ཁྱིམ་གྱི་སྒོ་མདུན་གྱི་གཏམ་རྒྱུད་ལ་ཉན་མཁན་ཡོད་པར་གྱུར།

ཁུངས། ཀློག་གྲངས།

ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ནན་ཁྲོན་ཤར་ལམ་རུའེ་ཁྲི་སྡེ་ཁུལ།

དགུན་གནང་གི་སྐབས་སུ་ཕྱིར་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མས་ཝུན་ཐིན་སྲང་ལམ་སྡེ་ཁུལ་དུ་དངོས་སྦྱོང་གི་ལས་གནས་འདྲི་རྩད་བྱེད་བཞིན་པ།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཝུན་ཐིན་སྲང་ལམ་སྡེ་ཁུལ་རིག་ནུས་དོ་དམ་སྟེགས་བུ།

ཟླ་གསུམ་པར་དཔྱིད་འགོ་ཚུགས་པ་དང་བསྟུན་ནས། རྒྱལ་ཡོངས་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་འཚོགས། དཔྱིད་ཀར་བསྡུས་པའི་ཚོགས་ཆེན་གཟབ་རྒྱས་དེ་ནི་འཐུས་མི་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་ལས་དོན་མཉམ་དུ་གྲོས་མོལ་བྱེད་པའི་བརྗིད་ཉམས་ལྡན་པའི་ཚོགས་ཆེན་ཞིག་ཡིན་པ་མ་ཟད།    “བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར”ལྟ་ཞིབ་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཀྱང་རེད།

མཚོ་སྔོན་ནས་ཡོང་བའི་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་ཞིང་ལས་ཐད་རྟོག་ཞིབ་བྱས་པའི་གནས་ཚུལ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་སེམས་གཏམ་དང་རེ་སྒུག་འཁྱེར་ནས་པེ་ཅིང་དུ་བསྐྱོད་དེ“རྒྱལ་དོན་གྲོས་ཚོགས”སུ་ཞུགས།

ཟླ3པའི་ཚེས6ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་སྒོ་འབྱེད་ཚོགས་པའི་ཚན་ཆུང་གི་བྱེད་སྒོ་དུས་ལྟར་སྤེལ་ནས། རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་ལ“གྲོས་དོན་སྒེའུ་ཁུང”ཕྱེ་སྟེ། དམངས་གཙོའི་དྲོད་འཁོལ་མི་སེམས་སུ་ཟུག་པར་བྱས།

“ད་ལྟའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་གྱི་ས་གཞི་ཆེན་མོར་ནམ་མཁའ་སྔོ་ཞིང་བསངས་ལ། རི་བོ་ལྗང་མདོག་ལྡན་པ། ཆུ་མོ་དྭངས་ཤིང་གཙང་པས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱས་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱ་རྒྱུ་དེ་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་དང་རང་རྟོགས་ཀྱི་བྱ་སྤྱོད་ཆེ་ཤོས་ཤིག་ཏུ་གྱུར་ཡོད”ཅེས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ལྷག་བསམ་ཟོལ་མེད་ངང་དེ་ལྟར་ལན་བཏབ་པ་དང་། མཚོ་སྔོན་གྱི་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྣམ་པ་གསར་པ་མཉམ་སྤྱོད་བྱས།

“ན་ནིང་མཚོ་སྔོན་གྱིས་དམངས་བདེའི་ཟམ་པ500བསྐྲུན་པ་དང་། ཟམ་པ་ཆུང་ངུ་བསྐྲུན་པའི་རྣམ་གྲངས་དེ་དག་གི་སྟེང་དུ་མཚོ་སྔོན་གྱི་དམངས་འཚོའི་ཐད་མ་དངུལ་གཏོང་བའི་གཏན་ཚིགས་གང་འདྲ་ཞིག་ཡིན་པ་མཚོན་ཐུབ་བམ།”བྱེད་སྒོའི་ཡུལ་དངོས་སུ། སྨྱན་བྱད་གསར་འགོད་པས་དམངས་འཚོ་དང་སྐྱེ་ཁམས། འཕེལ་རྒྱས་སོགས་ཀྱི་གླེང་གཞི་གཙོ་བོ་གཅིག་རྗེས་གཉིས་མཐུད་དུ་དྲིས་པ་དང་། འཐུས་མི་ཚོས་དལ་ལྷོད་ངང་དྲི་བ་རེ་རེར་ལན་བཏབ། སྒོ་འབྱེད་རྣམ་འགྱུར་ནི་མི་དམངས་རང་ཁྱིམ་རང་བདག་གི་མངོན་ཚུལ་ཞིག་ཡིན་ལ།    མཚོ་སྔོན་གྱིས་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པ་དང་དམངས་གཙོའི་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པའི་མཚོན་ཚུལ་མངོན་གསལ་ཞིག་ཀྱང་ཡིན། 

