རྒྱུན་དུ་ཇ་ལྗང་འཐུང་ན་ལུས་ཁམས་བདེ་ཐང་ལ་ཕན།

ཁུངས། ཀློག་གྲངས།

ཞོགས་པར་ཇ་ལྗང་ཕོར་བ་གང་འཐུང་བ་ནི་མི་མང་པོ་ཞིག་གི་ཉིན་གཅིག་གི་འཚོ་བ་མགོ་རྩོམ་པའི་ལུགས་སྲོལ་ལྟ་བུར་གྱུར་ཡོད། ལོ་ངོ་སྟོང་ཕྲག་བརྒྱུད་པའི་བདེ་ཐང་གི་བཏུང་བྱ་ཞིག་ཡིན་པའི་ཆ་ནས། ཇ་ལྗང་ལ་ཤར་ཕྱོགས་རིག་གནས་ཀྱི་བཅུད་ཟབ་མོ་ལྡན་པར་མ་ཟད། དེ་ལས་ལྷག་པའི་བདེ་ཐང་གི་རིན་ཐང་ལྡན་པས་ཀུན་གྱིས་དོ་ཁུར་བྱེད་བཞིན་ཡོད། ང་ཚོས་ཇ་ལྗང་གིས་བདེ་ཐང་ལ་ཕན་པའི་སྐོར་བགྲོ་གླེང་བྱེད་སྐབས། དེའི་ཤུགས་སུ་ཚན་རིག་གི་གཞི་འཛིན་ས་གང་དག་ཡོད་པ་དང་། གཅོང་ནད་སྔོན་འགོག་དང་བཅོས་སྐྱོང་གི་རང་བྱུང་རོགས་ཟླ་ཞིག་ཏུ་ཇི་ལྟར་གྱུར་པ་སོགས་ལ། ང་ཚོས་རང་བྱུང་ཁམས་ཀྱིས་གནང་བའི་བདེ་ཐང་གི་ལེགས་སྐྱེས་འདིའི་གསང་བ་མཉམ་དུ་འཚོལ་བར་བྱ། ཇ་ལྗང་འཐུང་ན་བདེ་ཐང་ལ་ཕན་ཇི་ལྟར་ཐོགས་པ་ཡིན་ནམ།

བསྐྱུར་བསྙལ་བྱས་པའི་ཇ་དམར་དང་བསྙལ་མཚམས་བྱས་པའི་ཇ་ཝུའུ་ལུང་གཉིས་དང་བསྡུར་ན། ཇ་ལྗང་གིས་དྲོད་ཚད་མཐོན་པོས་དབྱིབས་དང་སྤུས་ཀ་གཏན་འཁེལ་བྱེད་པའི་གོ་རིམ་བརྒྱུད། ཇ་ལོ་གསར་པའི་རང་བྱུང་གི་ནུས་པ་ལྡན་པའི་གྲུབ་ཆ་རྣམས་ཚད་གཞི་མཐོ་ཤོས་ཀྱིས་སོར་འཇོག་བྱས་ཡོད། དེའི་ནང་། ཆེས་དོ་ཁུར་ཐེབས་པ་ནི་མིང་ལ་ཁྲ་ཏའོ་ཧྥིན་ཟེར་བའི་དངོས་རྫས་ཤིག་རེད། འོན་ཀྱང་ཁྲ་ཏའོ་ཧྥིན་གྱི70%ཟིན་པའི་ཨེར་ཁྲ་སུའུ་ནི་ཇ་ལྗང་གི་བདེ་ཐང་ནུས་པ་འདོན་པའི་གནད་འགག་གྲུབ་ཆ་ཞིག་ཡིན་ལ། ལྷག་པར་ཨེར་ཁྲ་སུའུ་ནང་གི་སྐྱུར་ཞག་དེས་དབྱང་འགྱུར་འགོག་པའི་ནུས་པ་ཧ་ཅང་འབུར་དུ་ཐོན་ལ། ཇ་ལྗང་ཧའོ་ཧྲེང་བརྒྱ་རེའི་ཁྲོད་ཧ་ལམ་ཧའོ་ཧྲེང71འདུས། ཞིབ་འཇུག་འབོར་ཆེན་ལས་ར་སྤྲོད་བྱུང་བ་ལྟར་ན། ནུས་ལྡན་དངོས་རྫས་འདི་དག་གིས་ཇ་ལྗང་གི་བདེ་ཐང་སྲུང་སྐྱོང་བྱ་བར་ཚན་རིག་གི་རྨང་གཞི་བཏིང་ཡོད།

