བླ་ཤིང་ནི་བྱང་ཐང་སྐྱ་མོ་འདི་རུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས།

ཁུངས། ཀློག་གྲངས།

“གནས་འདི་ནི་མི་མེད་ས་ཁུལ་ཡིན་པ་ལས་ཁྲིམས་མེད་ས་ཁུལ་ཞིག་གཏན་ནས་མིན།”ཞེས་པ་འདི་ནི་བརྙན་འཕྲིན་ཟློས་གར《བླ་ཤིང》ནང་གི་མི་སྣ་གཙོ་བོ་པའེ་ཅུས་ཀྱིས་བཟུང་མ་ཐག་པའི་ལྐོག་རྔོན་པ་དང་མོའི་རོགས་པ་ཚོའི་དྲག་རྒོལ་ལ་ཞེ་སྤོ་གཏིང་ནས་བླངས་ཏེ། ཁ་གསལ་སྨྲ་དག་དང་བློ་བརྟན་འགྱུར་མེད་ངང་བཤད་པའི་སྐད་ཆ་ཞིག་རེད།འཁྲབ་ཚིག་དེ་ནི་སྨུག་སྤྲིན་བརྟོལ་བའི་ཐོག་མདའ་བཞིན་དུ། ཟློས་གར་ནང་གི“བོད་ལ་མོ་ལམ”གྱི་ཛ་དྲག་གི་གནས་སྟངས་དང་། ཀྲུང་གོའི་ནུབ་བྱང་ཕྱོགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་སྲོག་ཤིང་སྟེ་མཚོ་སྔོན་ཞིང་ཆེན་ཨ་ཆེན་གངས་རྒྱབ་ཏུ་ཕོག

2026ལོའི་ལོ་མགོར། 《བླ་ཤིང》ཞེས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་དེ་ཚ་ཚ་འུར་འུར་ངང་བསྟན་པ་དེས། རྒྱ་ཆེའི་ལྟད་མོ་པ་བགྲང་ལས་འདས་པ་ཞིག་གི་མིག་དབང་ཅིག་ཅར་དུ་ཕྲོག ཟློས་གར་ནང་རྟོག་བཟོ་བྱས་པའི་མཚོ་སྔོན་རྨ་འབྲི་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཉམས་ཞན་ས་ཁུལ་མང་པོ་ཞིག་གིས་འཕེལ་རྒྱས་དང་སྲུང་སྐྱོང་གཉིས་ལས་གང་ཞིག་གདམ་ག་བྱེད་དཀའ་བའི་བསྡུས་གཟུགས་ཤིག་རེད།

《བླ་ཤིང》ལས་མངོན་པའི་ས་ཁྲ་གཞིར་བཟུང་ནས། ང་ཚོ་མཚོ་སྔོན་དང་ཨ་ཆེན་གངས་རྒྱབ་ཏུ་སོང་སྟེ། ཁྲག་གི་གོད་ཆག་ཆེན་པོ་དང་ཚེ་སྲོག་བསྐྱར་གསོན་བར་གྱི་ལོ་རྒྱུས་སྙན་ངག་གི་ཁ་ཕྱེ་བ་ན།“འཕེལ་རྒྱས་ལས་སྐྱེ་ཁམས་སྲུང་སྐྱོང་གཙིགས་སུ་འཛིན་དགོས”ཞེས་པ་དེ་གངས་ཐང་གི་ཆེས་འགྱུར་བ་མེད་པའི་དུས་རབས་ཀྱི་སྐད་སྒྲ་ཞིག་ཏུ་འགྱུར་དོན་གང་ཡིན་པ་ཤེས་རྟོགས་འབྱུང་ཐུབ།