ལེ་དབར་སྟོང་ཕྲག་གིས་ཆོད་པའི་ཟི་ལིང་དུ་དམངས་ཀྱི་སྐད་ཆ་ཉན་པ་དང་དམངས་ཀྱི་འདོད་བློ་སེལ་བའི་བཞུགས་མོལ་ཚོགས་འདུས་ཀྱང་མི་སེམས་ལ་དྲོད་འཁོལ་སྦྱིན།

ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོར། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཝུན་ཧུའེ་སྲང་ལམ་དུ། སྡོད་དམངས་ཚའོ་ཆིན་དབྱིན་གྱིས་སྲང་ལམ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཞི་ཅིན་པའོ་མཐོང་སྐབས། མོས་སྤྲོ་སེམས་ཆེན་པོས་ངས་བཏོན་པའི་གྲོས་གཞི་དེ་ཟླ་ཕྱེད་ཙམ་འགོར་རྗེས་ལག་བསྟར་བྱས་ཟིན་ཟེར།

མི་མང་པོ་ཞིག་གིས་དམངས་གཙོ་ནི་ཅི་ཞིག་ཡིན་ནམ་ཞེས་འདྲི་སྲིད།

དོན་དངོས་སུ་དེ་ནི་མང་ཚོགས་ཀྱི་སྐད་ཆར་ཉན་མཁན་ཡོད་པ་དང་སེམས་འདུན་ལ་དོ་སྣང་བྱས་ཏེ། མཇུག་མཐར། སེམས་ཀྱི་རེ་སྒུག་མངོན་འགྱུར་བྱེད་ཐུབ་པ་དེ་རེད།  ཝུན་ཧུའེ་སྲང་ལམ་ཅིན་ཙའོ་སྡེ་ཁུལ་དུ་ཁ་དོག་མངོན་པར་གསལ་བའི་རྐུབ་སྟེགས་གསར་བ་སྐོར་ཞིག་གྲལ་འགྲིག་པོའི་ངང་སྒྲིག་ཡོད་ལ། ལོ་ལོན་སྐོར་ཞིག་དེ་གར་འཛོམས་ནས་ཉི་མར་ལྡེ་བ་དང་ཁ་བརྡ་བྱེད་ཀྱིན་ཡོད། བྱིས་པ་རྣམས་ཀྱིས་གནས་དེ་རུ་རྩེད་འཇོ་རོལ་གྱིན་ཡོད་པས་བདེ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད། རྐུབ་སྟེགས་དེ་དག་ནི་ཚའོ་ཆིན་དབྱིན་གྱིས་གྲོས་གཞི་བཏོན་དེ་བླངས་པའི་གྲུབ་འབྲས་རེད།