དེ་མིན། ཇ་ལྗང་ནི་གཅོང་ནད་བཅོས་སྐྱོང་གི་ཐད་ནས་ཀྱང་ནུས་པ་སྣ་མང་འདོན་མཁན་ཞིག་ཡིན་ཏེ། དེའི་དགེ་མཚན་གཙོ་བོ་གཤམ་གསལ་གྱི་ཕྱོགས་འདི་དག་ནས་མཚོན་ཡོད།

གཅིག  བརྗེ་ཚབ་སྙོམ་སྒྲིག་བྱེད་པ།

ཚོ་འབུད་པ་ནི་གཅིན་སྙི་ཟ་ཁུ་དང་སྙིང་ཁམས་ཁྲག་རྩའི་ནད་སོགས་ཀྱི་ཐུན་མོང་གི་ཉེན་ཁའི་རྒྱུ་རྐྱེན་རེད། ཇ་ལྗང་གིས་འགུལ་སྐྱོད་དང་བཟའ་བཏུང་ཚོད་འཛིན་གྱི་ཚབ་བྱེད་མི་ཐུབ་ཀྱང་། ཐབས་ལམ་མང་པོ་བརྒྱུད་དེ་ལུས་པོའི་ལྗིད་ཚད་དོ་དམ་ལ་རམ་འདེགས་བྱེད་ཐུབ། ཇ་ལྗང་འཐུང་ན་ལྟོ་བ་རྒྱགས་པའི་ཚོར་བ་ཇེ་ལེགས་སུ་གཏོང་ཐུབ་ལ། ཇ་ལྗང་ཁྲོད་ཀྱི་ཁྲ་ཏའོ་ཧྥིན་གྱིས་འཇུ་ལམ་ནང་གི་ཚིལ་རྩབས་ཚོད་འགོག་བྱེད་ཐུབ་ཅིང་། མཆིན་པའི་ཚིལ་ལི་བརྗེ་ཚབ་ཇེ་མང་དུ་གཏོང་ཐུབ། དེས་ད་དུང་ནུས་ཚད་ཟད་གྲོན་ལ་སྐུལ་འདེད་དང་ཚིལ་ལི་དབྱང་འགྱུར་ལ་བརྟེན་ནས་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་གཏོང་ཐུབ།

ཞིབ་འཇུག་ལས་མངོན་པ་ལྟར་ན། ཆོས་ཉིད་དང་ལྡན་པའི་སྒོ་ནས་ཨེར་ཁྲ་སུའུ་ཇ་ལྗང་བསྡུ་ལེན་བྱས་ན་ལུས་ཚིལ་དང་མཁྲིས་རྒྱུ་གཤེར་རྩིའི་ཆུ་ཚད་ཇེ་དམའ་རུ་གཏོང་ཐུབ། དམིགས་བསལ་གྱི་ཚིལ་གསོག་པའི་གནད་དོན་ལ་མཚོན་ན། བདེ་ཐང་བཟའ་བཏུང་དང་འགུལ་སྐྱོད་ལ་རམ་འདེགས་བྱས་ཚེ།ཇ་ལྗང་གིས་ཀྱང་ལེགས་བཅོས་ཀྱི་ནུས་པ་འདོན་སྤེལ་བྱེད་ཐུབ།