“བོད་ལ་མོ་ལམ”ནི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཁྲོད་ཀྱི་རྟོག་བཟོ་བྱས་པའི་ས་མིང་ཞིག་ཡིན་ལ་དེའི་དཔེ་གཟུགས་ནི་ཨ་ཆེན་གངས་རྒྱབ་ཀྱི་མི་མེད་ས་ཁུལ་རེད། “ཨ་ཆེན་གངས་རྒྱབ”ཅེས་པའི་ཡིག་འབྲུ་བཞི་པོ་དེ་སོག་པོའི་སྐད་ལས་བྱུང་བ་དང་དེའི་ནང་དོན་ནི“མཛེས་སྡུག་ལྡན་པའི་གཞོན་ནུ་མ”དང“ལྗང་མདོག་གི་རི་སྒང”ཞེས་པའི་དོན་ཡིན་ལ། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་འཕྲེད་དུ་བརྒལ་བའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་དེར། མི་རབས་ནས་མི་རབས་སུ་གནས་དེར་འཚོ་བ་རོལ་བའི་བོད་རིགས་སྤུན་ཟླའི་ངག་རྒྱུན་དུ། དེ་བས་ཀྱང་སྔ་བའི་མིང་ཞིག་ཡོད་དེ། “ཨ་ཆེན་བྱང་ཐང”ཞེས་འབོད། དེ་ནི་ཁུ་ནུ་རི་བོའི་འདབས་ཀྱི་བྱང་ཕྱོགས་སྤང་ཐང་ཞེས་པའི་དོན་རེད།

འོན་ཀྱང་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པར་རྔམ་སྲེད་ལས་བྱུང་བའི“གསེར་གྱི་རྨི་ལམ”ཞིག་གིས་གནས་དེ་ནི་གོད་ཆག་ཆེན་པོ་ཞིག་གི་ནང་དུ་དྲུད། རྨི་ལམ་དེ་ལ་རིགས་གསུམ་ཡོད་དེ། དང་པོ་ས་འོག་ཏུ“གསེར་བརྐོ་བའི”རྨི་ལམ་རེད། ས་གཤིས་རྩད་ཞིབ་ལས་མངོན་པར་གཞིགས་ན་ཨ་ཆེན་གངས་རྒྱབ་ཏུ་བྱེ་གསེར་ཐོན་ཁུངས་ཀྱིས་ཁྲིམས་འགལ་གྱི་གསེར་འཚོལ་མཁན་ཁྲི་སྟོང་མང་པོའི་ཡིད་དབང་བཀུག་ཡོད།

བར་དུ་ས་སྟེང་གི“གསེར་མ་ཡིན་པའི”རྨི་ལམ་སྟེ་རི་དྭགས་གཙོད་རེད། དེས་བཟོས་པའི་གཙོད་ལྤགས་ཀྱི་སྟོད་འགག་ནི་ཕྱི་རྒྱལ་གྱི་ཚོང་རར་རིན་ཐང་གཞལ་དུ་མེད་པ་ཞིག་རེད། གསེར་འཚོལ་མཁན་གྱིས་གཙོད་གཅིག་བསད་པ་ལས་ཐོབ་པའི་ཁེ་སྤོགས་ནི་གསེར་ལས་བྲིན་པ་ཤེས་སྐབས་རི་སྐྱེས་སྲོག་ཆགས་དམར་གསོད་བྱེད་རྒྱུ་དེ་མགྱོགས་མྱུར་ངང་ཐོན་ལས་ཅན་དུ་གྱུར། བོའུ་སྐད་ཀྱི་རྗེས་སུ། གཙོད་ལྤགས་ཁོ་ན་བཤུས་ནས་ཤ་ཁྲག་ཐམས་ཅད་བྱང་ཐང་སྐྱ་མོའི་ཕང་བར་རུལ་དུ་བཅུག

