
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨོ་ལན་རྫོང་ཏུའུ་ལན་མཚེའུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་ཞོགས་པའི་ཐོག་མའི་དུ་བ་དང་གྲང་རླུང་མཉམ་དུ་ལྡང་ཞིང་། སྐྱེ་ཁམས་བདག་སྐྱོང་པ་ཅིན་ཐའེ་ཨན་གྱིས་ཁང་པའི་སྒོ་ཕྱེ་ནས་ཉིན་གཅིག་གི་བྱ་བ་ལས་མགོ་ཚུགས།
“མཚོ་ངོས་སུ་དར་གྱིས་ཁེབས་འདུག་མོད། འོན་ཀྱང་ཆུ་རྒྱུན་མཚོ་ལ་འབབ་སའི་ཆུ་བོའི་བཞུར་སྒྲ་སྔར་བཞིན་འཇགས་པ་མེད།” ཅིན་ཐའེ་ཨན་གྱིས་རྒྱང་མཐོང་ཡར་བཀྱགས་ཏེ། བྱང་ཆ་ལྡན་པའི་སྒོ་ནས་རྒྱང་རིང་གི་རབ་རིབ་ཀྱི་གྲིབ་གཟུགས་དེ་དག་ངོས་འཛིན་བྱས། “ངང་དཀར་དང་། ཀེ་མ་ཐོད་དཀར། གག་པ་མཆུ་སེར་སོགས་བྱ་རིགས་མང་པོ་བབས་ཡོད་ལ། གནམ་གཤིས་ཇི་ཙམ་གྲང་ན་དེ་ཙམ་གྱིས་དེ་དག་ལ་འདྲོག་སློང་མི་རུང་།”འདབ་ཆགས་བརྩི་བ་དང་། སྐོར་སྲུང་། ཟིན་ཐོར་འགོད་པ་བཅས་ནི་ཅིན་ཐའེ་ཨན་གྱིས་ལོ་བདུན་རིང་བསྐྱར་ཟློས་བྱས་ཀྱང་སུན་སྣང་མི་སྐྱེ་བའི་རྒྱུན་ལྡན་གྱི་བྱ་བ་རེད།

ཅིན་ཐའེ་ཨན་གྱིས་སྲུང་སྐྱོབ་བྱས་པའི་སྐྱེ་སྟོབས་འབར་བའི་ཡུལ་གྲུ་དེ་ནི། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་བཏང་བའི་ཕྲ་མཐོང་མཚོན་ཚུལ་ཞིག་རེད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་བཞག་ནས“ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་ཚུལ་ངེས་གནས་ལ་དམིགས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ས་བཅས་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་གི་ནང་རྐྱེན་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་བ་དང་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད། དེང་སྐབས། མཚོ་སྔོན་གྱིས“སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་པ”དེ་རྩ་བའི་གཞི་འཛིན་སར་བརྩི་བ་དང་། ཐཱན་ཉུང་དང་སྦགས་འཕྲི་ལྗང་སྐྱེད་བཅས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཏུ་བསྒྱུར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལྗང་མདོག་ཤོག་དྲིལ་རིང་མོ་ཞིག་འབྲི་བཞིན་ཡོད།
ལྗང་མདོག་གོས་ཆེན་བཏགས་འདྲའི་འཛམ་གླིང་རིམ་པའི་སྲུང་སྐྱོབ་ས་ཆ་ཡོངས་སུ་བཙུགས་པ།
