ལྕགས་རྟར་ཞོན་ན་ལུས་པོར་ཕན་ཐོགས་ཆེ་བ།

ཁུངས། ཀློག་གྲངས།

  མི་ཁ་ཤས་ལྕགས་རྟར་ཞོན་རྒྱུར་དགའ་པོ་མེད་ལ། ལྕགས་རྟར་ཞོན་ན་པུས་མོར་གནོད་དོགས་ཀྱི་སེམས་ཁྲལ་བྱེད་ཀྱིན་ཡོད། དོན་དངོས་སུ་རུས་ནད་ཚན་ཁག་གི་སྨན་པས་ལྕགས་རྟར་ཞོན་པ་ནི་པུས་མོར་ཕན་ཐོགས་ཡོད་པའི་ལུས་རྩལ་རྣམ་གྲངས་བཟང་པོ་ཞིག་ཏུ་བརྩིས་ཡོད།

ལྕགས་རྟར་ཞོན་ན་གཅིག་ནས་ལུས་པོར་སྦྱོང་བརྡར་ཐོབ་པ་དང་། གཉིས་ནས་མཁའ་དབུགས་གསར་པ་ལོངས་སུ་སྤྱོད་ཐུབ་ལ། གསུམ་ནས་ལམ་བར་གྱི་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཀྱིན་སེམས་ཀྱི་གནོན་ཤུགས་སེལ་ཐུབ་པ། གཞན་ད་དུང་ཁོར་ཡུག་སྲུང་སྐྱོང་ལའང་ཕན་ནུས་ཐོན་པ་རེད།

དང་པོ།  ལྕགས་རྟར་ཞོན་པ་ནི་པུས་མོར་ཕན་པའི་ལུས་རྩལ་ཞིག་རེད།

ཆེད་མཁས་པས་བསྟན་དོན། ཚན་རིག་དང་མཐུན་པའི་ངང་ལྕགས་རྟར་ཞོན་ཚེ་པུས་མོར་རྨས་སྐྱོན་མི་ཕོག་པར་མ་ཟད། དེ་ལས་ལྡོག་སྟེ་པུས་ཚིགས་བདག་སྐྱོང་ལ་ཧ་ཅང་ཕན།

གཅིག  ཕོག་ཐུག་ཆུང་བའི་ལུས་རྩལ་ཞིག་རེད།

ཐག་མཆོང་རྒྱག་པ་སོགས་ཀྱི་ལུས་རྩལ་དང་བསྡུར་ན། ལྕགས་རྟར་ཞོན་དུས་ པུས་མོའི་ཕྲུམ་རུས་ལ་རྨས་སྐྱོན་ཆེན་པོ་ཐེབས་མི་སྲིད། འགུལ་སྐྱོད་གསོ་རིག་ཞིབ་འཇུག་མི་སྣས་སྔོན་དཔོག་བྱས་པ་ལྟར་ན། ལམ་ངོས་སྙོམས་པོ་དང་འབྲིང་རིམ་འགོག་ཤུགས་འོག་ཚན་རིག་དང་མཐུན་པའི་སྒོ་ནས་ལྕགས་རྟར་ཞོན་ན་པུས་མོར་ཤུགས་ཐེབས་ཚད་སྤྱིར་བཏང་དུ་ལུས་པོའི་ལྗིད་ཚད་ཀྱི་ལྡབ0.5ནས1.6བར་ཡིན།

གཉིས།  རྐང་པའི་ཤ་གནད་ལ་སྦྱོང་བརྡར་བྱེད་ཐུབ་པ།

ལྕགས་རྟར་ཞོན་པའི་བརྒྱུད་རིམ་ཁྲོད་བརླ་ཤའི་རྒྱབ་མདུན་གྱི་ཤ་གནད་ཀྱི་སྟོབས་ཤུགས་ཆེ་རུ་འགྲོ་ཐུབ་ཅིང་། ཤ་གནད་དེ་དག་ནི་པུས་མོའི་རང་བྱུང་གི་ཡོམ་འགོག་ཡོ་ཆས་ཤིག་དང་འདྲ་བས། ཤ་གནད་ལ་ཤུགས་ཐེབས་ནས་པུས་མོ་ཇེ་བདེ་རུ་འགྲོ་ངེས།

