀུང་སིས་ན་ནིང་ཐོག་མར་མགོ་བརྩམས་ཤིང་། གྲོང་རྡལ་གྱི་ཏང་ཨུའི་མཐུན་སྦྱོར་འོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་དང་མཉམ་འབྲེལ་སྒོས་ལས་གཞི་སྤེལ་བས། ན་ནིང་ཁེ་སྤོགས་སྒོར་ཁྲི14. 6ཙམ་ཐོབ་པ་དང་། སྡེ་བ4བོར་སོ་སོར་སྒོར་ཁྲི3. 65རེ་བགོ་བཤའ་བརྒྱབ་ཡོད་པས། ཚང་མར་ཐུན་མོང་འཕེལ་རྒྱས་ཀྱི་ཁེ་བཟང་རག་ཐུབ་པར་བྱས་ཡོད།
ཏང་མི་རྒན་པ་མ་ཧྲིན་ཧྥུ་ཡིས་རེ་ལྟོས་ངང་བཤད་རྒྱུར། རང་རེའི་མདོ་ལའི་ལུག་དེ་རྒྱལ་ཁབ་ཀྱི་ཡིག་ཚང་ནང་ཚུད་པར་མ་ཟད། ད་དུང་རྒྱལ་ཡོངས་ཀྱི་སྤུས་ལེགས་ཐོན་རྫས་གསར་བའི་ནང་ཚུད་ཡོད་དེ། མདོ་ལའི་ནོར་གནག་དང་། མདོ་ལའི་ཤ་མོ་སེར་པོ་སོགས་ཀྱི་མཚན་སྙན་ཇེ་ཆེ་ཇེ་རྒྱས་སུ་སོང་ཚེ། ལྷད་མེད་སྐྱེ་ལྡན་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་སྔར་ལས་ཇེ་མཐོར་འགྲོ་ངེས་རེད་ཟེར།
འགྲམ་དུ་ཡོད་པའི་སྡེ་སྡོད་ཧྲུའུ་ཅི་གཞོན་པ་བན་ཧའེ་ལན་གྱིས་ཟིན་བྲིས་དེབ་ཀྱི་ཁ་ཕྱེས་ཚེ། རྩིས་ཐོ་དེ་ནི་ཁ་གསལ་དག་སྒྲིག་ཡིན་པ་སྟེ།“ན་ནིང་ང་ཚོའི་རྩྭ་སའི་ཡོང་སྒོ་ལ་སྒོར་འབུམ་གཅིག་དང་ཁྲི་ལྔ་ཡོད་པ་དང་། གསོ་སྐྱོང་རྟེན་གཞིའི་ཡོང་འབབ་སྒོར་ཁྲི་དགུ་དང་སྟོང་ལྔ། སྐྱེ་འཕེལ་རྒྱ་བསྐྱེད་རྣམ་གྲངས་ལ་སྒོར་འབུམ་གཅིག་དང་ཁྲི་བཞི། ཉོ་ཚོང་ཁྲོམ་རའི་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་ལྔ་བཅས་ཁྱོན་བསྡོམས་སྒོར་འབུམ་དྲུག་ཁྲི་གཉིས་སྟོང་བཞི་ལྔ་བརྒྱ་ཡི་ཡོང་སྒོ་ཡོད། ཐོན་ལས་སྦྲེལ་ཐག་སྦྲེལ་བ་དང་། སྡེ་བ་སྤྱིའི་ཡོང་སྒོ་འཕར་ཞིང་། ཚོགས་མའི་ཁེ་སྤོགས་ཡང་ཇེ་མང་དུ་སོང་། ཚང་མས་ཤོད་དང་། ད་ལོའི་དམིགས་འབེན་སྒོར་ག་ཚོད་བཞག་ན་འགྲིག་གམ།”
