སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་དུས་རབས་ཀྱི་རྒྱུགས་ཡིག་གསར་བར་ལན་འདེབས་དགོས།

ཁུངས། ཀློག་གྲངས།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པ།

ཉེ་ལམ། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ཏུ་བསྟར་བའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭས་གཅིག་བསྡུས་སློབ་སྦྱོང་བགྲོ་གླེང་སྤེལ། རྒྱལ་ཡོངས་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་མཇུག་སྒྲིལ་བའི་སྐབས་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་སྐབས་འདིར། དཔེ་ཀློག་འཛིན་གྲྭས་གཅིག་བསྡུས་སློབ་སྦྱོང་བགྲོ་གླེང་སྤེལ་ཞིང་། དེའི་དམིགས་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་འགག་རྩའི་ཉུང་ཤས་ཀྱིས་སེམས་སུ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། སློབ་སྦྱོང་ལ་བརྟེན་ནས་བྱ་བ་སྒྲུབ་པར་སྐུལ་འདེད་གཏོང་བ། བྱ་བ་བསྒྲུབ་ནས་སློབ་སྦྱོང་ལག་ཏུ་བསྟར་བ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བའི་དངོས་འབྲས་སུ་བསྒྱུར་རྒྱུ་དེ་རེད།

མིག་སྔར། མཚོ་སྔོན་འདི་ཉིད་དེང་རབས་ཅན་འཛུགས་སྐྲུན་གྱི་་གནད་འགག་དུས་སྐབས་སུ་གནས་ཡོད་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བརྩིས་ནས། བསམ་བློའི་སྦྱོང་བརྡར་དང་ཆབ་སྲིད་ཀྱི་སྦྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར་བཅས་བྱེད་པ་དང་། སྲིད་འབྲས་ལྟ་བ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཡུལ་གཙོ་བོར་དངོས་སུ་འཛུགས་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འདོད་བློའི་ཐད་དངོས་འབེབས་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ལེགས་པོར་རྩོམ་པར་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བའི་དངོས་ཡོད་འགུལ་སྐྱོད་དུ་བསྒྱུར་དགོས།