མཐའ་མ་ནི་ཆུའི་ནང་གི་མཐོ་སྒང་གི་ཉ་འབུ་སེར་པོ་རེད། མཐོ་སྒང་གི་ཚྭ་མཚེའུའི་ནང་གི་སྐྱེ་དངོས་ཕྲ་མོ་དེའི་རིགས་ནི་རིན་གོང་ཆེ་ཞིང་སྤུས་བཅུད་ལྡན། གསེར་བརྐོ་རྣམས་ཀྱིས་ཉ་རྒྱ་ཕྲ་མོ་མཚེའུ་ནང་དུ་འཕངས་ཏེ་ཚད་ལས་བརྒལ་བའི་འབུ་ཟས་རྩ་ཆེན་འཛིན་བཟུང་བྱས།མཚེའུ་ཡི་སྐྱེ་ཁམས་མ་ལག་གི་དོ་མཉམ་ལ་འགོག་རྐྱེན་ཚབས་ཆེན་དང་གཏོར་བཤིག་ཆེན་པོ་བཟོས་ཡོད།

ས་འོག་དང་། ས་སྟེང་། ཆུ་དབུས་བཅས་ཕྱོགས་གསུམ་གཞི་གཅིག་ཏུ་གྱུར་པའི“གསེར་གྱི་འཕྲོག་བཅོམ”གྱིས་ཨ་ཆེན་གངས་རྒྱབ་ལ་སྔར་བྱུང་མྱོང་མེད་པའི་གོད་ཆག་ཐེབས་སུ་བཅུག་པ་དེ་ནི། ཟློས་གར་ནང་གི་དྲ་གྲོགས་ཚོས་ལྟ་ཞིབ་གཏིང་ཟབ་བྱས་པ་ལྟར“གཙང་གསུམ་འབྱུང་ཡུལ་དུ་རང་བྱུང་ཁོར་ཡུག་སྲུང་སྐྱོང་བྱས་པ་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་དང་། མཐོ་སྒང་གི་རང་བྱུང་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན་ལ་གལ་སྲིད་གཏོར་བཤིག་ཕོག་ཚེ་སླར་གསོ་བྱེད་དཀའ”ཞེས་གླེང་བརྗོད་ཚད་མེད་གནང་བཞིན་ཡོད།

《བླ་ཤིང》ཞེས་པའི་བརྙན་འཕྲིན་ཟློས་གར་དེའི་བརྗོད་དོན་ནི་རྫོང་མཁར་ཞིག་གིས་གཏེར་ཁ་གསར་སྤེལ་བྱེད་པ་ལས་བྱུང་བ་དང་། དོན་དངོས་ཁྲོད་ཀྱི་བརྗོད་སྙིང་ནི་དཔའ་བོ་ཞིག་གིས་མཚོ་བོད་སྐྱེ་ཁམས་སྲུང་སྐྱོང་ཐད་ལ་བཅངས་པའི་ཚེ་སྲོག་གི་ཕུགས་འདུན་རེད།

1992ལོར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་།སྐབས་དེ་དུས་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཡིན་པའི་རྗེ་བཟང་བསོད་ནམས་སྟོབས་རྒྱལ་གྱིས་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་འཁུར། ཁོའི་ཆེས་ཐོག་མའི་ལས་འགན་ནི་ཐོན་ཁུངས་རྩད་ཞིབ་དང་གཏེར་ཁ་འཚོལ་རྒྱུ་དེ་རེད། འོན་ཀྱང་ཁོ་རང་ཨ་ཆེན་གངས་རྒྱབ་ཏུ་ཐེངས་མང་པོར་སོང་ནས་རི་ལྟར་སྤུངས་པའི་གཙོད་ཀྱི་བེམ་པོ་དང་པགས་པ་བཤུས་པའི་བེམ་པོ་དང་གཙོད་ཁུལ་དེ་བཞིན་རྔོན་པའི་སྨྱོ་ཧམ་ཆེ་བའི་སྒར་ས་མང་པོ་མཐོང་བྱུང་།