ཚའོ་ཆིན་དབྱིན་གྱིས་བཤད་རྒྱུར།“ས་སྟོང་དེ་ནི་ཡངས་ཤིང་རྒྱ་ཆེ་ལ་ཉི་མ་ཤར་བས་རྒན་པ་རྣམས་གནས་དེ་རུ་ཉི་མར་ལྡེ་རྒྱུར་དགའ་ལ། ཧའོ་ཧྲོ་ལུང་པའི་འགྲམ་དུ་ཡོད་པས་སྤྲོ་གསེང་བྱེད་མཁན་ཡང་མང་པོ་ཡོད།     དེ་སྔོན་གྱི་རྐུབ་སྟེགས་རྙིང་པ་དེ་དག་མིག་ལ་མི་མཛེས་པ་མ་ཟད་བདེ་འཇགས་ཀྱང་མ་རེད།”  མོས་ཚོད་ལྟ་ཞིག་བྱེད་པའི་སེམས་ཁམས་ཀྱིས་གྲོས་གཞི་དེ་བཏོན་པས།“བསམ་ཡུལ་ལས་འདས་པ་ཞིག་ལ་དོན་དག་ཆུང་ཆུང་དེ་འདྲ་ཞིག་ལ་སྲིད་གཞུང་གིས་མཐོང་ཆེན་བྱས་པ་མ་ཟད། ད་དུང་མགྱོགས་ཤིང་ལེགས་པར་བསྒྲུབས། མང་ཚོགས་ཀྱིས་སྐད་ཆ་བཤད་ན་ཕན་ཐོགས་ཆེན་པོ་ཡོད་པས་སེམས་ལ་དྲོད་འཁོལ་ཆེན་པོ་ཞིག་སྦྱིན”ཟེར།

ཝུན་ཧུའེ་སྲང་ལམ་དུ་མང་ཚོགས་ཀྱི་རེ་ཞུ་ལ་ཨ་ལན་སློག་ཏེ་ཕན་ནུས་ཆེ་བའི་སྒོ་ནས་སྒྲུབ་པའི་རྣམ་པ་དེ་རྒྱུན་རྣམ་ཞིག་ཏུ་གྱུར་ཡོད།

དམངས་ཀྱི་འདོད་བློ་བཤེར་རིས་བརྒྱུད་དེ་བཤད་པ་དང་དོན་དག་མགྱོགས་པོར་སྒྲུབས། ཐོག་ཁང་གི་སྒོའི་སྟེང་གི་བཤེར་རིས་དེ་སྡོད་དམངས་ཀྱི་གནད་དོན་དང་འདོད་བློ་བརྗོད་སའི་མྱུར་བགྲོད་ལམ་བུ་ལྟ་བུར་གྱུར་ཡོད། དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་ཁ་པར་གྱིས་བཤེར་རིས་སྤྱད་དེ་བཤད་ཐུབ་པས། གང་སར་འགྲོ་མི་དགོས་ལ་སྒུག་ཀྱང་མི་དགོས་པ་དང་སྟབས་བདེ་ལ་ཕན་པ་ཡོད་པ་ཞིག་རེད། རིག་ནུས་སྡེ་ཁུལ་གྱི་སྟེགས་བུའི་ཁ་ཕྱེས་པ་ན། འཕྲོད་བསྟེན་དང་གཙང་སྦྲ། སྒྲིག་བཀོད་སླར་གསོ། འགལ་བ་དང་རྩོད་གཞི་སོགས་རིགས7གྱི་དམངས་འཚོའི་དོན་དག2000ལྷག་ཙམ་ལས་བྱ་བ་ཚང་མར་ལན་སློག་པ་དང་། བྱ་བ་ཚང་མ་དོན་འཁྱོལ་བྱས་པ་དང་ཕན་འབྲས་ཐོན་ཡོད།

སྲང་ལམ་གྱི་ཧྲུའུ་ཅི་གཞོན་པ་སང་ཝུན་ཅུན་གྱིས་གློག་ཀླད་ཀྱི་འཆར་ངོས་བསྟན་ནས་གསར་འགོད་པར་བཤད་རྒྱུར། ཁྱོད་ཀྱིས་ལྟོས་དང་། སྡོད་དམངས་ཀྱིས་གད་སྙིགས་སྒམ་བཀང་ཡོད་པའི་གནས་ཚུལ་བཤད་པ་ན། སྡེ་ཁུལ་ལ་ཐོག་མའི་དུས་ཚོད་ནང་ཆ་འཕྲིན་འབྱོར་དེ་ཐག་གཅོད་བྱས་པ་དང་། དོན་དག་སྒྲུབ་ཚར་རྗེས་སྡོད་དམངས་ལ་ལན་སྟེར་གྱིན་ཡོད། སྡོད་དམངས་ཀྱི་ཡིད་ཚིམས་ཚད་ནི་ང་ཚོའི་བྱ་བའི་ཚད་གཞི་ཉག་ཅིག་ཡིན་ཟེར།