སྲིད་འབྲས་ལྟ་བ་ཡང་དག་ཡིན་མིན་ནི་ཏང་གི་བྱ་གཞག་གི་དར་རྒུད་ལ་རག་ལས་ཡོད། མཚོ་སྔོན་གྱི་ཏང་ཡོན་ལས་བྱེད་པར་མཚོན་ནས་བཤད་ན། སྲིད་འབྲས་སུའི་ཆེད་དུ་འཛུགས་པ་དང་། སྲིད་འབྲས་ལྟ་བ་ཇི་འདྲ་ཞིག་འཛུགས་པ། ཅི་ཞིག་ལ་བརྟེན་ནས་སྲིད་འབྲས་ལྟ་བ་འཛུགས་པ་བཅས་ལ་ལན་ཡག་པོ་འདེབས་དགོས་ལ། ཟུར་སྣེ་འདི་གསུམ་དང་འབྲལ་ཐབས་མེད། གཅིག་ནས་རྒྱལ་དོན་ནི་ཆེ་ཕྱོགས་ཡིན་པའི་ཟུར་སྣེ་ཡིན་ཏེ། མཚོ་སྔོན་ནི་ཀྲུང་ཧྭའི་ཆུ་མཛོད་ཡིན་ལ། བོད་ལྗོངས་དང་ཞིན་ཅང་བརྟན་བརླིང་གི་འཐབ་ཇུས་ཀྱི་གནས་ཡུལ་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གསོག་ཉར་གྱི་རྟེན་གཞི་གལ་ཆེན་ཞིག་ཀྱང་ཡིན། འདི་ལས་བྱ་བ་གང་ལ་འཆར་འགོད་བྱེད་རུང་། ཚང་མས་ངེས་པར་དུ་མཚོ་སྔོན་ནས་མཚོ་སྔོན་ལ་ལྟ་བའི་ལྟ་སྟངས་བསྒྱུར་ནས། ཁྱོན་ཡོངས་ལ་རྐང་བཙུགས་ཏེ་འཕེལ་རྒྱས་ལ་འཆར་འགོད་བྱེད་དགོས། བྱེ་བྲག་ལ་དམིགས་ནས་ཁྱོན་ཡོངས་ལ་ཁ་ཡ་མི་བྱེད་པའི་ལྟ་ཚུལ་དང་། ངེས་གནས་ལས་ཕྱོགས་འཛོལ་བྱུང་སྟེ་རི་བོང་གཅལ་འདྲོགས་བྱེད་པའི་སྤྱོད་ཚུལ་ཚང་མ་སྲིད་འབྲས་ངོ་མ་མིན་པ་ཐག་གཅོད་བྱས། གཉིས་ནས་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་པའི་ཟུར་སྣེ་ཡིན་ཏེ། མཚོ་སྔོན་དུ་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་དགོས་ན་མངོན་སུམ་བྱས་འབྲས་ལེན་དགོས་པར་མ་ཟད། མངོན་མེད་བྱས་འབྲས་ཀྱང་བརྩོན་ལེན་བྱེད་ཕོད་དགོས། མང་ཚོགས་ཀྱིས་མཐོང་ཐུབ་ལ་རེག་ཐུབ་པའི་དངོས་དོན་ལེགས་པོར་སྒྲུབ་པ་ནི་རང་འགན་ཡིན་ལ། ཀྲུང་གོའི་ཆུ་མཛོད་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་ཟབ་སྤེལ་བྱེད་པ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ་སོགས་དུས་ཡུན་ཐུང་ངའི་ནང་ཕན་འབྲས་མཐོང་ཐབས་མེད་པའི་བྱ་བ་ཚང་མའང་སྔར་བཞིན་རྩ་བ་ཡིན། མངོན་མེད་བྱས་འབྲས་བརྩོན་ལེན་བྱེད་འདོད་པ་ནི་ཏང་གཤིས་དང་བསམ་ཕྱོགས་ལ་ཉམས་ལེན་བྱས་པ་ཞིག་ཡིན། གསུམ་ནས་ཚན་རིག་ཆོས་ཉིད་ཀྱི་ཟུར་སྣེ་ཡིན་ཏེ། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་ནི་སྔོན་འགྲོ་ཡིན་ལ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་ནི་ལམ་ཕྱོགས་ཡིན་པ་དང་། ནུས་པ་ལྟར་བསྒྲུབ་པ་དང་ནུས་ཤུགས་ཡོད་རྒུས་ལག་ལེན་དུ་བསྟར་བ་ནི་རྩ་དོན་ཡིན། དངོས་ཡོད་དང་བར་ཐག་རིང་བའི་ལས་གཞི་ཆེན་མོ་དང་གཏོང་མང་ཡོང་ཉུང་གི་སྲིད་འབྲས་ལས་གཞི་མང་པོ། དེ་མིན་མ་རྩ་ཅི་ཡང་མེད་པའི་བྱ་བ་བཅས་ཀྱིས་ལོ་རྒྱུས་དང་མི་དམངས་ཀྱི་ཉམས་སད་ཐེག་མི་ཐུབ་ཁོ་ཐག་རེད། སྲིད་འབྲས་ལྟ་བ་ཡང་དག་ཞེས་པ་ནི་གོང་གསལ་གྱི་ཟུར་སྣེ་འདི་དག་གི་ཁྲོད་རང་ཉིད་ཀྱི་གོ་གནས་འཚོལ་བ་མ་ཟད་དགོས་ངེས་ཀྱི་བྱ་སྤྱོད་སྤེལ་བར་གོ། 

