ནད་དུག་རང་བཞིན་གྱི་མཆིན་ཚད་ལ་སྔོན་འགོག་དང་སྨན་བཅོས་བྱེད་ཐུབ།

ཁུངས། ཀློག་གྲངས།

མཆིན་པ་ལ་མིའི་ལུས་ཀྱི་ཆེས་ཆེ་བའིརྫས་འགྱུར་བཟོ་གྲྭཟེར་ཞིང་། དེར་འདྲེས་གྲུབ་དང་བརྗེ་ཚབ། དུག་སེལ། འགོག་སྲུང་སོགས་ཀྱི་བྱེད་ནུས་ལྡན་པ་ཡིན། ཆེད་མཁས་པས་ནད་དུག་རང་བཞིན་གྱི་མཆིན་ཚད་ནི་སྔོན་འགོག་དང་སྨན་བཅོས་བྱེད་ཆོག་པ་ཞིག་ཡིན་སྟབས། མང་ཚོགས་ཀྱིས་རང་ཉིད་ཀྱི་འགོག་སྲུང་ནུས་པ་ཇེ་མཐོར་གཏོང་བ་དང་རང་འགུལ་ངང་ཞིབ་བཤེར་བྱེད་པ། སྨན་བཅོས་འདུ་ཤེས་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་མཆིན་ཚད་ཀྱི་གནོད་འཚེ་སེལ་དགོས་ཚུལ་བསྟན་ཡོད།

མཆིན་པས་བྱེད་ནུས་གལ་ཆེན་མང་པོ་འགན་ལེན་བྱས་ཡོད་པས། ནད་དུག་དང་ཆང་བཅུད། སྨན་རྫས་སོགས་མངོན་མེད་ཉེན་ཁ་མང་པོར་འཕྲད་བཞིན་ཡོད། ནད་རྐྱེན་གྱི་ངོས་ནས་བཤད་ན། མཆིན་ཚད་ལ་གཙོ་བོ་ནད་དུག་རང་བཞིན་དང་ནད་དུག་རང་བཞིན་མ་ཡིན་པའི་རིགས་གཉིས་ཡོད་ཅིང་། ནད་ཀྱི་བརྒྱུད་རིམ་གྱི་ངོས་ནས་བརྗོད་ན། མཆིན་ཚད་ལ་མྱུར་ལངས་རང་བཞིན་གྱི་མཆིན་ཚད་དང་དལ་ལངས་རང་བཞིན་གྱི་མཆིན་ཚད་གཉིས་སུ་དབྱེ་ཆོག

རྒྱུས་ལོན་པ་ལྟར་ན། ནད་དུག་རང་བཞིན་གྱི་མཆིན་ཚད་ནི་ནད་གཟུགས་ཀྱིས་བསླངས་པ་ཡིན་ཞིང། འགོ་ཁྱབ་རང་བཞིན་ལྡན་པར་མ་ཟད། དམིགས་བསལ་གྱི་འགོ་ལམ་ཡང་ཡོད། གཙོ་བོ་མཆིན་ཚད་ཀ་པ་དང་མཆིན་ཚད་ཁ་པ། མཆིན་ཚད་ག་པ། མཆིན་ཚད་ང་པ། མཆིན་ཚད་ཅ་པ་བཅས་ཡོད། ནད་དུག་རང་བཞིན་མ་ཡིན་པའི་མཆིན་ཚད་ལ་ཆང་བཅུད་རང་བཞིན་གྱི་མཆིན་ཚད་དང་མཆིན་པ་ཚིལ་འགྱུར། རང་ངོས་རིམས་ཐར་རང་བཞིན་གྱི་མཆིན་ཚད། རྒྱུད་འཛིན་བརྗེ་ཚབ་རང་བཞིན་གྱི་ནད་རིགས་བཅས་ཡོད།