2025ལོའི་ཟླ4པར། ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནས་གཏམ་བཟང་ཞིག་བསྒྲགས་བྱུང་སྟེ། ཁམས་ར་ས་གཤིས་སྤྱི་གླིང་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང་གི་མིང་ཐོའི་ནང་དངོས་སུ་བདམས་ཐོན་བྱུང་། དེ་ནི་ཁུ་ནུ་རི་བོ་ཕུད་པའི་མཚོ་སྔོན་གྱི་འཛམ་གླིང་ས་གཤིས་སྤྱི་གླིང་གཉིས་པ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི“འཛམ་གླིང་རིམ་པའི”མཚན་སྙན་ཐོབ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཁག7པའང་རེད། “གསེར་ཡིག་སྒོ་བྱང”དེའི་དོན་སྙིང་ནི་གཟི་བརྗིད་མཚན་སྙན་རང་ཉིད་ལས་བརྒལ་ཡོད་པ་དང་། དེ་ནི་འཛམ་གླིང་ལ་རབ་མཛེས་མཚོ་སྔོན་མངོན་པར་བྱེད་པའི་སྐར་ཁུང་གསར་རྐྱང་ཞིག་ཡིན་ཞིང་། མཚོ་སྔོན་གྱི“རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པ་དང་རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་ཡིན་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཀྱིས་ཁ་གསབ་བྱེད་པའི”རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་དེ་བས་ཀྱང་རེད།

འདས་ཟིན་པའི་ལོ་གཅིག་རིང་། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི‘རྒྱལ་དོན་གྱི་ཆེ་ཕྱོགས’ཡིན་པའི”མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་པར་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་འབྲེལ་ཞིང་། རྒྱལ་ཡོངས་ཀྱི་སྔོན་དུ་རང་བྱུང་སྲུང་སྐྱོབ་ས་ཆ་བསྡུ་སྒྲིལ་དང་ཇེ་ལེགས་སུ་བཏང་སྟེ། རང་བྱུང་སྲུང་སྐྱོབ་ས་ཆ་རིགས7དང་ཁག83བསྐྲུན་རྩིས་ཡོད་ལ། དེའི་ཁྲོད་རྒྱལ་ཁབ་སྤྱི་གླིང་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་གནས་ཀྱི་སྤྱིའི་རྒྱ་ཁྱོན་གྱི75%ཟིན་ཡོད།
རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་ཁག་དང་པོ་ཡིན་པའི་ངོས་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསྒྱུར་བཅོས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ནས་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུ་བརྟན་བརླིང་ངང་འཕར་ཞིང་།ལད་མོ་བྱས་ཆོག་པ་དང་།ཁྱབ་གདལ་བཏང་ཆོག་པའི“གཙང་གསུམ་འབྱུང་ཡུལ་གྱི་མ་དཔེ”ཞིག་འཚོལ་ཞིབ་བྱས་ཏེ་གྲུབ་ཡོད་པ་དང་། དེ་ནི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