སྡོད་དམངས་ཀྱིས་སྐད་འཕྲིན་དྲ་ཚོམས་སུ་བཤད་པའི་སྐད་ཆ་དང་དུས་རྒྱུན་བཏོན་པའི་གྲོས་གཞི་དག་ལ་ལས་བྱེད་མི་སྣས་ནན་ཏན་གྱིས་བལྟ་བ་དང་ཞིབ་མོར་ཐོ་འགོད་བྱེད་བཞིན་ཡོད། སང་ཝུན་ཅུན་གྱིས་བཤད་རྒྱུར། “ལག་ལེན་ཁྲོད་ང་ཚོའི་གནད་དོན་མང་པོ་ཞིག་འཕྲལ་རྒོལ་དག་ཐེར་ལ་བརྟེན་ནས་སྒྲུབ་ན་གནས་སྐབས་སུ་བཅོས་སྐྱོང་བྱེད་པ་ལས་རྩ་བཅོས་བྱེད་མི་ཐུབ། དཔེར་ན། དམངས་སྲོལ་གནས་ཚང་ཟང་ཟིང་དང་།  འཛེར་སྒྲས་དམངས་ལ་གནོད་འཚེ་གཏོང་བ་སོགས་གཙང་སེལ་བྱས་རྗེས་སླར་ཡང་འབྱུང་པ་དང་ཡང་ཡང་ཐོན་པ་སོགས་ཡོད་པས་ངེས་པར་དུ་ཡུན་ཕན་རྐྱེན་སྲོལ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཟེར།

དེར་བརྟེན། ང་ཚོས་སྣེ་ཁྲིད་དེ་སྤྱི་བདེ་དང་གྲོང་ཁྱེར་ལྟ་སྐུལ། མེ་ཟོན་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས། “ཚོང་ཚོགས་དྲ་མིག་ཆུང་གྲས་མཉམ་ཞུགས་ཚོགས་འདུ”བཙུགས་ཏེ། དམངས་སྲོལ་ཐད“དམར་སེར་ལྗང”བཅས་མདོག་གསུམ་གྱི་འགུལ་རྣམ་དོ་དམ་བྱས། རྐྱེན་སྲོལ་ལག་བསྟར་བྱས་མ་ཐག དུས་ཡུན་རིང་པོར་མང་ཚོགས་ལ་དཀའ་ངལ་བཟོ་བའི་གནད་དོན་དེ་ལམ་ལུགས་ཅན་དུ་འགྱུར་བའི་ཐག་གཅོད་ཇུས་གཞི་ཡོད་པར་གྱུར་ལ།     མང་ཚོགས་ཀྱི་ཐབས་ཤེས་དེ་དཀའ་གནད་ཤེས་རྟོགས་དང་ཡུན་རིང་ལ་དོ་དམ་བྱེད་ཐུབ་པ། དམངས་འཚོ་ལ་ཕན་པ་བཅས་ཀྱི་ཐབས་ཤེས་བཟང་བོར་གྱུར་ཡོད།   

“སྒོར་ཅོག་ཕྱོགས་ཁག་གི་དམར་པོའི་སྡེ་ལས་གྲོས་དོན་ཁང་དང་། ”“ཁེ་ལས་ཀྱི་མཉམ་ཞུགས་གྲོས་དོན་ཚོགས་འདུ།”“ དྲ་ཐོག་གི་གྲོས་དོན་ཚོགས་པ”བཅས་དངོས་ཡོད་དང་འབྲེལ་བ་དམ་པོ་ཡོད་པའི་གྲོས་དོན་སྟེགས་བུ་འདི་དག་གིས་མང་ཚོགས་ཀྱི་སེམས་གཏམ་ངོ་མ་གཅིག་ཏུ་བསྡུས་པ་དང་། གྲོང་ཁྱེར་ཞིབ་ཕྲའི་བཅོས་སྐྱོང་བྱེད་པའི་བྱེ་བྲག་གི་བྱ་བའི་ཁྲོད་འདྲེས་ནས། དམངས་གཙོའི་དྲོད་རྒྱུན་གྱིས་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོད་འཁོལ་སྦྱིན།

