མཆིན་ཚིལ་ནད་ཀྱི་སློང་རྐྱེན་དང་བཅོས་ཐབས།

ཁུངས། ཀློག་གྲངས།

  དེང་སྐབས། མཆིན་ཚིལ་ནད་དེའང་རྒྱུན་མཐོང་གི་ནད་རིགས་ཤིག་ཏུ་གྱུར་ཡོད་མོད། ཡིན་ནའང་མཆིན་ཚིལ་ནད་ཕོག་མཁན་མང་ཆེ་བས་རང་ཉིད་ལ་ན་ཚ་འདི་ཕོག་ཡོད་པ་ཤེས་ཀྱིན་མེད། སྤྱིར་ན་ནད་རིགས་འདིར་མངོན་གསལ་གྱི་ནད་རྟགས་ཅི་ཡང་ཐོན་མི་སྲིད་མོད། ཡིན་ཡང་ལུས་པོའི་བདེ་ཐང་ལ་གནོད་ངེས་

རེད།

མི་མང་པོ་ཞིག་གིས་མཆིན་ཚིལ་ནད་ནི་ན་ཚ་ཆུང་ཆུང་ཞིག་རེད་བསམས་ནས་དོ་སྣང་ཆེན་པོ་བྱེད་ཀྱིན་མེད། དོན་དངོས་སུ་དེར་སྣང་ཆུང་མི་བྱེད་པར་ངེས་པར་དུ་དོ་སྣང་བྱེད་དགོས་པ་ཞིག་རེད།

མཆིན་ཚིལ་ནད་ཀྱི་སློང་རྐྱེན་གང་ཡིན་ནམ།

དུས་རྒྱུན་བཟའ་བཏུང་ཚོད་མི་འཛིན་པ་དང་འཚོ་བཅུད་ལ་དོ་སྣང་མི་བྱེད་པར། ཤ་རིགས་མང་པོ་ཟ་བ་མ་ཟད། སྔོ་ཚོད་དང་ཤིང་ཏོག་གི་རིགས་མི་ཟ་བའི་གོམས་གཤིས་ཡོད་པ་ལས་གཞན། ད་དུང་ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་ན། མཆིན་ཚིལ་ནད་ཕོག་སླ་བ་རེད།

བཏུང་བྱ་མང་ཆེ་བར་མངར་ཆ་མང་པོ་འདུས་ཡོད། མངར་ཆ་མང་པོ་བསྟེན་པ་ནི་བྱིས་པ་དང་དར་མར་མཆིན་ཚིལ་ནད་ཕོག་པའི་སློང་རྐྱེན་གཙོ་བོ་རེད།

རྒྱུན་དུ་ཐཱན་ཆུ་འདྲེས་འགྱུར་གྱི་ཟས་རིགས་མང་པོ་ཟོས་ན། མཆིན་ཚིལ་ནད་ཕོག་སླ་བ་རེད།

མཆིན་ཚིལ་ནད་ཇི་ལྟར་གསོ་བཅོས་བྱེད་དགོས་སམ།

ཚོ་དྲག་པ་ནི་མཆིན་ཚིལ་ནད་སློང་བའི་རྒྱུ་རྐྱེན་གཙོ་བོ་རེད། མི་ཚོན་པོ་མང་ཆེ་བར་མཆིན་ཚིལ་ནད་ཕོག་ཡོད། དེ་བས་མཆིན་ཚིལ་ནད་གསོ་བཅོས་བྱེད་དགོས་ན་ངེས་པར་ཚོ་བྱང་དུ་འཇུག་དགོས།

ཉིན་རེར་ལུས་སྦྱོང་བྱེད་དགོས་ཤིང་། ཐེངས་རེར་ལུས་རྩལ་སྐར་མ་སུམ་ཅུའི་ཡན་བྱས་ན་ཚོ་བྱང་བར་ཕན།

གཞན་ཡང་། མཆིན་ཚིལ་ནད་འདི་སྤྱིར་ན་ཆང་རག་དང་འབྲེལ་བ་ཆེན་པོ་ཡོད། མཆིན་ཚིལ་ནད་ཡོད་ཚེ་རབ་ཡིན་ན་རང་ཉིད་ཀྱི་ལུས་པོའི་བདེ་ཐང་གི་ཆེད་དུ་ཆང་རག་སྤང་དགོས།

མཆིན་ཚད་ཀ་པ་དང་མཆིན་ཚད་ཁ་པ། ཆམ་རིམས། དེ་བཞིན་གློ་བའི་གཉན་རིམས་སོགས་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ནས། མཆིན་པར་སྲུང་སྐྱོང་ཡག་པོ་བྱེད་དགོས།

ནམ་རྒྱུན་འཚོ་བའི་ཁྲོད་དུས་ཡུན་རིང་པོར་ཐཱན་ཆུ་འདྲེས་འགྱུར་གྱི་ཟས་རིགས་མང་པོ་ཟ་བ་དང་ལུས་སྦྱོང་བྱེད་པར་དགའ་པོ་མེད་པ། མི་ཚོན་པོ་བཅས་ཡིན་ཕྱིན་མཆིན་ཚིལ་ནད་ཕོག་ཉེན་ཆེ་བས། ངེས་པར་དུ་རང་ཉིད་ཀྱི་ལུས་པོའི་བདེ་ཐང་ལ་དོ་སྣང་བྱེད་དགོས། 

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།