ལས་འགན་གྱི་འགྱུར་ལྡོག་ནི་ཆེས་གཏིང་ཟབ་པའི་སེམས་འགུལ་ཐེབས་པ་ལས་བྱུང་བ་རེད། ཁྲག་དམར་འཛར་འཛར་གྱི་ཡུལ་དངོས་རེ་རེར་ཡང་ཡང་ཁ་གཏད་དེ། བསོད་ནམས་སྟོབས་རྒྱལ་ནི་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་མཁན་ཞིག་ནས་སྐྱེ་ཁམས་སྲུང་སྐྱོང་གི་སྲུང་དམག་ཅིག་ཏུ་གྱུར། ཁོའི་ལས་ཀའི་གཙོ་གནད་ཀྱང་ཐོག་མའི་གཏེར་ཁུངས་རྩད་ཞིབ་བྱེད་པ་ནས་བློ་ཐག་རྦད་བཅད་ཀྱིས་རྔོན་པ་འདེད་རྡུང་བྱེད་པའི་ཕྱོགས་སུ་བསྒྱུར།

1994ལོའི་ཟླ1པའི་ཚེས18ཉིན། བསོད་ནམས་སྟོབས་རྒྱལ་གྱིས་རྔོན་པའི་ཚོགས་པ་ཞིག་འཛིན་བཟུང་བྱས་རྗེས་ལྟ་སྐྱེལ་བྱེད་པའི་ལམ་བར་དུ་མི་ངན་གྱིས་ཚུར་རྒོལ་བྱས་པ་དང་བསྟུན་ནས། ཛ་དྲག་ཆེ་བའི་མེ་མདའི་འཐབ་འཁྲུག་ཁྲོད་ཁོའི་ལུས་ལ་མེ་མདའ་ཕོག་སྟེ་ཁྲག་མང་པོ་བཞུར་ནས་ཉི་མ་མཚོའི་འགྲམ་གྱི་མྱ་ངམ་ཐང་དུ་རང་སྲོག་བློས་བཏང་།

བསོད་ནམས་སྟོབས་རྒྱལ་གྱིས་རང་སྲོག་བློས་བཏང་བ་དེས་ཨ་ཆེན་གངས་རྒྱབ་ཀྱི་ས་གཞི་ཆེན་པོར་ཁུ་ནུ་རི་བོ་ལས་ཀྱང་བརྗིད་ཆགས་པའི་ས་མཚམས་རྡོ་རིང་ཞིག་བཙུགས། ས་མཚམས་རྡོ་རིང་དེས་ཡུལ་དེ་ནི“ཁྲིམས་མེད་ས་ཁུལ”ཞིག་གཏན་ནས་མིན་པར་དེ་གར་ངེས་པར་ཚེ་སྲོག་ལ་བརྟེན་ནས་སྲུང་སྐྱོང་བྱེད་དགོས་པའི་ཆེས་མཐོ་བའི་སྐྱེ་ཁམས་ཤིག་ཡིན་པ་བདེན་དཔང་བྱས་ཡོད་ཅིང་། དེ་ནི་ཚེ་སྲོག་དང་ལ་རྒྱ་ཡིས་བསླངས་པའི་དཔའ་བོའི་རྡོ་རིང་ཞིག་ཡིན། ཁོའི་ཚེ་སྲོག་བློས་བཏང་བ་དེས་མི་བགྲང་ལས་འདས་པ་ཞིག་གི་སྐྱེ་ཁམས་ཀྱི་བློ་མིག་ཕྱེ་བར་མ་ཟད་ཨ་ཆེན་གངས་རྒྱབ་ཀྱི་སྲུང་སྐྱོང་བྱ་གཞག་ཐད་ལ་རྒྱལ་ཁབ་ཀྱིས་མཐོང་ཆེན་དང་གཙོ་ཁྲིད་བྱེད་པའི་དབུ་ཚུགས་པ་རེད།