དམངས་གཙོ་དེ་སྡེ་ཁུལ་ཙམ་མ་ཡིན་པར་གཞན་པའི་ཕྱོགས་གང་སར་ཁྱབ་ཡོད།

དམངས་གཙོ་གཞི་རིམ་ནས་དེ་ལས་མཐོ་བའི་ཐབས་ཇུས་རིམ་པར་ཁྱབ་སྟེ། མང་ཚོགས་ཀྱི་བློ་གྲོས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་སུ་ཚུལ་སྒྱུར་བྱེད་ཐུབ།

ཟླ1པོའི་ཚེས28ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཉམ་འབྲེལ་ཚན་ཆུང་གི་གྲོས་སྡུར་ཡུལ་དངོས་སུ་བརྩེ་བས་ཁེངས་ཡོད་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་ཨུ་ཡོན་རྣམས་ཚོགས་ཁང་གཅིག་ཏུ་འཛོམས་ནས། མཉམ་དུ་འཕེལ་རྒྱས་གླེང་ཞིང་མ་འོངས་པར་གྲོས་སྡུར་བྱས།

འོད་ནུས་དང་ཚ་ནུས་ཀྱིས་གློག་འདོན་པ་དེས་ནུས་ཁུངས་ཚུལ་སྒྱུར་ཐད་ལྗང་མདོག་སྒུལ་ཤུགས་འདོན་སྤྲོད་བྱེད་ཐུབ་རུང་། ལག་རྩལ་དང་མ་རྩའི་གནད་དོན་ཆེན་པོ་འདི་གཉིས་སྔར་བཞིན་ཐག་གཅོད་བྱེད་དགོས། ཁེ་ལས་ཀྱིས་དགོས་མཁོ་འདོན་པ་དང་སྲིད་གཞུང་གིས་ལས་འགན་བགོ་བ། གནད་དོན་དངོས་སུ་ཐག་བཅད་དེ་གྲུབ་འབྲས་དང་ཕན་འབྲས་ཐོན་པར་བྱེད་པ་བཅས་ཀྱི་རྣམ་པ་ལག་ཏུ་བསྟར་ནས། ལག་རྩལ་འདོན་སྤྲོད་ཀྱིས་ཁེ་ལས་ཀྱི་དགོས་མཁོ་དང་གནད་འཁེལ་སྦྲེལ་མཐུད་བྱེད་དགོས། དག་གཙང་ནུས་ཁུངས་དང་ཞིང་ཕྱུགས་ཐོན་རྫས་ལས་སྣོན། སྐྱེ་ཁམས་ཡུལ་སྐོར་སོགས་གྲོས་གཞིར་དམིགས་ནས། ཨུ་ཡོན་རྣམས་ཀྱིས་སོ་སོའི་ལྟ་ཚུལ་བཤད་པ་དང་ལྷག་བསམ་རྣམ་དག་གིས་བསམ་འཆར་བཏོན་ཞིང་། དངོས་གཉེར་གྲོས་གཞི་རེ་རེ་ནན་གྱིས་ཟིན་ཐོར་བཀོད་ལ་རིམ་གྱིས་དྲིས་ལན་བཏབ།

ལུའོ་ཏུང་ཁྲོན་གྱིས་དེ་རིང་གི་གྲོས་གཞི་ཚང་མ་ངས་སྡེ་ཁག་རེ་རེར་སྤྲད་ནས་ནན་གྱིས་ཞིབ་འཇུག་བྱེད་དུ་འཇུག་རྒྱུ་ཡིན་ལ། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་མུ་མཐུད་དུ་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཞེས་པའི་སེམས་རྩ་དྲོ་བའི་སྐད་ཆ་འདིས་ཨུ་ཡོན་རྣམས་ཀྱི་ངར་ཤུགས་བསྐྱེད་པར་བྱས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན300ལྷག་གིས་སྲིད་གྲོས་ཀྱི་སྟེགས་བུ་སྦྲེལ་ཐག་ཏུ་བྱས་པ་དང་། ལས་རིགས་སོ་སོའི་མང་ཚོགས་ཀྱི་རེ་འདུན་དེ་འགན་སྒྲུབ་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས། ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་དེ་དག་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་དུ་གཅིག་སྡུད་བྱས།

