
རིམས་འགོག་ནུས་པ་ཇེ་དམའ་རུ་སོང་ན་ལུས་པོར་ཉེན་བརྡ་གང་དག་ཡོད་པའི་སྐོར་ནས་ངོ་སྤྲོད་ཅིག་བྱས་ན་འདི་
ལྟ་སྟེ།
གཅིག སེམས་འཚུབ་སླ་བ། དུས་རྒྱུན་གནོན་ཤུགས་ཆེ་བ་ནི་རིམས་འགོག་མ་ལག་ཇེ་ཞན་དུ་འགྲོ་བའི་བརྡ་རྟགས་ཤིག་ཡིན་སྲིད། གལ་ཏེ་རྒྱུན་དུ་དོན་དག་ཁ་ཤས་ཀྱི་དབང་གིས་གནོན་ཤུགས་ཆེ་དྲགས་པ་དང་འཇིགས་སྣང་སྐྱེས་ཚེ། རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བའི་ཉེན་ཁ་ལ་བསམ་བློ་གཏོང་དགོས། ཞིབ་འཇུག་ཅིག་ལས་ར་སྤྲོད་བྱས་པ་ལྟར་ན། དུས་ཡུན་རིང་པོར་གནོན་ཤུགས་ཆེ་དྲགས་ཚེ། ལུས་སྟེང་གི་ཕྲ་ཕུང་དཀར་པོ་ཇེ་ཉུང་དུ་སོང་ནས་རིམས་འགོག་མ་ལག་ལ་ཤུགས་རྐྱེན་ཐེབས་པས། རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ་རེད།
གཉིས། རྒྱུན་དུ་ཆམ་ནད་ཕོག་པ། མི་དར་མ་ལ་ལོ་རེར་ཆམ་ནད་ཐེངས2ནས3བར་འབྱུང་བ་རྒྱུན་ལྡན་ཡིན། སྤྱིར་བཏང་གི་ཆམ་ནད་ཕལ་ཆེར་གཟའ་འཁོར་གཅིག་གི་ནང་དུ་དྲག་སྐྱེད་འབྱུང་ཐུབ། གལ་ཏེ་རྒྱུན་དུ་ཆམ་ནད་འབྱུང་བའམ་ཡང་ན་ཡུན་རིང་དུ་མི་དྲག་ན། རིམས་འགོག་ནུས་པ་ཞན་པའི་རྟགས་རེད། ཞིབ་འཇུག་སྙན་ཞུ་ཞིག་ལས་བསྟན་པ་ལྟར་ན། རིམས་འགོག་ནུས་པ་ཞན་པའི་མིར་ཆམ་ནད་ཕོག་ཚེ་དབུགས་ལམ་གྱི་ནད་རིགས་ཚབས་ཆེན་འབྱུང་སླ་སྟེ། དཔེར་ན་གློ་ཡུའི་ཡན་ལག་གཉན་ཚད་དང་གློ་ཚད་སོགས་ལྟ་བུ་རེད།
གསུམ། ཕོ་རྒྱུ་རྒྱུན་མཐུད་ངང་མི་བདེ་བ། གལ་ཏེ་རྒྱུན་དུ་ཕོ་བ་ལ་དབུགས་སྦོས་པ་དང་ཁོག་པ་བཤལ་བ། རྩ་སྐམ་པ་སོགས་ཕོ་བ་དང་རྒྱུ་མའི་གནད་དོན་བྱུང་ཚེ། རིམས་འགོག་མ་ལག་ལ་གནོད་སྐྱོན་ཕོག་པའི་ཉེན་བརྡ་ཡིན། ཞིབ་འཇུག་ཅིག་ལས་ར་སྤྲོད་བྱས་པ་ལྟར་ན། རྒྱུ་ལམ་ནི་མིའི་ཁོག་གི་རིམས་འགོག་དབང་བོ་ཆེ་ཤོས་ཡིན་པའི་ངོས་ནས་དེས་རིམས་འགོག་ཕྲ་ཕུང70%ཡན་ལ་དོ་