
འབྲོག་པ་བརྙན་ལེན་པ་ཚེ་རིང་དོན་འགྲུབ་ཀྱི་གཏམ་རྒྱུད།

ཚེ་རིང་དོན་འགྲུབ་ཀྱི་བརྙན་མིག་ཨ་མྱེས་རྨ་ཆེན་དང་རྩྭ་ཐང་གི་སྐྱེ་རྒུ་ཡོད་དོ་ཅོག་ལ་གཏད་ཡོད།

ངལ་གསོའི་རྣམ་པ།

ཨ་མྱེས་རྨ་ཆེན་གངས་རི།
མགོ་ལོག་རྨ་ཆེན་གྱི་རི་སྐྱེས་སྲོག་ཆགས་ཨ་བྲ།

ཨ་མྱེས་རྨ་ཆེན་གངས་རི།
ངའི་ལག་གི་ལྗིད་ཏིག་ཏིག་གི་པར་དེབ་འདིའི་ནང་དོན་ཕུན་སུམ་ཚོགས་ལ། པར་རིས་བརྩམས་ཆོས་ཉིས་བརྒྱ་ལྷག་ཡོད་པ་ཚང་མ་ཨ་མྱེས་རྨ་ཆེན་གངས་འདབས་ཀྱི་ས་གཞི་ཆེན་མོར་འབྲེལ་ཞིང་སྦྲེལ་ཡོད། བརྩམས་ཆོས་འདི་དག་ལས་རང་བྱུང་ཁམས་ལ་བརྩི་འཇོག་དང་ཚེ་སྲོག་གི་སྟོབས་ཤུགས་མངོན་ཡོད་པར་མ་ཟད། བརྙན་ལེན་པ་ཞིག་གིས་ལོ་ངོ་མང་པོའི་རིང་ལ་རི་ཆུ་མང་པོ་བརྒལ་ཞིང་རི་སྐྱེས་སྲོག་ཆགས་དང་འགྲོགས་པའི་པར་ལེན་གྱི་ཞབས་རྗེས་མཚོན་ཡོད། རང་ས་རང་ཡུལ་གྱི་འབྲོག་མི་ཞིག་གི་ལག་ནས་པར་དེབ་འདི་ལྟ་བུ་ཞིག་ཐོན་ཐུབ་ཅེས་བཤད་ན་ཧ་ཅང་རློམ་དཀའ་བ་ཞིག་ཏུ་སྣང་།
ཚེ་རིང་དོན་འགྲུབ་དང་དངོས་སུ་མ་ཐུག་སྔོན་ལ། ཁོའི་མིང་དེ་ཐེངས་མང་པོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་དུས་དེབ་སྟེང་ནས་མཐོང་མྱོང་། ལོ་ངོ་འདི་དག་གི་རིང་ལ། གྲངས་འཛིན་པར་ཆས་ཁྱབ་གདལ་དང་འཚོ་བའི་ཆུ་ཚད་མཐོར་འདེགས་ཕྱིན་པ་དང་བསྟུན་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རོང་འབྲོག་པ་སྔར་ལས་མང་པོ་པར་ལེན་རྒྱུར་དགའ་མོས་བྱུང་བ་དང་། དེའི་ཁྲོད་ནས་འབུར་ཐོན་མི་སྣ་ཁ་ཤས་ལ་པར་ལེན་འགྲན་བསྡུར་མི་འདྲ་བའི་ཁྲོད་བྱ་དགའ་ཐོབ་མྱོང་། ཆེས་དམིགས་བསལ་གྱི་ཚོགས་པ་འདིར་སྤྱི་ཚོགས་དང་ལྷག་པར་དུ་པར་ལེན་ལས་རིགས་ཀྱིས་དོ་ཁུར་བྱེད་ཀྱིན་ཡོད་དེ། ཁོ་ཚོའི་འཚར་ལོངས་ཀྱི་གཏམ་རྒྱུད་མང་པོ་ང་ཚོས་ཇི་མ་ཇི་བཞིན་དུ་རྟོགས་དཀའ་མོད། ཡིན་ཡང་། ངས་བསམ་ན་འཚར་ལོངས་ཀྱི་གཏམ་རྒྱུད་དེ་དག་རང་ག་བ་ཞིག་ག་ལ་ཡིན།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དུ་དངོས་སུ་ཚེ་རིང་དོན་འགྲུབ་དང་ངོ་ཐུག་པ་ཡིན། རྨ་ཆེན་རྫོང་དུ་འགྲོ་དོན་ནི་རྫོང་འདིར་དམིགས་ནས་ཆེད་དུ་