མཚོ་སྔོན་ལི་ཀྲའོ་ཁྲིམས་རྩོད་ལས་དོན་ཁང་དུ་སོང་བ་ན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་བཅའ་ཁྲིམས་ཞབས་ཞུ་ཨུ་ཡོན་གྱི་བྱ་བའི་ས་ཚིགས་ཞེས་པའི་སྒོ་བྱང་མིག་མདུན་དུ་གསལ་ལེར་མངོན་ཡོང་། གནས་འདི་ནི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལིའུ་ཝུན་ཡུས་ཀྱི་བྱ་བ་སྒྲུབ་ས་ཡིན་པར་མ་ཟད། ཁོས་མང་ཚོགས་ཀྱི་སེམས་གཏམ་ལ་ཉན་པ་དང་དམངས་ཀྱི་འདོད་བློ་གཅིག་ཏུ་བསྡུ་བའི་གནས་ཡུལ་གཙོ་བོའང་ཡིན།

ན་ནིང་གི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་། ལིའུ་ཝུན་ཡུས་ཀྱིས་ལས་རྨས་ལས་བཟོ་པའི་ཁེ་དབང་འགན་སྲུང་སྐོར་གྱི་གྲོས་གཞི་ཞིག་ཡར་སྤྲད་པ་དང་། གྲོས་གཞི་དེ་ནི་ཁོའི་ཉེ་འགྲམ་གྱི་ལས་གྲོགས་དང་མང་ཚོགས་ཀྱིས་དངོས་སུ་བཏོན་པ་རེད། ཐེངས་མང་རྟོག་ཞིབ་དང་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། ཁོས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་དེ་དངོས་ཡོད་ཡིན་ལ་ལག་ཏུ་བསྟར་ཐུབ་པའི་གྲོས་གཞི་ཞིག་ཏུ་བྲིས་པས། མཇུག་མཐར་འབྲེལ་ཡོད་སྡེ་ཁག་གིས་དང་ལེན་བྱས་པར་མ་ཟད་དངོས་འབེབས་བྱས་པ་རེད།

བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ནི་ཁ་ནས་སྐད་ཆ་ཡག་པོ་བཤད་པ་དང་ཡིག་ཐོག་ནས་ལན་ཡག་པོ་བྲིས་པ་དེ་འདྲ་ཞིག་མ་ཡིན་པར། བཤད་པའི་སྐད་ཆས་གོ་ཆོད་པ་དང་བསྒྲུབ་པའི་བྱ་བ་འགྲུབ་པ་ཞིག་ཡིན།

གྲོས་གཞི་སྒྲུབ་པའི་བརྒྱུད་རིམ་ཁྲོད། མི་དོན་སྡེ་ཁག་གིས་ཕན་ཚུན་བར་ཡིག་ཆ་བསྐུར་བ་ཙམ་གྱིས་མི་ཆོག་པར།  ཐེངས་མང་པོར་སྒོ་མདུན་དུ་བཅར་ནས་དངོས་སུ་གྲོས་མོལ་བྱས་ཏེ། བྱ་བ་དངོས་སུ་དོན་ཐོག་ཏུ་འཁྱོལ་བར་བྱས།

སྲིད་ཇུས་ཀྱི་གྲུབ་འབྲས་དངོས་མགྱོགས་མྱུར་ངང་དངོས་འབེབས་བྱས་པ་སྟེ། 2025ལོའི་ཟླ7པའི་ཚེས1ཉིན། 《མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་ནུས་ཤུགས་གསལ་འབྱེད་བྱ་བའི་སྒྲིག་སྲོལ》དངོས་སུ་ལག་བསྟར་བྱས། ཟི་ལིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལས་རྨས་ཚན་ཁག་གི་ལས་བྱེད་མི་སྣས་གསར་འགོད་པར་ངོ་སྤྲོད་བྱས་དོན། ད་སྐབས་ལས་རྨས་ཕོག་པའི་ལས་བཟོ་པ་ཡར་མར་ལ་རྒྱུག་མི་དགོས་པར། ལས་སྒྲུབ་ལས་རིམ་སྔར་ལས་ཇེ་ཉུང་དུ་བཏང་བ་དང་། ཐག་ཉེ་ས་ནས་ལས་རིམ་ཐག་གཅོད་ཐུབ་པས་སྔར་ལས་སྟབས་ཇེ་བདེར་གྱུར་ཡོད། ང་ཚོའི་ལས་བྱེད་མི་སྣར་མཚོན་ནས་བཤད་ན། བྱ་བའི་ལས་རིམ་སྔར་ལས་ཚད་ལྡན་དུ་བཏང་བ་དང་། བྱ་བའི་ལས་ཆོད་སྔར་ལས་ཇེ་མཐོར་ཕྱིན་ཡོད་ཟེར།