དམ་བྱེད་བཞིན་ཡོད། དུས་མཚུངས་སུ་དེ་ནི་མིའི་ལུས་ཕུང་གི་བྲེལ་འཚུབ་ཆེས་ཆེ་བའི་དབང་པོ་ཡིན་པས། ཕལ་ཆེར་དུས་དང་རྣམ་པ་ཀུན་ཏུ་མིའི་ལུས་ཕུང་ལ་འཚོ་བཅུད་མཁོ་འདོན་བྱེད་བཞིན་ཡོད། གལ་ཏེ་རྒྱུ་མའི་བྱེད་ནུས་གཏན་འཇགས་མིན་པ་སྟེ། དཔེར་ན། ཕན་ལྡན་ཕྲ་སྲིན་གྱི་གྲངས་འབོར་མ་འདང་ཚེ་ནད་དུག་དང་ཕྲ་སྲིན་འགོ་བ། རིམས་འགོག་མ་ལག་གི་གཏན་འཇགས་འཁྲུག་པ་སོགས་ཀྱི་སྲིད་ཕྱོད་ཆེ་བ་ཡིན།
བཞི། རྒྱུན་དུ་ཐང་ཆད་པ། མཚན་གང་པོར་གཉིད་ཀྱང་ཧ་ཅང་ཐང་ཆད་པའི་ཚོར་བ་ཡོད་པ་ནི་རྒྱུན་ལྡན་ཞིག་མིན་པས་ངེས་པར་དུ་དོ་སྣང་བྱ་དགོས། རིམས་འགོག་མ་ལག་གིས་རྣམ་རིག་ལ་ཤུགས་རྐྱེན་ཐེབས་པས། གལ་ཏེ་རྒྱུན་དུ་རྣམ་རིག་སྒྲིམ་མི་ཐུབ་ན། རིམས་འགོག་མ་ལག་ཇེ་ཞན་དུ་སོང་མིན་ལ་བསམ་བློ་གཏོང་དགོས།
ལྔ། འགོས་ནད་འབྱུང་སླ་བ་དང་དྲག་སྐྱེད་འབྱུང་ཚད་དལ་བ། རིམས་འགོག་མ་ལག་ཇེ་ཞན་དུ་སོང་བའི་མི་དར་མར་འགོས་ནད་སྣ་ཚོགས་འབྱུང་སླ་སྟེ། དཔེར་ན། ལོ་གཅིག་གི་ནང་ལ་གློ་ཚད་ཐེངས་གཉིས་ལྷག་ལ་ཕོག་པ་དང་རྣའི་ཚ་ནད་ཐེངས་མང་དུ་འབྱུང་བ། དྲག་སྐྱེད་འབྱུང་ཚད་དལ་བ་སོགས་ལྟ་བུ་ཡིན།
དེ་བས་རིམས་འགོག་མ་ལག་ལ་སྲུང་སྐྱོབ་བྱེད་པ་དང་སྟོབས་ལྡན་དུ་གཏོང་བ་ལ། ཆེད་མཁས་པས་བདེ་ཐང་གི་འཚོ་བའི་གོམས་གཤིས་རྒྱུན་འཁྱོངས་བྱ་དགོས་པར་བསྟན་ཡོད་པ་སྟེ། གཉིད་འདང་ངེས་ཤིག་ལོག་པ་དང་འཕྲོད་བསྟེན་ལ་དོ་སྣང་བྱེད་པ། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་པ། སེམས་ཁམས་སྙོམས་སྒྲིག་བྱེད་པ། བཟའ་བཏུང་སྙོམས་སྒྲིག་བྱེད་པ། ཆུ་མང་ཙམ་འཐུང་བ། འབྱུང་གནོད་ཟས་རིགས་ཉུང་ཙམ་ཟ་བ། ཐ་མག་མི་འཐེན་པ་དང་ཆང་འཐུང་བར་ཚོད་འཛིན་བྱེད་པ་བཅས་བྱ་དགོས།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།