སྐལ་བཟང་རྡོ་རྗེ་ཡིས་འཛུམ་བཞིན་དུ་ཟིན་བྲིས་དེབ་ཐོག་ཏུ་“སྒོར་འབུམ་བདུན+”ཅེས་བྲིས་པ་དང་། བློ་བརྟན་པོའི་ངང་བཤད་རྒྱུར།“ ད་ལོའི་རང་སྡེ་བའི་དམིགས་འབེན་ནི་སྒོར་འབུམ་བདུན་ཡན་ཡིན་ལ། སྡེ་བ་སྤྱིའི་དཔལ་འབྱོར་ནི་སྔར་ལས་བཟང་བ་དང་། ཀུང་ཟི་དང་སྡེ་བ་གང་ཡིན་རུང་སྔར་ལས་འབྱོར་ཕྱུག་ལྡན་པར་བྱས་ནས། སྡེ་མིའི་ཡོང་འབབ་འཕར་སྣོན་ཡོང་བར་བྱས་ཡོད་ཟེར།”
ཕྱི་དྲོའི་ཆུ་ཚོད་གསུམ་གྱི་ཐོག་ཏུ། ས་སྲོད་ཀྱི་ཉི་འོད་མཁར་དམར་གནའ་མཁར་ངོས་སུ་འཕྲོས་པ་དང་། ཆོན་ཨར་རི་བོའི་དར་དཀར་ལམ་གྱི་རྒྱང་བསྐྱོད་སྒར་སའི་ནང་། ཐུན་མོང་མ་ཡིན་པའི་“ཏང་གི་བརྗོད་བྱའི་ཉིན་མོ”ཡི་གཏམ་བཤད་ཀྱི་མགོ་རྩོམ་བཞིན་འདུག ཐག་མི་རིང་སའི་སྐོར་ལམ་རྩྭ་ཐང་དུ། འབྲོག་པའི་སྤྲོ་གསེང་གཞིས་ཁྱིམ་སུམ་ཅུ་ལྷག་གནས་ཡོད་པ་དང་། ཚོང་གཉེར་མཁན་རྣམས་ཀྱིས་ཡུལ་སྐོར་རྒྱས་དུས་སྔོན་གྱི་ཁོམ་གསེང་འདི་དང་བསྟུན་ནས་ཅོག་ཙེ་དང་རྐུབ་སྟེགས་གྲ་སྒྲིག་དང་། ལམ་ཐིག་ཇུས་འགོད་བྱེད་པ་སོགས་འདུ་འཛིས་ཁེངས་ཡོད།
ན་ནིང་གསར་དུ་བཙུགས་པའི་མཁར་དམར་སྐོར་ལམ་གྱི་ལས་རྣམ་གསར་བའི་བྱེད་ནུས་ཅན་གྱི་ཏང་ཀྲི་པུའུ་ནི་ད་ལྟ་མདོ་ལ་རྫོང་གི་ཆེས་ཐོག་མའི་འབྲོག་པའི་སྤྲོ་གསེང་གཞིས་ཁྱིམ་གྱི་ཏང་རྩ་འཛུགས་སུ་གྱུར་ཡོད། ལོ་གཅིག་གི་རིང་། “ལས་རྣམ་གསར་བའི་སྡོང་བོ”དེའི་ཡལ་འདབ་ཕྱོགས་བཞིར་རྒྱས་ཡོད། ཀྲུན་ཀྲང་གཞོན་པ་མཱ་ཁྲིན་ཝེ་དང་། ཀྲི་པུའུ་ཏང་ཡོན། འབྲོག་པའི་སྤྲོ་གསེང་གཞིས་ཁྱིམ་གྱི་འགན་འཁུར་བ་བཅས་མཉམ་དུ་འཛོམས་ནས་ཐད་ཀར་དུ་བཤད་རྒྱུར། “ད་ལོའི་ཡིག་ཆ་ཨང་དང་པོའི་ནང་བཀོད་ཡོད་པ་ལྟར། གཏིང་ཟབ་པའི་སྒོ་ནས་ཞིང་ཕྱུགས་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་། ཞིང་གྲོང་ཡུལ་སྐོར་ལས་རིགས་རིམ་འཕར་ལ་སྐུལ་འདེད་བཏང་ནས། “ཆུང་ལ་མཛེས་པའི”རིག་གནས་ཡུལ་སྐོར་ལས་རྣམ‘འཕེལ་རྒྱས་སུ་གཏོང་དགོས། ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་ནི། ཇི་ལྟར་“རྟ་རྒྱབ་ཀྱི་དཔལ་འབྱོར”ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་དེ་ཡིན་ཟེར།”