་གི་དཔེ་མཚོན་གཏོད་པའི་ལག་ལེན་གལ་ཆེན་ཞིག་ཏུ་གྱུར་ཡོད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང(འདེམས་སྒུག་ཁུལ)ལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་སྤྱི་གླིང་འཛུགས་པའི་གྲ་སྒྲིག་དུས་མཚམས་སུ་གནས་ཡོད། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང(འདེམས་སྒུག་ཁུལ)གཏོད་པའི་ལས་འགན2023ལོར་ལེགས་འགྲུབ་བྱུང་ཟིན་པ་དང་། མིག་སྔར་དཔྱད་དཔོག་གི་དུས་མཚམས་སུ་སླེབས་ནས། མཚོ་སྔོན་པོའི་ཆུའི་རྒྱ་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་ཆུའི་སྤུས་ཚད་ཇེ་ལེགས་སུ་ཕྱིན་ཚད100%ལ་རྒྱུན་འཁྱོངས་ཐུབ་སྟེ། མཐའ་འཁོར་གྱི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད།
དེ་འདྲའི་ཡངས་ཤིང་རྒྱ་ཆེ་བའི་སྐྱེ་ཁམས་ཁྱིམ་གཞིས་ཤིག་སྲུང་སྐྱོབ་བྱ་རྒྱུ་དེ་ཚན་རྩལ་གྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། མཚོ་སྔོན་གྱིས་སྲུང་སྐྱོབ་དོ་དམ་བྱ་ཐབས་ཐད་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས། སྐོར་རིམ་མང་བ་དང་གྲུབ་རྒྱུ་གཙོ་བོ་མང་བའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་པ་དང་། “ཚན་རྩལ་སོ་དམག+གནད་འཁེལ་ཁྲིམས་འཛིན”གྱི་བློ་གྲོས་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་པ་རིམ་བཞིན་ཆགས་པར་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་དུས་དང་བར་སྟོང་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་དང་སྦྲེལ་ཐག་ཧྲིལ་པོའི་ལྟ་སྐུལ་དོ་དམ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་།

2025ལོའི་ཟླ7པར། ཨ་ཆེན་གངས་རྒྱབ་འབྲོང་ནག་མཚེའུའི་ས་ཁོངས་སུ་བཙུགས་པའི5Gསྦྲེལ་ཚིགས་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་གཙོད་ཕྲུག་རྩེབས་པའི་པར་རིས་རྩ་ཆེན་དག་ཐོག་མར་རྒྱལ་ཡོངས་སུ་རང་བྱུང་རྣམ་པར་བརྟེན་ནས་ཐད་གཏོང་བྱས་ཤིང་། ཁྲ་ཆུང་མིག་གི་དགའ་སྟོན་དེས་སྲུང་སྐྱོབ་ཀྱི་ཕན་འབྲས་མངོན་པར་མ་ཟད། དམངས་ཡོངས་ལ་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་གཏིང་ཟབ་ཏུ་བཏང་བ་ཞིག་དེ་བས་ཀྱང་ཡིན་པས། མང་ཚོགས་ཀྱིས་རང་བྱུང་ཁམས་ལ་གུས་ཞེད་དང་སྲུང་སྐྱོབ་བྱེད་པའི་གོ་རྟོགས་སད་ཡོད།