དཔའ་བོ་འགྱེལ་སོང་། འོན་ཀྱང་སྲུང་སྐྱོང་བྱེད་པའི་དར་ཆ་འགྱེལ་མི་སྲིད། བསོད་ནམས་སྟོབས་རྒྱལ་གྱི་གཅུང་མོའི་མག་པ་ཆུ་ཁ་གྲགས་པ་རྡོ་རྗེ་ཡིས་སེམས་ཀྱི་སྡུག་བསྔལ་བསྲན་ནས“འབྲོང་གཡག་རུ་ཁག”ཅེས་པའི་སྲུང་སྐྱོང་རུ་ཁག་ཅིག་བཙུགས། དཔུང་སྡེ་དེས་བསོད་ནམས་སྟོབས་རྒྱལ་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། སྒྲིག་ཆས་ཧ་ཅང་དཀོན་པ་དང་མཁོ་ཆས་མེད་པའི་ཐལ་དྲགས་པའི་ཆ་རྐྱེན་འོག་དྲག་ཆས་སྤྲས་པའི་རྔོན་པ་དང་འཐབ་འཛིང་བྱས།

“འབྲོང་གཡག་རུ་ཁག”གི་དཀའ་ཚེགས་ནི《བླ་ཤིང》ནང་གི་སྐོར་ཞིབ་རུ་ཁག་གི་དཀའ་ཚེགས་ཆེ་བའི་གནས་བབ་མང་པོའི་བསྡུས་གཟུགས་ཤིག་རེད། ཁོ་ཚོར་འགྲོ་གྲོན་ཧ་ཅང་དཀོན་པས་རྟག་ཏུ་གྲགས་པ་རྡོ་རྗེས་གང་སར“བསོད་སྙོམས་སློང་དུ་འགྲོ་བ”དང་ཐ་ན་རང་གི་གློ་ཁུག་ནང་གི་སྒོར་མོ་བཀོལ་བ་དང་། སྒྲིག་ཆས་རྗེས་ལུས་ཡིན་པ་དང་སྐོར་ཞིབ་རླངས་འཁོར་ཧྲུལ་ཆག་ཏུ་གྱུར་ནས་འདམ་རྫབ་དང་འཁྱགས་རོམ་ཁྲོད་དུ་ལྷུང་ནས་ཆག་སྐྱོན་ཤོར། མཁོ་ཆས་འདོན་སྤྲོད་ལ་དཀའ་ཚེགས་ཆེ་བས་མི་མེད་ས་ཁུལ་དུ་ཐེངས་གཅིག་བསྐྱོད་ཚེ་ཉིན་བཅུ་གྲངས་ཁ་ཤས་འགོར་གྱིན་ཡོད་པས་ལམ་བྲོ་དང་གངས་ཆུར་བརྟེན་ནས་འཚོ་བ་སྐྱེལ་དགོས།

དོན་དངོས་སུ1990ལོར། རྒྱལ་ཁབ་ཀྱིས་སྔ་མོ་ནས་ཨ་ཆེན་གངས་རྒྱབ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་སྤེལ་ཡོད། 1995ལོར་མཚོ་སྔོན་ཞིང་ཆེན་གྱིས་ཨ་ཆེན་གངས་རྒྱབ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་པར་ཆོག་མཆན་སྤྲད། བསོད་ནམས་སྟོབས་རྒྱལ་གྱིས་རང་སྲོག་བློས་བཏང་རྗེས། སྲུང་སྐྱོང་གི་འཕེལ་རིམ་མངོན་གསལ་དོད་པོས་ཇེ་མགྱོགས་སུ་ཕྱིན་པ་དང་། 1997ལོར་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས(སྔ་མིང་ནི་དོ་དམ་ཁྲུའུ་ཡིན)དངོས་སུ་བཙུགས་པ་དེས། སྲུང་སྐྱོང་ལས་དོན་དེར་ཆེད་འགན་འཁུར་མཁན་ལས་ཁུངས་ཡོད་པ་དང་བཅའ་ཁྲིམས་ཀྱི་གནས་བབ་ཁ་གསལ་ཡོད་པའི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། ལོ་དེར། དཔའ་བོའི་མིང་ཐོག་ནས་བཏགས་པའི“བསོད་ནམས་སྟོབས་རྒྱལ་སྲུང་སྐྱོང་ས་ཚིགས”དེ་མཚོ་བོད་གཞུང་ལམ་འགྲམ་དུ་བཙུགས་ནས་རྔོན་པར་རྒོལ་བའི་མདུན་གྲལ་རྟེན་གཞིར་གྱུར་ཡོད།