ཆེས་ཐོག་མར་གྲོས་གཞིའི་ཁུངས་སྣེ་འདོན་སྤྲོད་བྱེད་མཁན་ཡིན་པའི་ཆ་ནས། ཁྲིམས་རྩོད་པ་དབྱང་ཡུང་ཧྲུན་གྱིས་བརྒྱུད་རིམ་ཚང་མར་དངོས་སུ་བདེན་དཔང་བྱས། ཁོས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། ཨུ་ཡོན་གྱི་འགན་སྒྲུབ་ལ་ཨ་ལན་སློག་མཁན་ཡོད་པ་དང་། མང་ཚོགས་ཀྱི་བསམ་ཚུལ་ཐག་གཅོད་བྱེད་མཁན་ཡོད་པས། མང་ཚོགས་ཀྱི་སེམས་གཏམ་དེ་བྱ་བར་སྐུལ་འདེད་གཏོང་བའི་གྲོས་གཞི་ཡག་པོར་འགྱུར་ཐུབ་ཟེར།

2025ལོར། ཞིང་ཆེན་སྲིད་གྲོས་ཀྱིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་བཞི་བརྒྱ་བཅོ་ལྔ་འཚོལ་སྡུད་བྱས་ལ། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་ལས་རིགས་སོ་སོའི་མང་ཚོགས་ལ་ཁ་ཕྱོགས་ནས་དྲིལ་སྒྲོག་སྒྲོག་འགྲེལ་ཐེངས་སུམ་ཅུ་ལྷག་སྤེལ་ཏེ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་རེ་འདུན་དུས་ལྟར་ཐག་གཅོད་བྱས་པ་དང་། ལས་སྒྲུབ་ནན་མོས་སྦྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། དོན་དག་ཡོད་ན་གྲོས་སྡུར་ལེགས་པོ་བྱེད་པ་དང་། དམངས་ཀྱི་བྱ་བ་ཚང་མས་མཉམ་དུ་གྲོས་སྡུར་བྱེད་པ་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་བརྟན་པོར་འགྱུར་བར་བྱས།

པེ་ཅིང་གི་ཚོགས་ཆེན་གཉིས་ཀྱི་སེམས་མཐུན་ཁ་བརྡ་ནས་ཟི་ལིང་སྡེ་ཁུལ་གྱི་འདུག་སྟེགས་གསར་བའི་བར་དང་། ཞིང་ཆེན་རིམ་པའི་དམངས་འདོད་བསྡུ་ལེན་ནས་སྲིད་གྲོས་སྟེགས་བུའི་སེམས་མཐུན་གྲོས་མོལ་བར། མཚོ་སྔོན་གྱིས་ཚང་མས་མཐོང་ཐུབ་ལ་རེག་ཐུབ་པ་དང་། ཚོར་ཐུབ་པའི་དངོས་ཡོད་དོན་དག་རེ་རེར་བརྟེན་ནས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་དེ་མཐོ་སྒང་གི་ས་གཞི་ཆེན་མོར་ཁྱབ་ཏུ་བཅུག་ནས་མི་སེམས་ལ་དྲོད་འཁོལ་སྦྱིན་ཡོད།

འདི་ནི་མཚོ་སྔོན་གྱི་དམངས་གཙོའི་གཏམ་རྒྱུད་ཡིན་ཏེ། བལྟས་ན་དོན་དག་ཆུང་ཆུང་ཞིག་ཡིན་རུང་། དངོས་ཡོད་ཡིན་ལ་དྲོད་འཁོལ་ལྡན་ཞིང་། སྟོབས་དང་ལྡན་པ་ཞིག་ཡིན་ནོ།།

ཤ་བོ་རིན་མཚོ་དང་ལྷ་མོ་འཚོས་བསྒྱུར།