རྨ་ཆུའི་མགོ་ཁུངས་ནས་སྐྱེ་ཁམས་བཅོས་སྐྱོང་བྱས་ཏེ།
བྱེ་འཇགས་སྔོ་རྒྱས་ཀྱིས་རྨ་ཆུའི་བདེ་འཇགས་བསྐྲུན་པ།
རྨ་ཆུ་མཚོ་སྔོན་གྱི་མངའ་ཁོངས་ལས་བརྒལ་རྗེས་ཆུ་མདོག་རིམ་བཞིན་རྙོག་པོར་གྱུར། བྱེ་འདམ་ནི་མི་ཀུན་གྱིས་ཤེས་པའི་མ་ཡུམ་ཆུ་བོ་དེའི“ཁྱད་ཆོས”ཤིག་ཡིན་ལ། སྨད་རྒྱུད་དུ“ས་སྟེང་དཔྱངས་ཆུ”གྲུབ་པའི་རྩ་བའི་རྒྱུ་རྐྱེན་ཞིག་ཀྱང་རེད། སྟོད་རྒྱུད་ཀྱི་མཚོ་སྔོན་དུ་ལོ་ངོ་མང་པོར་བསྟུད་མར“བྱེ་མ་ཉུང་འཕྲིའི་བྱ་སྤྱོད”ཅིག་རིམ་གྱིས་སྤེལ་བཞིན་ཡོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་རབ་རྒན་སྡེ་གསར་གྱི་སྡེ་མི་གདུགས་དཀར་ཚེ་རིང་གི་བསམ་པར། དེ་སྔའི་སྡེ་རྙིང་རྨ་ཆུར་བཅར་བ་དང་།ཆར་དུས་སུ་ཤྭ་འོད་ཀྱིས་ཉེན་ཁ་ཚད་མེད་བཟོ་བས། ལོ་ཏོག་དང་བགྲོད་ལམ་ལ་ཡང་ཡང་གཏོར་སྐྱོན་ཕོག་པ་གསལ་ལྷང་ངེར་དྲན་གྱི་འདུག སྡེ་བ་ཧྲིལ་པོ་གནས་སྤོ་རྒྱུ་ནི་ཐབས་ཟད་འུ་ཐུག་གི་བྱེད་ཐབས་ཤིག་ཡིན་ལ་མགོ་འཛུགས་ས་ཞིག་ཀྱང་ཡིན། སྡེ་མིས་གནས་ཡུལ་རྙིང་པ་དང་དེའི་མཐའ་འཁོར་དུ་བྱེ་འཇགས་རྩི་ཤིང་བཏབ་ནས་སྐོར་སྐྱོད་བྱེད་སའི་བཞུར་སླ་བའི་བྱེ་མ་གཏན་འཇགས་སུ་གཏོང་བའི་དམ་བཅའ་བཞག སྔོན་ཆད་ཀྱི་གནོད་འཚེ་ཐེབས་ས་ད་ལྟ་རིམ་བཞིན་ལྗང་མདོག་གིས་བཀླུབས་པ་དང་། དཔལ་འབྱོར་ནགས་ཚལ་ཤིང་འབྲས་ཀྱིས་ད་དུང་ཁེ་ཕན་ལྷག་མ་ཁྱེར་ཡོང་།
གནས་གཅིག་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་ཁྱོན་ཡོངས་ཀྱི་བཟོ་འགོད་རྒྱ་ཆེར་གཏོང་བཞིན་ཡོད། 2025ལོའི་ལོ་མགོར་ཀོས་ནན་རྫོང་གིས་ཚལ་རྔ་འགག་གི་ལྷོ་ངོགས་ཀྱི་འབབ་རྒྱུད་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་སྤེལ་མགོ་ཚུགས་པ་དང་། ལུང་ཤུར་སྐས་རགས་དང་ཆུ་འགྲམ་སྲུང་བྱེད་བཟོ་སྐྲུན་བྱས་པ་བརྒྱུད། སྐྱེ་བར་འཚམ་པའི་ནགས་རྩྭ་གསབ་འདེབས་དང་། ཞན་འགྱུར་རྩྭ་ས་བཀག་སྡོམ་དང་གསོ་སྐྱོང་སོགས་ཐབས་མང་མཉམ་སྤྱོད་ཀྱིས་བརྒྱུད་རིམ་ལྡན་པའི་སྒོ་ནས་བྱེ་མ་རྨ་ཆུའི་ནང་དུ་བཞུར་བ་བཀག་འགོག་བྱས།