མི་ལ་ལས་ལྕགས་རྟ་ཞོན་དུས་པུས་མོ་ན་བའི་རྒྱུ་མཚན་གཙོ་བོ་ནི། རྐུབ་སྟེགས་དམའ་དྲགས་པ་དང་འགོག་ཤུགས་ཆེ་དྲགས་པ། རྐང་པས་ལྕགས་རྟ་བསྐོར་སྟངས་མ་འགྲིག་པ་བཅས་རེད།

གཉིས་པ། རྒྱུན་དུ་ལྕགས་རྟ་ཞོན་ན་ལུས་པོར་ཕན་པ་ཆེ།

ཆེད་མཁས་པས་བཤད་པ་ལྟར་ན། ལྕགས་རྟར་ཞོན་པ་ནི་དབྱང་ལྡན་ལུས་རྩལ་དང་དབྱང་མེད་ལུས་རྩལ་ཟུང་དུ་འབྲེལ་བའི་འགུལ་སྐྱོད་ཀྱི་རྣམ་པ་ཞིག་ཡིན་པས། ལུས་ཕུང་ཡོངས་ཀྱི་ཁྲག་རྩའི་ནུས་པ་དང་། སྙིང་དང་གློ་བའི་ནུས་པ། ཤ་གནད་དང་རུས་པའི་མ་ལག   བརྗེ་ཚབ་མ་ལག་བཅས་ཚང་མར་ཕན་ཐོགས་ཆེན་པོ་ཡོད་པར་བསྟན།

གཅིག   ཁྲག་རྩའི་ནུས་པ་ལེགས་བཅོས་བྱེད་ཐུབ་པ། 

ལྕགས་རྟར་ཞོན་ན་སྙིང་གི་འཕར་ལྡིང་ཇེ་མགྱོགས་སུ་འགྲོ་བ་དང་ཁྲག་རྒྱུན་ལ་སྐུལ་འདེད་བཏང་སྟེ་ཁྲག་རྩ་རྒྱ་བསྐྱེད་པ་དང་། དབྱང་གཅིག་ཏན་རྫས་གཙང་སེལ་ཐུབ་པ་བཅས་ལ་བརྟེན་ནས་ཁྲག་རྩའི་བྱེད་ལས་ལེགས་བཅོས་ཐུབ་པ་ཡིན།

གཉིས།  རུས་པའི་ཤུགས་ཚད་ཆེ་རུ་གཏོང་ཐུབ།

རུས་པར་ལྗིད་ཐེག་གི་ནུས་པ་ལྡན་པ་ཕུད། གཞན་ད་དུང་ཁྲག་བཟོ་བ་དང་ཀལ་གསོག་པའི་ནུས་པ་ལྡན། ལྕགས་རྟར་ཞོན་དུས་རུས་པར་འོས་འཚམ་གྱི་ཤུགས་རྐྱེན་ཐེབས་ནས་ཀལ་རྒྱུ་བསྡུ་ལེན་བྱེད་པར་སྐུལ་འདེད་གཏོང་ཐུབ་པ་དང་རུས་པའི་ཤུགས་ཆེ་རུ་གཏོང་ཐུབ།

གསུམ།  ལུས་པོའི་ཚིལ་ལུ་ཞུ་ཐུབ།

ལྕགས་རྟར་ཞོན་ན་ལུས་པོའི་བརྗེ་ཚབ་ནུས་པ་དང་ཚ་ཚད་འཕེལ་ནུས། ཚིལ་ལུ་ཞུ་ནུས་བཅས་ཇེ་ཆེར་འགྲོ་བཞིན་ཡོད་ལ། ལྕགས་རྟར་ཞོན་རྗེས་ཀྱང་ཕན་འབྲས་དེ་དག་ད་དུང་ཆུ་ཚོད་ཁ་ཤས་ལ་རྒྱུན་འཁྱོངས་བྱེད་ཐུབ།

བཞི། ཚིགས་རྙིང་འགྱུར་འགོག་ཐུབ།

དུས་ཡུན་རིང་པོར་ལྕགས་རྟར་ཞོན་ན་རྐང་པའི་བརླ་ཤའི་ཤ་གནད་དང་འཕོངས་ཚོས་ཀྱི་ཤ་གནད། ཉྭ་རིལ་གྱི་ཤ་གནད་བཅས་ལ་སྲུང་སྐྱོབ་བྱེད་ཐུབ། ཤུགས་དང་ལྡན་པའི་ཤ་གནད་ཀྱིས་རྨས་སྐྱོན་འགོག་ཐུབ་པར་མ་ཟད། རུས་ཚིགས་ལ་སྲུང་སྐྱོབ་ཐུབ་པ་དང་ཚིགས་རྙིང་འགྱུར་འགོག་ཐུབ།