ཏང་ཡོན་མཱ་ཅིན་ཅོན་གྱིས་ལག་ཏུ་འཆར་འགོད་དཔེ་རིས་བཟུང་ནས“ཀྲེན་ཀྲང་མཱ་ལགས། ན་ནིང་ཀྲི་པུའུ་ཡིས་ང་ལ་རོགས་བྱས་ཏེ་ལས་གནས་གཏན་སྲུང་བྱས་པས་བྲེལ་བ་ཆེ་བའི་དུས་སུའང་ཆད་ལྷག་བྱུང་མ་མྱོང་། ད་ལོ་ངས་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གཉིས་ཉོས་ནས་གཞི་རྒྱ་ཆེ་རུ་གཏོང་འདོད་ཡོད་མོད། འོན་ཀྱང་ང་གཅིག་པུས་བསྒྲུབ་ཚེ་ཉེན་ཁ་འབྱུང་བར་སྐྲག་པས་ཁྱེད་ཀྱིས་སྣེ་ཁྲིད་ནས‘རྟའི་ཐོན་ལས་མཉམ་འབྲེལ’བཙུགས་ནས་ཚང་མས་མཉམ་དུ་བསྒྲུབ་ན་ཆོག་གམ། ”ཞེས་བཤད་པ་ན། མཱ་ཁྲེན་ཝེ་ཡིས་ཉན་ཞོར་དུ་ཟིན་ཐོར་བཀོད་དེ་མགོ་བོ་ལྡེམ་ཙམ་བྱས་ནས“ད་ལོ་ང་ཚོས་རྟའི་ཐོན་ལས་མཉམ་འབྲེལ་བཙུགས་ནས་ཞབས་ཞུའི་ཚད་གཞི་གཅིག་གྱུར་དང་། གཅིག་གྱུར་གྱི་ལམ་ཐིག་གསར་སྤེལ། ཚོང་རྟགས་ཁྱབ་གདལ་བཅས་གཅིག་གྱུར་བྱ་དགོས། དེ་ནས་རྟའི་རིག་གནས་མྱོང་རོལ་གྱི་སྡེབ་ཚོང་རིགས་ཆ་ཚང་མཁོ་འདོན་བྱེད་དགོས་ཏེ། སྔ་དྲོར་གྱོན་པ་བརྗེས་ནས་རྟ་ལ་ཞོན་ནས་པར་ལེན་པ་དང་། ཉིན་གུང་གུར་ཆེན་ཨང་རྟགས9པའི་ནང་རྩྭ་ཐང་གི་རྒྱ་ཁོག་ཟོས་ནས་ཡུལ་ལྗོངས་དངོས་ལ་བལྟ་བ། ཕྱི་དྲོར་རྟ་ཞོན་ནས་མདོ་ལ་རི་བོར་བརྒལ་བ་དང་། དགོང་མོར་གུར་ཕུབ་ནས་སྐར་མ་ལ་བལྟ་བ་སོགས་གཅིག་རྗེས་གཉིས་མཐུད་ཀྱི་རོལ་མྱོང་འདི་དག་ཇི་ལྟར་གཏམ་རྒྱུད་ཀྱི་ལམ་ནས་ལེགས་པོར་བཤད་མིན་ལ་བལྟ་དགོས། ”ཞེས་བཤད་ཚར་མ་ཐག་ཏུ། ཁོང་གིས“འདིའི་རྗེས་ནས་ང་ཚོས་ལས་གཞི་བརྩོན་ལེན་བྱས་ཏེ་རྟ་ཐོག་འགྲེལ་བཤད་པ་དང་སྐྱེ་ཁམས་སྣེ་ཁྲིད་པ་སོགས་ལས་གནས་གསར་པ་གསར་སྤེལ་བྱས་ཏེ་རིགས་སོ་སོའི་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་དང་། ལས་བཏོད་དང་ལས་དར་བྱས་ཏེ‘དར་ལམ་གནའ་གྲོང་། སེར་ཤའི་ཕ་ཡུལ། ’ཞེས་པའི་མིང་བྱང་སྔར་བས་གསེར་འོད་ཆེམ་ཆེམ་དུ་གཏོང་དགོས། ”ཞེས་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད་ཟེར།