རྨ་ཆུའི་རྒྱུད་ཀྱི་ཁུལ3དང་རྫོང7གྱི་ཞང་གྲོང20ཡི་མཚོ་སྔོན་ཞིང་ཆེན་རྨ་ཆུའི་གཞུང་རྒྱུན་གྱི་ཆུ་ལོག་སྔོན་འགོག་གི་དུས་ཐེངས་གཉིས་པའི་བཟོ་འགོད་ཡང་ལས་མགོ་ཚུགས་ཟིན། བཟོ་འགོད་ཀྱི་སྲོག་ཤིང་ནི་རང་བྱུང་ཆོས་ཉིད་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་བཞུར་རྒྱུད་ཀྱི་བརྡིབས་ཚབས་ཆེ་བ་དང། རྩྭ་སའི་རྨོ་ཞིང་དང་སྡེ་བའི་བདེ་འཇགས་ལ་འཇིགས་སྣང་སྐུལ་བའི་ཆུ་མཚམས་སུ་ཚན་རིག་དང་མཐུན་པའི་འགོག་སྲུང་བྱས་ཏེ་བཞུར་རྒྱུད་ཀྱི་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་དེ་རེད།
རྨ་ཆུའི་ཞོད་འཇགས་ནི་མགོ་ཁུངས་ལས་བྱུང་ཞིང་། སྟོད་རྒྱུད་དང་འབྲེལ་ཡོད། མཚོ་སྔོན་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས། རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོག་སྐྱིལ་དང་རླུང་འགོག་བྱེ་འཇགས་ཀྱི་ལས་འགན་གལ་ཆེན་ཕྲག་ཏུ་ཁུར་ཡོད་ལ། རང་རྒྱལ་གྱི་བྱེ་ཁུལ་ཆེ་གྲས་བཞི་པ་དང“བྱང་གསུམ”འགོག་སྲུང་ནགས་ཚལ་བཟོ་འགོད་ཀྱི་གཙོ་གནད་ཞིང་ཆེན་ཞིག་ཀྱང་ཡིན།
2025ལོར་མཚོ་སྔོན་གྱིས་མ་ལག་ལྡན་པའི་བཅོས་སྐྱོང་ནང་རྐྱེན་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས། “བྱང་གསུམ”བཟོ་འགོད་ཀྱི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་བཏང་བ་དང་། ཙོང་ཆུ་བཞུར་ཁུལ་གྱི“རི་ཆུའི་བཟོ་འགོད”སྤུས་ཚད་མཐོ་བའི་སྒོ་ནས་ལག་བསྟར་བྱས་ཏེ། རྫ་ཆུ་དང་། ཨ་མྱེས་རྨ་ཆེན། ཚྭ་འདམ་གཤོངས་ས་སོགས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སླར་གསོར་སྐུལ་འདེད་བཏང་། “བྱང་གསུམ”བཟོ་འགོད་ལག་བསྟར་བྱས་པ་ནས་ད་རག་བར་དུ་མཚོ་སྔོན་གྱི་གཙོ་གནད་བཅོས་སྐྱོང་ཁུལ་དུ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས“སྔོ་རྒྱས་བྱེ་འཇགས”མངོན་འགྱུར་བྱུང་།
བྱེ་མ་བཅོས་སྐྱོང་བྱེད་པ་ཙམ་གྱིས་ག་ལ་ཚད། མཚོ་སྔོན་གྱིས་གནམ་སྔོན་དང་ཆུ་དྭངས་ས་གཙང་སྲུང་སྐྱོབ་བྱེད་པའི་དམག་འཐབ་གཏིང་ཟབ་བརྒྱབ། མཚོ་ཤར་གྲོང་ཁྱེར་ཧྭ་ལུང་ཧུའེ་རིགས་རང་སྐྱོང་རྫོང་མཚེ་མགུར་གྲོང་རྡལ་དུ། དྲོད་ཚད་མཐོ་བའི་ཚ་སེལ་རླངས་འགྱུར་ལག་རྩལ་སྤྱད་པའི་གད་སྙིགས་མེར་སྲེག་ས་ཚིགས་ཤིག་གིས་ལོ་མང་འཕྲད་པའི་དཀའ་གནད་ཐག་གཅོད་བྱས་ཡོད། “སྔོན་ཆད་ས་སྦས་བྱེད་སྐབས་སྦགས་བཙོག་ས་འོག་ཏུ་སིམ་འཛུལ་བྱས་ནས་མཐར་རྨ་ཆུའི་ནང་བཞུར་ཡོང་སྙམ་པའི་སེམས་ཁྲལ་བྱེད་ཀྱི་ཡོད། ”འགན་འཁུར་པ་ཝང་ཞིན་ཞི་ཡིས“དེང་སྐབས་གད་སྙིགས་ཀྱི་ཤོང་ཚད90%ལས་བརྒལ་བ་དང་། ཕྱིར་གཏོང་ཚད་ཚད་ལོངས་ནས་མངོན་མེད་རྐྱེན་ངན་རྩ་བ་ནས་མེད་པར་བཟོས་ཡོད”ཅེས་བཤད།