ལྔ།  གློ་སྙིང་གི་ནུས་པ་ཆེ་རུ་གཏོང་ཐུབ།

ལྕགས་རྟར་ཞོན་དུས་སྙིང་གི་འཕར་ཚད་ལ་འགྱུར་ལྡོག་གང་མང་གཏོང་བས། ལྕགས་རྟར་ཞོན་པ་རྒྱུན་འཁྱོངས་བྱས་ན་སྙིང་ཤའི་འཁུམ་བསྡུ་ལ་སྔར་བས་ནུས་པ་ལྡན་ཞིང་། གློ་སྙིང་གི་ནུས་པ་ཆེ་རུ་གཏོང་ཐུབ།

དྲུག   གཉིད་ལེགས་བཅོས་བྱེད་ཐུབ།

ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཡུན་རིང་པོར་འགུལ་སྐྱོད་མི་བྱེད་པར་འདུག་མཁན་གྱི་གཉིད་མི་ཁུག་པའི་ནད་པས་དུས་ཡུན་སྐར་ མ20ནས30བར་འོས་འཚམ་གྱིས་ལྕགས་རྟར་ཞོན་ན། གཉིད་པའི་དུས་ཡུན་ཆུ་ཚོད1ཙམ་ཇེ་རིང་དུ་གཏོང་ཐུབ།

བདུན།  སེམས་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ།

ལྕགས་རྟར་ཞོན་ན་ད་དུང་ཁྲག་དྭངས་རྒྱུའི་ཟགས་ཐོན་ཇེ་མང་དུ་གཏོང་ཐུབ་ཅིང་། ལྕགས་རྟར་ཞོན་ནས་སྐར་མ10སོང་མ་ཐག་སེམས་ཁམས་ཇེ་ལེགས་སུ་ཕྱིན་ནས་གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ།

གསུམ་པ། ལྕགས་རྟར་ཞོན་སྟངས་འགྲིག་ན་ངལ་དུབ་ཆུང་བ་རེད།

སྤྱིར་བཏང་ལྕགས་རྟར་ཞོན་ནས་ཆུ་ཚོད་ཕྱེད་ཀ་ཡན་བསྐྱོད་ཚེ་དབྱང་ལྡན་ལུས་རྩལ་གྱི་ཕན་འབྲས་བཟང་པོ་ཐོན་ཐུབ་པ་དང་། ཚ་ནུས་ཟད་གྲོན་དེ་རྒྱུག་པ་དང་ཆུར་རྐྱལ་བ་དང་ཁྱད་པར་མེད། ཡིན་ཡང་བདེ་འཇགས་ཡིན་ལ་སྐྱིད་སྣང་ལྡན་པའི་ལྕགས་རྟར་ཞོན་འདོད་ན་གཤམ་གྱི་ཕྱོགས་འགར་མཉམ་འཇོག་བྱེད་དགོས།

དང་པོ།  རྐུབ་སྟེགས་ཀྱི་མཐོ་ཚད་འོས་འཚམ་བྱེད་དགོས།

རྐུབ་སྟེགས་དམའ་དྲགས་ན་པུས་མོ་གུག་ཚད་ཆེ་དགོས་སྟབས། པུས་ཚིགས་ན་སྲིད་པ་དང་། རྐུབ་སྟེགས་མཐོ་དྲགས་ན་སྐེད་མཚམས་དང་ཁོག་སྟོད་ན་སྲིད་པས་རྐུབ་སྟེགས་ཀྱི་མཐོ་ཚད་རང་ཉིད་ཀྱི་ལུས་པོར་འཚམ་དགོས།