གཉིས།  སྙིང་ཁམས་ཁྲག་རྩར་སྲུང་སྐྱོང་བྱེད་པ།

སྙིང་དང་ཁྲག་རྩའི་བདེ་ཐང་ནི་དུས་རྒྱུན་གྱི་བདག་སྐྱོང་དང་ཁ་འབྲལ་ཐབས་མེད། ཇ་ལྗང་ཁྲོད་ཀྱི་ཨེར་ཁྲ་སུའུ་ཡིས་ཁྲག་རྩའི་ནང་པགས་ཀྱི་ནུས་པ་བརྟན་པོར་གཏོང་ཐུབ་ལ།འཕར་རྩ་སྲ་འགྱུར་གྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། དེའི་རྐྱེན་གྱིས་དུས་ཡུན་རིང་པོར་ཇ་ལྗང་འཐུང་ན་ཀླད་སྙིང་ཁྲག་རྩའི་ནད་གཞི་དང་འཆི་བའི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ། མི་དར་མ་ཁྲི་བཞི་ལྷག་ལ་ཡུན་རིང་རྗེས་སྙེག་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་རེར་ཉུང་མཐའ་ཡང་ཇ་ལྗང་ཕོར་བ5འཐུང་བའི་མི་ཚོགས་ལ་ནད་འབྱུང་ཚད་མངོན་གསལ་གྱིས་ཇེ་དམའ་རུ་སོང་ཡོད་པར་མ་ཟད། བུད་མེད་རྣམས་སྙིང་ཁམས་ཁྲག་རྩའི་ནད་ཀྱིས་ཤི་བའི་ཉེན་ཁ31%གིས་ཇེ་དམའ་རུ་སོང་ཡོད། གཞན་ཡང་ཞིབ་འཇུག་ལས་ར་སྤྲོད་བྱས་པ་ལྟར་ན། ཆོས་ཉིད་ལྡན་པའི་ངང་ཇ་ལྗང་འཐུང་མཁན་གྱི་སྤྱིའི་མཁྲིས་རྒྱུ་གཤེར་རྩི་དང་མཁྲིས་རྒྱུ་གཤེར་རྩི་ངན་པའི་ཆུ་ཚད་སྔར་ལས་དམའ་བ་དང་། ཁྲག་ཤེད་ཀྱང་དེ་བས་གཏན་འཇགས་སུ་གནས་ཡོད།

གསུམ།  ཁྲག་ཚིལ་སྙོམ་སྒྲིག་བྱེད་པ།

ལུས་ཕུང་བདེ་ཐང་གི་མི་ཚོགས་དང་ཡང་ན་ལྗིད་ཚད་ལས་བརྒལ་བའི་མི་གང་ཞིག་ཡིན་རུང་། ཇ་ལྗང་གིས་ཁྲག་ཚིལ་སྙོམ་སྒྲིག་བྱེད་ཐུབ། རྒྱུ་མཚན་ནི་ཇ་ལྗང་གི་གྲུབ་ཆ་གཙོ་བོ་ཨེར་ཁྲ་སུའུ་ཡིས་དྭངས་ཁྲག་ནང་གི་སྤྱིའི་མཁྲིས་རྒྱུ་གཤེར་རྩི་དང་། སྟུག་ཚད་དམའ་བའི་སྤྲི་དཀར་དང་མངར་སྣུམ་ཚིལ་གསུམ་གྱི་ཚད་གཞི་ཇེ་དམའ་རུ་བཏང་ནས།ལུས་ཁམས་ཀྱི་རྙིང་ཚབ་གསར་བརྗེ་དོ་མཉམ་ཡོང་བ་རྒྱུན་འཁྱོངས་བྱེད་ཐུབ།

བཞི། གཅིན་སྙི་ཟ་ཁུའི་ནད་སྔོན་འགོག་བྱེད་པ།

མི་གྲངས་ཆིག་ཁྲི་བདུན་སྟོང་ལ་ཕྱིར་བལྟས་རང་བཞིན་གྱི་བརྟག་དཔྱད་བྱས་པའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། ཇ་ལྗང་མང་དུ་འཐུང་ན་གཅིན་སྙི་ཟ་ཁུའི་ཉེན་ཁ་ཇེ་ཆུང་དུ་འགྲོ་བ་དང་། ཡང་ཞིབ་འཇུག་གཞན་ཞིག་ལས་མངོན་པ་ལྟར་ན། ཉིན་རེར་ཇ་ལྗང་ཕོར་བ3ཡན་འཐུང་མཁན་ལ་རིགས་གཉིས་པའི་གཅིན་སྙི་ཟ་ཁུའི་ནད་ཕོག་པའི་ཉེན་ཁ་སྔར་ལས་དམའ་བ་ཤེས་རྟོགས་བྱུང་ཡོད།