དུས་དེབ་ཅིག་སྒྲིག་པར་གྲ་སྒྲིག་བྱེད་ཆེད་ཡིན་ལ། ཚང་མས་མ་གྲོས་རང་མཐུན་གྱིས་ཚེ་རིང་དོན་འགྲུབ་ངོ་སྤྲོད་བྱས་བྱུང་། རྨ་ཆེན་དུ་བཅར་འདྲིར་འགྲོ་སྐབས་ཏག་ཏག་དབྱར་འགོ་ཡིན་པས། རླངས་འཁོར་རྨ་ཆུ་སྔོན་མོ་ལྷུང་ལྷུང་བཞུར་སའི་ཁྲི་ཀ་བརྒྱུད་རྗེས། རི་ཀླུང་དང་གྲོག་རོང་བརྒལ་ཞིང་། དྲི་བཞོན་བུ་མོས་ང་ཚོའི་བཞིན་ལ་བྱིལ་བྱིལ་བྱས་ནས་སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྦྱིན་པ་དང་། རི་འགོ་རུ། རྩྭ་དང་རྩི་ཏོག་གི་མགོ་ལྕོག་ལྡེམ་ལྡེམ་གཡོ་ཞིང་། མེ་ཏོག་སྣ་བརྒྱ་སྡུག་གུར་བཞད་ཡོད་པས། ང་ཚོར་མིག་གི་ལོངས་སྤྱོད་གྱ་ནོམ་པ་ཞིག་བསྩལ་བྱུང་། ལམ་བར་དུ་ངས་ཚེ་རིང་དོན་འགྲུབ་ལ་འབྲེལ་གཏུག་བྱས་ནས་ང་ཚོ་མཉམ་འཛོམས་ཀྱི་དུས་ཚོད་གཏན་འཁེལ་བྱས་པ་ན། ཁ་པར་ལས་ཚེ་རིང་དོན་འགྲུབ་ཀྱང་རྨ་ཆེན་རྫོང་དུ་ཡོང་བའི་ལམ་བར་ན་ཡོད།
དགོང་ཟས་ཟོས་རྗེས་ཕྱིར་མགྲོན་ཁང་དུ་ཐོན་མ་ཐག ཚེ་རིང་དོན་འགྲུབ་ཀྱིས་ཁང་བའི་སྒོ་རྡུང་བྱུང་། ཁོས་རང་གིས་སྤྱི་སྐད་རྣལ་མ་ཞིག་བཤད་མི་ཐུབ་སྙམ་ནས་ཤ་ཉེ་སློབ་ཆེན་སློབ་མ་ཞིག་སྐད་སྒྱུར་ལ་བོས་འདུག དེ་ལྟར། རྨ་ཆེན་རྫོང་གི་ལྷིང་འཇགས་ཀྱི་མཚན་གཞུང་འདིར་ཚེ་རིང་དོན་འགྲུབ་དང་འབྲེལ་བའི་གཏམ་རྒྱུད་ཀྱི་དབུ་ཁྱུད་འབྲི་འགོ་བརྩམས།
གཅིག
1977ལོར། ཨ་མྱེས་རྨ་ཆེན་གངས་འདབས་ཀྱི་མཛེས་སྡུག་གི་རྩྭ་ཐང་དུ་ཚེ་རིང་དོན་འགྲུབ་ཀྱི་ཚེ་སྲོག་གི་ངུ་སྐད་ཐོག་མ་གྲགས་འོངས་པ་དང་། ཕ་མ་གཉིས་ཀྱིས་དཀའ་སྡུག་གང་མང་མྱངས་ནས་བྱིས་པ་བཅུ་གཉོར་སྐྱོང་བྱས་ཤིང་། ཁོ་ལོ་ན་དྲུག་ལ་བུད་པ་ནས་བཟུང་ནོར་རྫིའི་ལས་ཀ་ཁུར་དུ་བླངས། ཁོའི་མིག་ལམ་དུ་རྩྭ་ཐང་ནི་དེ་འདྲའི་ཡངས་ཤིང་རྒྱ་ཆེ་ལ། གངས་རི་ནི་དེ་འདྲའི་བརྗིད་ཅིང་ཚར་དུ་དངར་བ་ཞིག་ཡིན་ཕྱིར། རང་བྱུང་ཁམས་ཀྱིས་ཁོའི་བྱིས་དུས་ཀྱི་འཚོ་བར་སྨྲ་བསམ་བརྗོད་འདས་ཀྱི་མཛེས་སྡུག་དང་སྤྲོ་དགའ་གནང་ཡོད། ཡིན་ཡང་། ནམ་རྒྱུན་ཁོས་གྲོགས་པོ་ཆུང་ཆུང་ཚོས་དཔེ་ཁུག་ཁུར་ནས་སློབ་གྲྭར་འགྲོ་བ་མཐོང་ཚེ་སེམས་ནས་རང་དབང་མེད་པར་ཡིད་སྨོན་སྐྱེ་བཞིན་