གཉིས་པ།  རྐུབ་སྟེགས་དང་རྭ་ཅོའི་བར་ཐག་ཡག་པོ་འཇོག་དགོས།

རྐུབ་སྟེགས་དང་རྭ་ཅོའི་བར་ཐག་རིང་དྲགས་ན། ལྕགས་རྟར་ཞོན་པའི་བརྒྱུད་རིམ་ནང་སྒལ་ཚིགས་དང་རྐེད་ཚིགས། དཔུང་ཚིགས་སོགས་ལ་གནོད་སྐྱོན་ཐེབས་ནས་ན་ཟུག་གཏོང་བ་དང་རྨས་སྐྱོན་ཕོག་སླ། གལ་ཏེ་བར་ཐག་ཉེ་དྲགས་ན་པུས་ཚིགས་ཀྱི་གནོན་ཤུགས་ཆེ་རུ་ཕྱིན་ནས་པུས་ཚིགས་ལ་རྨས་སྐྱོན་ཕོག་སླ་བར་མ་ཟད། རྐང་པའི་ཤུགས་ཟད་ནས་འགུལ་སྐྱོད་བྱེད་ཚད་ཇེ་ཉུང་དུ་གཏོང་ཐུབ།

གསུམ་པ།  ཡང་དག་པའི་འདུག་སྟངས་རྒྱུན་འཁྱོངས་བྱེད་དགོས།

ལྕགས་རྟར་ཞོན་སྐབས་ལུས་པོ་ཅུང་ཟད་མདུན་དུ་ཕྱོགས་པ་དང་དཔུང་པ་གཉིས་དྲང་མོར་བརྐྱངས་བ། དབུགས་གཏོང་སྟངས་ལེགས་པོ་སྤྱོད་པ། པུས་མོ་དང་དཔྱི་ཚིགས་གཉིས་ཀྱིས་གཞོགས་འདེགས་ཡག་པོ་བྱེད་དགོས་པ་བཅས་དང་། གཞན་ད་དུང་ལྕགས་རྟའི་འཁོར་འགྲོས་དང་བསྟུན་གང་ཐུབ་བྱེད་དགོས།

བཞི་བ།  མྱུར་ཚད་མགྱོགས་མི་རུང་།

མི་རེ་རེའི་གཟུགས་གཞིའི་གནས་ཚུལ་མི་འདྲ་བས་ལྕགས་རྟར་ཞོན་པའི་མྱུར་ཚད་ལ་གཅིག་གྱུར་གྱི་ཚད་གཞི་མེད། སྤྱིར་བཏང་གི་གནས་ཚུལ་འོག་རང་ཉིད་ཀྱི་སྙིང་གི་འཕར་ཚད་ལ་གཞིགས་ནས་ལྕགས་རྟར་ཞོན་པའི་མྱུར་ཚད་ཚོད་འཛིན་བྱེད་དགོས།

ལྔ་བ།  སྟ་གོན་ལུས་རྩལ་ཡག་པོ་བྱེད་དགོས།

ལྕགས་རྟར་མ་ཞོན་གོང་ལ་པུས་མོ་བརྐྱང་བསྐུམ་བྱེད་པ་དང་། རྐང་པ་ཡར་འགྱོགས་པ་སོགས་སྟ་གོན་ལུས་རྩལ་ཡག་པོ་བྱེད་དགོས་ལ། ལྕགས་རྟར་ཞོན་ཚར་རྗེས་ཀྱང་རྐང་ལག་འགུལ་སྐྱོད་བྱེད་པ་སོགས་སྟབས་བདེའི་ལུས་རྩལ་ཡང་དག་ སྦྱོང་དགོས།

མཉམ་འཇོག་བྱ་རྒྱུ་ཞིག་ནི་རྒྱུན་མཐུད་ངང་ལྕགས་རྟར་ཞོན་པའི་དུས་ཡུན་རབ་ཡིན་ན་ཆུ་ཚོད་གཅིག་ཡས་མས་སུ་ཚོད་འཛིན་བྱེད་དགོས་ཤིང་། དུས་ཡུན་རིང་དྲགས་ན་བདེ་ཐང་ལ་གནོད་པ་བཟོ་སྲིད།

གལ་སྲིད་ལྕགས་རྟར་ཞོན་ནས་འགྲོ་སྐབས་པུས་ཚིགས་ལ་ན་ཟུག་མངོན་གསལ་བྱུང་ན། པུས་ཚིགས་དང་མཉེན་པའི་ཕུང་གྲུབ་ལ་རྨས་སྐྱོན་ཕོག་པ་གསལ་བཤད་ཐུབ་པས་དུས་ཐོག་ཏུ་སྨན་པར་སྟོན་དགོས། 

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།