སློབ་སྦྱོང་སློབ་གསོའི་དམིགས་ཡུལ་ནི་ཁ་ནས་བཤད་པ་ཙམ་མ་ཡིན་པར་ལག་ལེན་དུ་བསྟར་དགོས་པ་དེ་ཡིན། སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་ནི་སྔོན་འགྲོ་ཡིན། ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་དང་། ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ཏུ་བསྟར་བའི་རྒྱས་བཤད་བཏུས་བསྒྲིགས་སོགས་གཏན་འབེབས་ཀྱི་ནང་དོན་དང་ལག་ལེན་དཔེ་མཚོན་རིམ་པ་བཞིན་དུ་ཞིབ་ཀློག་བྱས་ཏེ། ཅི་ཞིག་བསྒྲུབ་དགོས་པ་དང་གང་དག་བསྒྲུབ་མི་རུང་བ་དངོས་སུ་གསལ་བོར་ཤེས་དགོས། མཚོ་སྔོན་གྱི་དངོས་ཡོད་དང་འབྲེལ་ཞིང་། ས་ཁུལ་དང་སྡེ་ཁག་གི་ལས་འགན་ལ་འབྲེལ་ནས་སློབ་སྦྱོང་བྱས་ཚེ། ད་གཟོད་སློབ་སྦྱོང་གི་ཁ་ཕྱོགས་རྙེད་ངེས། ཞིབ་སྐྱོང་ཞིབ་བཤེར་ནི་གནད་འགག་ཡིན། དུས་ཐུང་ངང་ཁེ་ཕན་རེག་པའི་བསམ་ཚུལ་སྐྱེ་མྱོང་ངམ། དངོས་ཡོད་དང་རིང་དུ་གྱེས་ཡོད་དམ། མངོན་སུམ་བྱས་འབྲས་གཙོ་བོར་འཛིན་པ་དང་མངོན་མེད་བྱས་འབྲས་སྣང་མེད་དུ་འཇོག་པའི་ལྟ་ཚུལ་བཟུང་མྱོང་ངམ། རང་གི་ལྟ་ཚུལ་དང་ལས་འགན། བྱ་བ་བཅས་ལ་དམིགས་ནས་གནད་དོན་ཡང་དག་སྒོས་འཚོལ་དགོས། བརྒྱུད་རིམ་འདིའི་ཁྲོད་ཕྱི་ཚུལ་གྱི་རྣམ་པ་ཙམ་གྱིས་མི་ཆོག་པར་ངེས་པར་དུ་རྣག་ཐོག་ཁབ་ཙེག་བྱེད་དགོས།  གྲུབ་འབྲས་ཐོབ་སླ་བའི་བྱ་བ་བསྒྲུབ་འདོད་པ་དང་ཡུན་རིང་གི་བྱ་བ་བསྒྲུབ་འདོད་མེད་པ། མིང་གྲགས་སྙེག་པ་ཙམ་ལས་ནུས་ཤུགས་འདོན་མི་འདོད་པ་ཡོད་ཚད་ལ་ཞིབ་བཤེར་བྱེད་དགོས། ལེགས་བཅོས་དངོས་འབེབས་ནི་རྩ་བ་ཡིན་ཏེ། གནད་དོན་གསལ་བོ་ཡིན་ན། བྱེད་ཐབས་དང་འགན་འཁྲི། དུས་ཡུན་བཅས་གཏན་འཁེལ་གསལ་བོ་བྱེད་དགོས། མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱས་པ་དང་དུས་ཡུན་རིང་པོར་ཐག་གཅོད་བྱས་མེད་པའི་གནད་དོན་ལ་དངོས་སུ་ཁ་གཏད་འཇལ་ནས་ཐག་གཅོད་དགོས། ལེགས་བཅོས་བྱས་པའི་བཟང་ངན་དེ་མང་ཚོགས་ཀྱིས་བཤད་པར་རག་ལས་ཡོད། ཡིག་ཐོག་གི་ལེགས་བཅོས་དང་ཁ་ནས་ལེགས་བཅོས་གླེང་བ་ལྟ་བུས་མི་གང་རུང་ལ་མགོ་སྐོར་མི་ཐུབ་པས། གཙོ་བོ་སྒྲིག་སྲོལ་དང་ལམ་ལུགས་འཛུགས་དགོས། ཚན་རིག་དང་དམངས་གཙོའི་ཇུས་ཆོད་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། གནད་འཁེལ་ནུས་མཐོའི་རྒྱུགས་བཤེར་གདེང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཡར་སྐུལ་སྲུང་སྐྱོབ་ཀྱི་ནོར་བཅོས་རྐྱེན་སྲོལ་དངོས་འབེབས་བྱེད་པ་བཅས་བརྒྱུད་དེ། ཉམས་མྱོང་བཟང་པོ་དང་བྱེད་ཐབས་ལེགས་པོ་ལག་བསྟར་བྱས་ནས། གནད་དོན་ལེགས་བཅོས་ཀྱི་རྒྱུན་རྣམ་ཡུན་ཕན་ལ་སྐུལ་འདེད་གཏོང་དགོས།

སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་མཇུག་མཐར་དངོས་སྒྲུབ་དང་དངོས་འབྲས་ལ་རག་ལས་ཡོད། གཅིག་ནས་ཆབ་སྲིད་ཀྱི་ནུས་པར་རག་ལས་ཡོད་དེ། བྱ་བར་འཆར་འགོད་དང་སྲིད་ཇུས་གཏན་འབེབས་ཚང་མ་རང་རྟོགས་སྒོས་ཏང་གི་གཞུང་ལུགས་དང་ལམ་ཐིག་བྱེད་ཕྱོགས་སྲིད་ཇུས་བཅས་དང་དཔེ་བསྡུར་ཚད་བསྡུར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་ནས་མདུན་དུ་བསྐྱོད་པ་ཁག་ཐེག་བྱེད་དགོས། གཉིས་ནས་དམངས་ཀྱི་ཆེད་དུ་འགུལ་སྐྱོད་སྤེལ་བར་རག་ལས་ཡོད་དེ། གཞི་རིམ་དུ་བསྐྱོད་པ་བཞིའི་སྲོལ་རྒྱུན་བཟང་པོ་ལག་བསྟར་གཏིང་ཟབ་བྱས་ནས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་གསལ་བོར་རྟོགས་པ་དང་ཐག་གཅོད་ཡག་པོ་བྱེད་དགོས། སེམས་ཤུགས་ཡོད་རྒུས་དམངས་འཚོའི་དངོས་དོན་ལེགས་པོར་བསྒྲུབ་པ་དང་། མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་འདི་དམ་འཛིན་བྱས་ནས། འཕེལ་རྒྱས་གྲུབ་འབྲས་ཀྱིས་རིགས་སོ་སོའི་མང་ཚོགས་ལ་སྔར་ལས་འདྲ་མཉམ་སྒོས་ཕན་ཐོགས་པར་བྱེད་དགོས། གསུམ་ནས་འཕེལ་རྒྱས་ཀྱི་བྱེད་ཐབས་ལ་རག་ལས་ཡོད་དེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱབོ་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོ་མཐའ་གཅིག་ཏུ་འཁུར་ནས། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས། ཐོན་ལས་ཀྱི་གནས་བཞིའི་འཛུགས་སྐྲུན་ལ་ཏན་ཏིག་གིས་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས།  བཞི་ནས་སྤྱོད་ཚུལ་ལེགས་པོར་རག་ལས་ཡོད་དེ། ནུས་ཤུགས་ཡོད་རྒུས་དངོས་འཚོལ་དངོས་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལེགས་པོ་དར་སྤེལ་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་ཏུ་འགོག་གང་ཐུབ་བྱེད་དགོས། བྱ་བ་སྒྲུབ་འདོད་ཅིང་སྒྲུབ་ཐུབ་པ་དང་། བྱ་བ་འགྲུབ་པ་བཅས་ཀྱི་ལས་བྱེད་པ་བཀོལ་ནས། སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་ཤིག་བསྐྲུན་དགོས།

ལྷ་མོ་འཚོས་བསྒྱུར།