ཇ་ལྗང་འཐུང་བ་དེས་དབྱང་འགྱུར་སྐུལ་བསྟུན་ཇེ་ཡང་དུ་གཏོང་བ་དང་།དེ་བཞིན་ཁྲག་མངར་ཚོད་འཛིན་ལ་རམ་འདེགས་བྱེད་ཐུབ། མི་ཚོགས་དཀྱུས་མས་ཉིན་རེར་ཕོར་བ3ཡན་འཐུང་ནས་བདེ་ཐང་བཟའ་བཏུང་གི་ཁ་གསབ་བྱེད་རྒྱུ་གལ་ཆེ།

ལྔ།  སྐྲན་ནད་ཕོག་པའི་ཉེན་ཁ་ཇེ་དམའ་རུ་གཏོང་བ།

ཇ་ལྗང་གི་སྐྲན་འགོག་པའི་ནུས་པ་ནི་གཙོ་བོ་དེའི་ནང་དུ་ཡོད་པའི་ཨེར་ཁྲ་སུའུ་ཟེར་བའི་གྲུབ་ཆ་དེར་ཐུག་ཡོད། དེ་ལ་སྐྲན་ནད་གསོ་བཅོས་བྱེད་པའི་ནུས་པ་མི་ལྡན་མོད། འོན་ཀྱང་སྲོག་ཆགས་དང་མིའི་རིགས་ལ་བརྟག་དཔྱད་བྱས་པ་ལྟར་ན། ཇ་ལྗང་འཐུང་ན་མིད་པའི་འབྲས་སྐྲན་དང་གློ་བའི་འབྲས་སྐྲན། ཕོ་བའི་འབྲས་སྐྲན། ནུ་མའི་འབྲས་སྐྲན། ལོང་གའི་འབྲས་སྐྲན་སོགས་ཀྱི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ། དེ་ཡང་ཨེར་ཁྲ་སུའུ་ཡིས་ཕྲ་ཕུང་རྒྱུན་ལྡན་མིན་པར་འཕེལ་བ་བཀག་འགོག་བྱས་པར་རག་ལས་ཤིང་། འབྲས་སྐྲན་གྱི་ཟུར་ཚད་མང་པོའི་སྲུང་རགས་ཆགས་ཡོད།

དྲུག  ཀླད་པ་གསོ་སྐྱོང་བྱེད་པ།

འདར་ནད་སོགས་དབང་རྩ་ཉམས་པའི་ནད་རིགས་ཀྱིས་རྒན་པ་མང་པོར་སུན་སྣང་བཟོ་བཞིན་ཡོད། ཇ་ལྗང་ནང་གི་ཨེར་ཁྲ་སུའུ་ཡིས་ཀླད་ཁྲག་སྔོན་འགོག་བྱེད་པ་བརྒྱུད་ནས་དབྱང་འགྱུར་དང་གཉན་ཚད་འགོག་པའི་ནུས་པ་འདོན་པས། ཀླད་པའི་དབང་རྩའི་ཕྲ་ཕུང་ལ་སྲུང་སྐྱོང་བྱེད་ཐུབ། དེས་རྒས་པའི་དབང་གིས་དྲན་པ་ཉམས་པ་དང་འདར་ནད་འབྱུང་བ་སྔོན་འགོག་བྱེད་ཐུབ། ཞིབ་འཇུག་ལས་མངོན་པ་ལྟར་ན། ཇ་ལྗང་འཐུང་མཁན་ཚོར་འདར་ནད་དང་ཀླད་པའི་ནུས་པ་ཉམས་པའི་ནད་ཕོག་ཚད་མངོན་གསལ་གྱིས་དམའ་བ་རེད།