ད་སྐབས་ནད་དུག་རང་བཞིན་གྱི་མཆིན་ཚད་ཀྱང་སྔོན་འགོག་དང་སྨན་བཅོས་བྱེད་ཐུབ་ལ། འགོག་ཁབ་རྒྱག་པ་དང་ནད་དུག་གི་འགོ་ལམ་གཅོད་པ། བདེ་ཐང་གི་འཚོ་བའི་གོམས་གཤིས་ཆགས་པ་སོགས་ཀྱིས་སྔོན་འགོག་བྱེད་ཐུབ། དཔེར་ན། འབྲེལ་ཡོད་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ན་མཆིན་ཚད་ཀ་པ་དང་མཆིན་ཚད་ཁ་པ། མཆིན་ཚད་ཅ་པ་བཅས་ཀྱི་འགོས་ནད་སྔོན་འགོག་ནུས་ལྡན་བྱེད་ཐུབ་ལ། མཆིན་ཚད་ག་པའི་ནད་དུག་ནི་གཙོ་བོ་འགོ་ལམ་གཅོད་པའི་ཐོག་ནས་སྔོན་འགོག་བྱེད་དགོས། མཆིན་ཚད་ག་པའི་ནད་དུག་འགོ་མཁན་མང་ཆེ་བ་ལ་དུས་ཡུན་ཐུང་ངུའི་ནད་དུག་འགོག་པའི་སྨན་བཅོས་བྱས་ན་ལུས་པོའི་ནད་དུག་གཙང་སེལ་བྱེད་ཐུབ་ལ། སྨན་འཐུང་ཡུན་ཟླ་བ3ནས6བར་ཡིན།

ནད་དུག་རང་བཞིན་གྱི་མཆིན་ཚད་མང་ཆེ་བར་འགོ་ནད་བྱུང་བའི་ཐོག་མའི་དུས་སུ་དམིགས་བསལ་གྱི་ནད་རྟགས་མེད་པ་དང་། ནད་ཕོག་པའི་བརྒྱུད་རིམ་མངོན་གསལ་མིན་པས་སྣང་མེད་དུ་འཇོག་སླ་བ་ཡིན། ཆེད་མཁས་པས་གྲོས་མགོ་བཏོན་པ་ལྟར་ན། མང་ཚོགས་ཀྱིས་མཆིན་པའི་བྱེད་ལས་བརྟག་དཔྱད་དང་མཆིན་ཚད་ནད་དུག་གི་ཞིབ་བཤེར། ཚོན་ལྡན་ཚད་བརྒལ་སྒྲ་རླབས་བརྟག་དཔྱད་སོགས་ལུས་པོའི་བརྟག་དཔྱད་རྣམ་གྲངས་སྔ་མོ་ནས་ཚགས་བཤེར་བྱས་ཆོག་པ་དང་། དུས་མཚུངས་སུ་མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་ལེགས་པོ་ཆགས་སུ་བཅུག་སྟེ། བཟའ་བཏུང་གི་བདེ་འཇགས་ལ་འགན་ལེན་དང་བདེ་འཇགས་མིན་པའི་སྨན་ཁབ་རྒྱག་པ། ཁྲག་འདྲེན་པའི་བྱ་སྤྱོད་མི་སྤེལ་བ་སོགས་རྒྱུན་འཁྱོངས་བྱེད་དགོས། མཆིན་ཚད་ནད་པས་སྨན་པའི་ངག་བཞིན་ནད་དུག་འགོག་པ་དང་མཆིན་པར་སྲུང་སྐྱོབ་སྨན་བཅོས་བྱེད་དགོས་ལ། ཆོས་ཉིད་ལྟར་སྨན་འཐུང་བ་དང་དུས་བཅད་ལྟར་བསྐྱར་བཅོས་བྱེད་དགོས་པར་མ་ཟད། བདེ་ཐང་གི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས་བྱས་ཏེ། ཆང་དང་ཐ་མག་གཅོད་པ། མཚན་འཁྱོངས་མི་བྱེད་པ། སེམས་ཁམས་སྙོམས་སྒྲིག་ལ་དོ་སྣང་བྱེད་པ་སོགས་བྱ་དགོས།

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།