བསོད་ནམས་སྟོབས་རྒྱལ་མི་སྒེར་གྱི་གོ་རྟོགས་སད་པ་ནས“འབྲོང་གཡག་རུ་ཁག”གི་མཉམ་སྡེབ་འགོག་རྒོལ་བར་དང་།དེ་ནས་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པའི་བརྒྱུད་རིམ་དེའི་ནང་ཁྲག་དང་མིག་ཆུས་ཁེངས་ཡོད་ལ། དམངས་ཁྲོད་ཀྱི་བརྩོན་སེམས་ཆེན་པོ་དང་སྲིད་གཞུང་གི་ཆོད་སེམས་སྔར་བས་ཇེ་བརྟན་དུ་འགྲོ་བཞིན་ཡོད།

དུས་རབས21པར་སླེབས་རྗེས། ཀྲུང་གོའི་ཕྱོགས་བསྡུས་བཅོས་སྐྱོང་གི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་ཆབས་ཅིག སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་སྔར་བྱུང་མ་མྱོང་བའི་འཐབ་ཇུས་ཀྱི་མཐོ་ཚད་དུ་བཞག་ཡོད།

2005ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་སྤྱིའི་འཆར་འགོད》ལག་བསྟར་བྱེད་པར་ཆོག་མཆན་བཀོད་པ་དང་། མ་དངུལ་འབོར་ཆེན་བཏང་ནས་ཕྱུགས་བཀག་རྩྭ་གསོ་དང་། བརླན་ས་སྲུང་སྐྱོང་། ཨ་བྲའི་གནོད་འཚེ་འགོག་བཅོས་སོགས་ཀྱི་བཟོ་འགོད་རབ་དང་རིམ་པ་སྤེལ་ཡོད།

དེའི་རྗེས་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་ཆོག་མཆན་ཐོབ་ནས་བཙུགས་པ་དང་།སྲུང་སྐྱོང་བྱེད་ཤུགས་ཁྱོན་ཡོངས་ནས་རིམ་འཕར་བྱུང་ཞིང་། སྐོར་ཞིབ་དཔུང་ཁག་དངོས་གཞི་ཅན་དུ་གྱུར་ནས་སྒྲིག་ཆས་ཇེ་ལེགས་སུ་ཕྱིན། ལོ་དེ་དག་གི་རིང་། ཨ་ཆེན་གངས་རྒྱབ་མཚོ་བོད་ལམ་ཐིག་བརྒྱུད་བྱང་ནས་ལྷོ་བར་རྒྱུན་བཙུགས་བདག་སྐྱོང་ས་ཚིགས་བཞི་བཙུགས། དེ་དག་རིམ་པ་བཞིན་མུ་རིག་ཚྭ་ཆུ་དང་བསོད་ནམས་སྟོབས་རྒྱལ།སྨུག་པ་ལ་སྒང་།དམར་ཆུ་སྲུང་སྐྱོང་ས་ཚིགས་བཅས་ཡིན་པ་དང་།དེ་མིན་ཨ་ཆེན་གངས་རྒྱབ་དབུས་ཁུལ་དུ་ད་དུང་རྒྱུན་བཙུགས་ཀྱི་ཁུའུ་ནན་སྲུང་སྐྱོང་ས་ཚིགས་ཡོད་པ་དང་།ད་དུང་ཆེད་མངགས་གཙོད་ཕྲུག་རྩེབས་པར་སྲུང་སྐྱོང་བྱེད་ཆེད་བཙུགས་པའི་དུས་ཚིགས་རང་བཞིན་གྱི་དོ་དམ་སྲུང་སྐྱོང་ས་ཚིགས་འབྲོང་ནག་མཚེའུ་དོ་དམ་ས་ཚིགས་ཀྱང་བཙུགས་ཡོད།