བདུན། གཉན་ཚད་འགྱུར་འབྱུང་ཇེ་ཡང་དུ་གཏོང་བ།

གཉན་ཚད་ནི་གཅོང་ནད་མང་པོ་ཞིག་གི་རྩ་བ་ལྟ་བུ་རེད། ཇ་ལྗང་དང་ཨེར་ཁྲ་སུའུ་ལ་ཚ་ནད་འགོག་པའི་ཁྱད་གཤིས་ཡོད་ཅིང་། གཉན་ཚད་གྲུབ་ཆ་ཕྱིར་གཏོང་བྱེད་པར་བཀག་འགོག་དང་། རིམས་ཐར་ཕྲ་ཕུང་གྲུང་གཤིས་འཚམ་སྒྲིག་བྱས་ནས། གྲུམ་ནད་ཇེ་སྡུག་དང་གཉན་ཚད་གཞན་པ་འབྱུང་བ་འགོག་ཐུབ། མིག་སྔར་མི་ལུས་ཞིབ་འཇུག་སྔར་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་ནའང་། ད་ཡོད་ཀྱི་བདེན་དཔང་ལས་ཇ་ལྗང་དེ་གཉན་ཚད་དང་འབྲེལ་བ་ཡོད་པའི་ནད་རྟགས་ཇེ་ལེགས་སུ་གཏོང་བའི་འཚོ་བའི་རམ་འདེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད།

བརྒྱད། རུས་པ་སྲུང་སྐྱོབ་བྱེད་པ།

རུས་སོབ་ནི་དར་མ་དང་རྒན་པའི་རྒྱུན་མཐོང་གི་ནད་ཅིག་རེད། ཞིབ་འཇུག་ལས་ཤེས་གསལ་ལྟར་ན། ཇ་ལྗང་འཐུང་རྒྱུར་དགའ་བའི་མི་རྣམས་ཀྱི་རུས་པའི་སྟུག་ཚད་ཉམས་པ་སྔར་ལས་དལ་བ་དང་། རུས་ཆག་འབྱུང་བའི་ཉེན་ཁ་སྔར་ལས་ཆུང་བ་རེད། སྲོག་ཆགས་དངོས་བཤེར་ལས་ཤེས་པ་ལྟར་ན། ཇ་ལྗང་གིས་རྒས་པ་དང་གཉན་ཚད་སོགས་ལས་བྱུང་བའི་རུས་སོབ་གནས་ཚུལ་ཇེ་ལེགས་སུ་གཏོང་ཐུབ་པར་མ་ཟད། ཚོ་བུད་དེ་རུས་པར་ཐེབས་པའི་ཤུགས་རྐྱེན་ཇེ་ཡང་དུ་གཏོང་ཐུབ།

དགུ།  ཇ་ལྗང་ཚན་རིག་དང་མཐུན་པར་འཐུང་བ།

འོས་འཚམ་གྱིས་འཐུང་དགོས། ཉིན་རེར་ཕོར་3ནས4དང་། ཕོར་བ་རེར་ཧའོ་ཧྲེང200ནས300འཐུང་ཚེ། བདེ་ཐང་གི་དགོས་མཁོ་བསྐང་ཐུབ་པར་མ་ཟད། ཕོ་རྒྱུའི་ཁུར་བོའང་ཇེ་ཡང་དུ་གཏོང་ཐུབ།

ཚད་ལས་བརྒལ་མི་རུང་། འཐུང་ཚད་མང་དྲགས་ན་ཕོ་བ་མི་བདེ་བ་རེད། ཇ་ལྗང་ཁྲོད་ཁོ་ཧྥེའི་གྲུབ་ཆ་ཉུང་ཙམ་ཡོད་པས་གཉིད་ལ་ཤུགས་རྐྱེན་ཐེབས་སྲིད།

ཡུན་རིང་རྒྱུན་འཁྱོངས་བྱེད་པ། བདེ་ཐང་གི་ཕན་ནུས་ནི་ཡུན་རིང་རྒྱུན་འཁྱོངས་བྱས་པ་ལས་བྱུང་བ་ཞིག་ཡིན་པས། མཚམས་རེར་འཐུང་བ་ཙམ་གྱིས་ཕན་ནུས་ཆེན་པོ་ཐོན་མི་སྲིད།

འཚོ་བའི་གོམས་གཤིས་དང་ཟུང་འབྲེལ་བྱེད་པ། ཇ་ལྗང་གིས་བཟའ་བཏུང་དང་ལུས་རྩལ་གྱི་ཚབ་བྱེད་མི་ཐུབ་པས། དེ་དག་དང་ཟུང་འབྲེལ་བྱས་ནས་འཐུང་ན་ཧ་ཅང་ལེགས།

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།