གངས་རིའི་ཐོན་ཁུངས་གསེར་དུ་གྱུར་པ་དང་། སྐྱེ་ཁམས་ཁེ་སྤོགས་ཀྱིས་དམངས་ལ་ཕན་ཁེ་བསྐྲུན་པ།
སྐྱེ་ཁམས་སྲུང་སྐྱོབ་བྱས་པའི་ཕྲན་འབྲས་ཀྱིས་ཇི་ལྟར་དམངས་ལ་ཁེ་སྤོགས་དངོས་རེག་ཏུ་འཇུག་དགོས་པའི་ཐད་ལ། མཚོ་སྔོན་གྱི་དྲིས་ལན་ནི“རི་བོ་གཉིས”ཀྱི་གཞན་སྒྱུར་ཐབས་ལམ་འཚོལ་ཞིབ་བྱས་ནས། སྔོ་ལྗང་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ལས་དཔལ་འབྱོར་གྱི་ཕན་འབྲས་མངོན། 2025ལོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་མེ་ལྷ་གངས་དཀར་ཀུན་ལ་གྲགས་སོང་། ཕྱི་རོལ་དུ་སྐྱོད་པར་དགའ་བོ་བྱེད་མཁན་ཚོས“མི་ཚེའི་གངས་རི་དང་པོ”ཞེས་འབོད་པའི་རི་རྩེ་དེས་ལྟོས་བཅས་ཀྱིས་འོས་ཤིང་འཚམ་པའི་མཚོ་འཕགས་དང་ལམ་ཐིག་ལ་བརྟེན་ནས། རི་འཛེག་པ་གསར་པ་འབོར་ཆེན་ཞིག་གི་ཡིད་དབང་བཀུག་ཡོད། དེ་གྲགས་དོན་ནི“གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད།
“མི་ཚེའི་གངས་རི་དང་པོ”ཞེས་པའི་རྒྱབ་ལོགས་སུ་ས་གནས་དེ་གས་ཚན་རིག་དང་མཐུན་པའི་སྒོ་ནས་རི་འཛེག་ལམ་ཐིག་གསར་སྤེལ་དང་ཆེད་ལས་སྣེ་ཁྲིད་པ་གསོ་སྦྱོང་བྱས་པ་དང་ལེ་ལག་ཚང་བའི་ཞབས་ཞུ་འཕེལ་རྒྱས་བཏང་བ་བརྒྱུད། གངས་རི་བརྗོད་བྱ་གཙོ་བོ་ཡིན་པའི་ལྗང་མདོག་ཐོན་ལས་སྦྲེལ་ཐག་ཅིག་ཆགས་ཡོད། 2025ལོའི་ལོ་མཇུག་བར་མིན་ཡོན་རྫོང་གིས་ལག་འཁྱེར་ཡོད་པའི“གངས་རིའི་སྣེ་ཤན་པ”184སྐྱེད་སྲིང་བྱས་ནས་མི2000ལས་བརྒལ་བའི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་དང་། མཛེས་ལྗོངས་ཁུལ་གྱིས་ལོ་འཁོར་མོར་ཡུལ་སྐོར་པ་མི་ཐེངས་ཁྲི་བརྒྱ་ཙམ་སྣེ་ལེན་བྱས་པས། སྐྱེ་ཁམས་རིན་ཐང་དེ་རྒྱུན་ཆད་མེད་པར་མང་ཚོགས་ཀྱི་དངོས་སྒྲུབ་ཡོང་འབབ་ལ་འགྱུར་བཞིན་ཡོད།
འགྱུར་ལྡོག་གི་བགྲོད་ལམ་གཞན་ཞིག་ནི་ཟི་ལིང་གྲོང་ཁྱེར་གྱི་ལྷོ་རི་དང་བྱང་རི་ནས་སྤེལ་བ་རེད། 2025ལོའི་ཟླ5པར། སྐྱེ་ཁམས་སླར་གསོ་དང་འཛུགས་སྐྲུན་འོས་འཚམ་བྱས་པའི་ཏ་ཏུན་ལིང་མཛེས་ལྗོངས་ཁུལ་དེ“ཟི་ལིང་གི་མིག”ཏུ་བརྩིས་ནས་གྲོང་མིར་སྒོ་འབྱེད་བྱས། དེ་གར་སྲུང་སྐྱོབ་དམིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་དང་།ནགས་ཚལ་ཁམས་གསོ་བྱ་རྒྱུ་དེ་གྲོང་ཁྱེར་གྱི་ཁམས་གསེང་ས་རྟགས་གསར་པ་དང་དྲ་གྲགས་ཡུལ་སྐོར་བྱེད་ས་ཞིག་ཏུ་གྱུར་ནས་མི་སྒེར་སྨྱན་བྱད་ཀྱི་རྡེབ་ཚད་ས་ཡ9ལས་བརྒལ་བ་དང་། རིམ་རྩིས་ཀྱིས་ཡུལ་སྐོར་པ་མི་ཐེངས་འབུམ་གཉིས་སྣེ་ལེན་བྱས། དེ་ནི་སྔོ་ལྗང་གྲུབ་འབྲས་ཀྱི་འགྲེམ་སྟོན་སྒེའུ་ཁུང་ཞིག་ཡིན་པར་མ་ཟད་གྲོང་ཁྱེར་མཐའ་འཁོར་གྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཀྱང་རེད།
གཞན་སྒྱུར་གྱི་མཐའ་མའི་དོན་ལ་འབབ་ས་ནི་དམངས་འཚོ་ཡིན། 2025ལོ་ནི“རི་བོ་གཉིས”ཀྱི་འདུ་ཤེས་བཏོན་ནས་ལོ་ངོ20འཁོར་བའི་ལོ་ཡིན་པ་དང་། མཚོ་སྔོན་གྱིས“རི་བོ་གཉིས”ཀྱི་འདུ་ཤེས་ཀྱི་ནང་དོན་དང་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། སྐྱེ་ཁམས་ཁ་གསབ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་ལས་གནས་བཀོད་སྒྲིག་ཇེ་ལེགས་སུ་བཏང་བ་བརྒྱུད། མང་ཚོགས་ལ་སྔོ་ལྗང་རི་ཆུ་ལ་སྲུང་སྐྱོབ་བྱས་པའི་ཁྲོད་ནས་དངོས་གནས་དྲང་གནས་ཀྱི་ཕན་པ་ཐོབ་པར་བྱས། ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་ནགས་སྲུང་པ་ཁྲི8ཙམ་ཡོད་པ་ལས་མི་ཁྲི4.9དབུལ་ཐར་ཁྱིམ་ཚང་གི་ཡིན་པ་དང་། ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི2ཙམ་བྱུང་ཡོད། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ཇེ་ལེགས་སུ་གཏོང་བ་གཉིས་གནས་འདི་རུ་མཉམ་དུ་མངོན་ཡོད།“སྐྱེ་ཁམས་མཛེས་པ”དང“མང་ཚོགས་ཕྱུག་འགྱུར”ལ་མཉམ་དུ་སྐུལ་འདེད་བཏང་བས། སྲུང་སྐྱོབ་དང་འཕེལ་རྒྱས་མཉམ་འགུལ་ཡག་པོ་བྱེད་པའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་ཡོད།

བརླན་ས་སྲུང་མཁན་ཅིན་ཐའེ་ཨན་གྱི་རྒྱང་མཐོང་ནས་རི་འཛེག་མཁན་གྱིས་གངས་དཀར་དབང་ལ་བསྒྱུར་བའི་གཟུགས་བརྙན་བར་དང་། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ཐང་དུ་བང་གིས་རྒྱུག་པའི་གཙོད་ནས་རྨ་ཆུའི་འགྲམ་ངོགས་ཀྱི་ཉིན་བཞིན་ཇེ་བརྟན་དུ་འགྲོ་བའི་ལྗང་མདོག་སྲུང་ཡོལ་བར། མཚོ་སྔོན་དུ་ཉིན་ལྟར་བརྟན་སྲུང་དང་འཚོལ་ཞིབ་བྱེད་ཐེངས་རེ་རེ་དང་གྲུབ་འབྲས་རེ་རེ་ནི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པའི་གོམ་སྟབས་རེ་རེའི་ནང་དུ་འདུས་ཡོད། འབྲི་བཞིན་པའི་ལྗང་མདོག་གི་ཤོག་དྲིལ་རིང་མོ་འདི་སྨྱུ་གུས་རེག་པ་ཇི་ལྟར་གསལ་ན་རང་མདངས་དེ་བས་མངོན་ཡོང་།