དེ་ལས་ཀྱང་གལ་འགངས་ཆེ་བ་ཞིག་ནི་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་སྐབས་རི་སྐྱེས་སྲོག་ཆགས་ཀྱི་བགྲོད་ལམ་བཏོད་དེ་ཀྲུང་གོའི་བཟོ་འགོད་གལ་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོང་ལག་ལེན་དུ་བསྟར་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། རི་དྭགས་རྔོན་པའི་བྱེད་སྒོ་རྩ་བའི་ཆ་ནས་བཀག་འགོག་ཐུབ་ཡོད་པས། 2009ལོ་ནས་བཟུང་ཨ་ཆེན་གངས་རྒྱབ་ཏུ་གཙོད་རྔོན་པའི་གྱོད་གཞི་བྱུང་མ་མྱོང་།

2017ལོར་ཨ་ཆེན་གངས་རྒྱབ་འཛམ་གླིང་གི་རང་བྱུང་ཤུལ་བཞག་མིང་ཐོའི་ནང་འཇུག་པར་ཆོག་མཆན་ཐོབ་ནས།ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་ཀྱི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་ཐོག་མ་སྟེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དང་། ཨ་ཆེན་གངས་རྒྱབ་ཧྲིལ་པོ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་བཅུག་ནས་གཅིག་གྱུར་དོ་དམ་བྱས་པས། ཨ་ཆེན་གངས་རྒྱབ་སྲུང་སྐྱོང་གི་ཚད་གཞི་དེ་འཛམ་གླིང་རིམ་པར་སླེབས་པ་དང་དོ་དམ་དབང་ཚད་དེ་བས་གཅིག་གྱུར་བྱུང་ཡོད།

བརྙན་འཕྲིན་ཟློས་གར་ལ་བལྟས་རྗེས་དྲ་གྲོགས་ཚོས་སེམས་གཏིང་ནས་འདི་ལྟར་དཔྱད་བརྗོད་སྤེལ་ཡོད་པ་སྟེ།“《བླ་ཤིང》ལ་བལྟས་རྗེས་མཚོ་སྔོན་ནི་དབུལ་པོ་མིན་པར་སྐྱེ་ཁམས་གཙིགས་སུ་འཛིན་པའི་ས་ཆ་ཞིག་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་སོང་།”བབ་ཆགས་པའི་སྐད་ཆ་དེས་མཚོ་སྔོན་ཞིང་ཆེན་གྱི་དུས་རབས་གསར་པའི་འཐབ་ཇུས་ཀྱི་གདམ་ག་མཚོན་ཡོད།

མི་སེམས་ཀྱི་རྨ་ཁ་རིམ་བཞིན་སོས་ཀྱང་སྲུང་སྐྱོང་བྱེད་པའི་གཏམ་རྒྱུད་ད་དུང་མཇུག་བསྒྲིལ་མེད། དུས་རབས་གསར་པའི་ཨ་ཆེན་གངས་རྒྱབ་དེ་སྔོན་ཆད་དང་རྣམ་པ་མི་འདྲ་ཡང་སྔར་བཞིན་ཛ་དྲག་གི་འགྲན་སློང་ལ་འཕྲད་ཡོད། དེང་སྐབས་སྐོར་ཞིབ་རུ་མིས་གདོང་གཏད་དགོས་ས་ནི་མངོན་སུམ་འཛེམ་མེད་ཀྱི་རྔོན་པའི་ཚོགས་པ་མིན་པར་རྔོན་པའི་སེམས་ཁམས་བཅངས་ནས་ཨ་ཆེན་གངས་རྒྱབ་ཀྱི་ཕང་བ་རུ་ཁྲིམས་འགལ་ངང་འཛུལ་རྩིས་ཡོད་པའི་མི་དེ་དག་རེད།

དྲ་གྲོགས་གཞན་ཞིག་གིས་སྐད་བཞག་པ་དེས། ང་ཚོར་རྒྱ་ཆེ་བའི་དོན་སྙིང་ལྡན་ཞིང་རྒྱུན་མཐུད་ཀྱི་འགན་འཁྲི་བསྟན་ཡོད་དེ།“《བླ་ཤིང》ནང་གི་བརྙན་རིས་ཀྱིས་དངོས་གནས་སེམས་སྐྱོ་རུ་འཇུག་པ་དང་། དངོས་གནས་སྡུག་སྣང་སྟེར་བས་མིག་ཆུ་རྒྱུན་ཆད་མེད་པར་བཞུར་སོང་། ང་ཚོས་མཚོ་སྔོན་གྱི་ཚབ་བྱེད་ཐབས་བྲལ་ནའང་འུ་ཅག་སུ་ཡིན་རུང་རང་བྱུང་མཛེས་ལྗོངས་དྲིལ་སྒྲོག་ཡག་པོ་བྱེད་དགོས་པ་དང་།ཚང་མས་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་བྱེད་པར་འབོད་སྐུལ་དེ་བས་ཀྱང་བྱེད་དགོས”ཟེར།

སྤྱི་དམངས་ཚང་མའི་སྐྱེ་ཁམས་འདུ་ཤེས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་རྨང་རྡོ་ལྟ་བུ་རེད། 《བླ་ཤིང》ཞེས་པའི་བརྙན་འཕྲིན་ཟློས་གར་དེའི་མིང་ལ་གོ་དོན་ཟབ་མོ་ཡོད་དེ། ཤིང་སྡོང་དེ་ནི་ཞུམ་པ་མེད་པར་མཐོ་སྒང་དུ་སྐྱེས་པའི་རྩྭ་དང་རྩི་ཤིང་རེ་རེ་ཡིན་ལ། སླར་གསོ་བྱུང་བའི་གཙོད་ཁྱུ་དང་ཀྱག་ཀྱོག་ངང་ཤར་ཕྱོགས་སུ་བཞུར་བའི་གཙང་པོ་དེ་ཡིན།

བསོད་ནམས་སྟོབས་རྒྱལ་གྱིས་ཚེ་སྲོག་གིས་བསྐྱངས་པའི“འབྲོང་གཡག་རུ་ཁག”གིས་བརྗིད་ཉམས་ལྡན་པའི་མཛེས་སྡུག་གི་བྱང་ཐང་དེ་རུ“ཀྲུང་ཧྭའི་ཆུ་མཛོད”ཡིན་པའི་གཙང་གསུམ་འབྱུང་ཡུལ་ས་ཁུལ་དེའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་དང་རྒྱལ་ཁབ་ཡུན་རིང་འཕེལ་རྒྱས། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཚོ་གནས་ལ་འབད་བརྩོན་ལྷུར་ལེན་བྱེད་ཀྱིན་ཡོད།

བརྙན་ཡོལ་སྟེང་གི་གཏམ་རྒྱུད་མཇུག་རྫོགས་ནའང་། བྱང་ཐང་གི་སྲུང་སྐྱོང་དཔའ་བོ་རྣམས་གྲག་འགུལ་མེད་པར་མུ་མཐུད་དུ་རླབས་ཆེན་གྱི་ལས་རྐང་དེ་བརྟན་གྱིས་བསྲུངས་ཡོད་ལ། ཁོ་ཚོའི་སྐོར་ཞིབ་རླངས་འཁོར་གྱི་རྗེས་ཤུལ་སྔར་བཞིན་མྱ་ངམ་ཐང་དུ་དཔར་ཡོད་པ་དང་། སྲུང་སྐྱོང་ས་ཚིགས་ཀྱི་གསལ་ལ་མི་གསལ་བའི་གློག་སྒྲོན་སྔར་བཞིན་གྲང་ངར་ཆེ་བའི་མཚན་མོའི་སྨག་རུམ་ཁྲོད་འོད་འཚེར་བཞིན་ཡོད་ལ། གཙོད་ཁྱུ་དང་འབྲོང་ཁྱུ་མང་པོ་སྔར་བཞིན་འབྲོང་ནག་མཚེའུའི་འགྲམ་དུ་བག་ཡངས་ཀྱིས་རྩྭ་ཆུ་ལ་རོལ་བཞིན་ཡོད། །