ཕྱི་དྲོའི་ནུབ་ཁའི་ཉི་འོད་འོག་གཞུང་ལམ་ཨང9པ་དེ་གསེར་འོད་ཆེམ་ཆེམ་བྱེད་ཀྱིན་ཡོད་ཅིང་། སྐབས་འདིར་མཁར་དམར་གྲོང་རྡལ་དུ་སྲིད་ཇུས་སྒྲོག་སྤེལ་དང་ཐོན་ལས་འཕེལ་རྒྱས་མཉམ་དུ་དར་སྤེལ་བྱུང་ཡོད་པ་དང་། སྲོལ་རྒྱུན་ཕྱུགས་ལས་དང་གསར་དར་ལས་རིགས་མཉམ་འདྲེས་མཉམ་གནས་བྱུང་ཡོད།
མཁར་དམར་གྲོང་རྡལ་ཏང་ཨུ་ཧྲུའུ་ཅི་མ་ཆི་ཆང་གིས་ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ཚོས་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད། མཁར་དམར་གྲོང་རྡལ་གྱིས་གཅིག་བསྡུ་སྒྲོག་སྤེལ་གྱི་རྣམ་པ་དང་ཁག་དབྱེ་འགྲེལ་བརྗོད་ཀྱི་རྣམ་པ། སྤྲིན་སྣེའི་ཁྱབ་བསྒྲགས་ཀྱི་རྣམ་པསོགས་སྒྲོག་སྤེལ་བྱ་ཐབས་སྤྱད་དེ་འབྲོག་ཁྱིམ་དང་། གཅིག་བསྡུས་དཔལ་འབྱོར་རྩ་འཛུགས། རྒྱལ་ཁབ་སྤྱི་གླིང་སོགས་སུ་བསྐྱོད་དེ་ཞིང་དར་ཞིང་ཕན་གྱི་སྲིད་ཇུས་དེ་ཇི་མ་ཇི་བཞིན་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཁྲོད་བརྒྱུད་བསྒྲགས་བྱས་ཡོད། གནད་ལ་འཁེལ་བའི་སྒོ་ནས་སྒྲོག་སྤེལ་བྱས་པས་མང་ཚོགས་ཀྱིས་སྲིད་ཇུས་ཀྱི་དོགས་གནད་ཀྱི་ཁ་ཕྱོགས་གསལ་བོར་བཏང་ཡོད། བསམ་བློའི་དོགས་གནད་སེལ་བའི་ཁྲོད་ཐུན་མོང་གི་འདུ་ཤེས་གཅིག་སྡུད་བྱེད་པ་དང་། ལག་ལེན་དངོས་ཀྱི་མཛུབ་ཁྲིད་ཁྲོད་ཐབས་ཤེས་རྙེད་ཡོད་ལ། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་གསུང་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་ལ་སྣེ་ཁྲིད་དེ། དངོས་ཡོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་མཐོ་སྒང་གི་གནའ་གྲོང་ཀྱི་དཔྱིད་རླབས་རྒྱུན་མཐུད་ངང་འཕྱུར་བ་དང་། གྲོང་གསེབ་དར་རྒྱས་ཀྱི་གོམ་སྟབས་སྔར་བས་བརྟན་པོར་གཏོང་ཐུབ།
དངོས་སྦྱོང་སློབ་མ་རྡོ་རྗེ་ཚེ་སྒྲུབ་དང་ཀླུ་རྒྱལ་དོན་འགྲུབ། ་སྙིང་མོ་རྒྱལ་བཅས་ཀྱིས་བསྒྱུར།