ཡོད་དེ། ཁོ་སློབ་གྲྭར་འགྲོ་འདོད་ཀྱི་འདུན་པ་དྲག་པོ་ཡོད་རུང་། ཁྱིམ་ཚང་གི་འཁོས་ཀ་ཞན་པས་ཁོའི་རེ་བ་དོན་སྨིན་ཡོང་མ་ཐུབ། སྤྲིན་དཀར་གྱི་རྒྱུ་བ་དང་ཨ་མྱེས་རྨ་ཆེན་གྱི་བརྗིད་ཉམས་མཐོང་ཚེ། ཁོས་ཕྱུགས་རིགས་དཀར་ནག་མིག་གིས་འཚོ་ཞོར་རི་མོ་འབྲི་རྒྱུའི་སེམས་ཚོར་སྐྱེས། ཆེད་ལས་ཅན་གྱི་འབྲི་སྨྱུག་དང་འབྲི་ཤོག་གི་ཆ་རྐྱེན་འཛོམས་པོ་མེད་ཀྱང་། ཁོས་ཐུམ་རྒྱག་ཤོག་བུ་བཙལ་ནས་ཡང་དང་བསྐྱར་དུ་སྦྱོང་བ་བྱས་ཤིང་། དགེ་རྒན་གྱི་མཛུབ་སྟོན་དང་ཟུར་ལྟའི་དཔེ་ཆ་སོགས་གང་ཡང་མེད་རུང་། སྔར་བཞིན་ནོར་གནག་དང་། རྩྭ་རྩི་ཤིང་། མེ་ཏོག་དཀར་དམར། ད་རུང་ཀྲོང་ངེར་འགྱིང་བའི་ཨ་མྱེས་རྨ་ཆེན་གངས་རི་བཅས་ལ་མིག་གིས་ཅེར་ནས་འབྲི་སྦྱོང་ལ་འབད་པ་རེད། སྐབས་དེ་དང་བསྟུན་ནས། ཁོའི་རྗེས་ཕྱོགས་ཀྱི་པར་ལེན་ལས་ཀ་དང་ཕུལ་བྱུང་པར་ལེན་བརྩམས་ཆོས་ལ་རྨང་གཞི་བཏིང་ཡོད་པར་འདོད། དེ་ལྟར། ཉི་མ་རེ་རེའི་ནོར་རྫིའི་འཚོ་བའི་ཁྲོད་ནས་ལོ་ངོ་བཅུ་མིག་རྡེབ་དབང་ཙམ་གྱིས་འདས། ལོ་ན་བཅུ་དྲུག་ལ་སོན་སྐབས། ཁོ་གཟུགས་པོ་རིང་ལ་ལང་ཚོ་དར་བའི་ན་གཞོན་རྫིག་པོ་ཞིག་ཏུ་ཆགས་ཡོད། ཁོའི་འཇིལ་ལི་འཁྱིལ་བའི་སྐྲ་ལོ་རིང་པོ་དེ་མཚོན་བྱེད་རང་བཞིན་གྱི་སྣང་བརྙན་དུ་གྱུར་ཡོད། ལོ་ན་བཅུ་བདུན་ལ་བུད་པའི་ལོ་དེར། ཁོ་གཉེན་ཉེ་ཞིག་གི་རྗེས་སུ་འབྲངས་ནས་ཚོང་གཉེར་བ་དང་། ནམ་རྒྱུན་རྨ་ཆེན་དང་ལྷ་སའི་བར་འདུར་རྒྱུག་བྱས་ཤིང་། ཕ་ཡུལ་དང་གྱེས་པའི་ལོ་ཟླ་དེ་དག་ལ་ཁོས་སྔར་ལས་ཡངས་པའི་རྒྱལ་ཁམས་མཐོང་བར་མ་ཟད། མི་གཤིས་ཀྱི་མཛེས་པ་མི་འདྲ་བ་ཞིག་ངམ་ངམ་ཤུགས་ཀྱིས་ཚོར་དུ་བཅུག ཚོང་གཉེར་ལས་ཀར་དཀའ་ཁག་ཅི་འདྲ་ཆེ་རུང་། ཉིན་གསོག་ཟླ་གསོག་བྱས་རྗེས་ལག་ཡོང་ཅུང་ཙམ་ཡོད་པས། ཁོས་རང་གི་འདོད་པ་ལྟར་མི་ཚེའི་པར་ཆས་ཐོག་མ་ཉོས། པར་ཆས་དེའི་སྒྲིག་ཆས་དང་བྱེད་ནུས་སྟབས་བདེ་ཡིན་ཡང་། ཕ་ཡུལ་གྱི་འབྲོག་པ་མང་ཚོགས་ཀྱི་འཚོ་བ་ངོ་མ་ཇི་བཞིན་དུ་ཕབ་ལེན་བྱས་ཡོད། སྐབས་དེའི་བརྩམས་ཆོས་དེ་དག་ལས་པར་ལེན་ཐད་ལྷན་སྐྱེས་ཀྱི་རྣམ་དཔྱོད་མངའ་བ་མཐོང་ཐུབ།
ལོ་ཟླ་ནི་རི་གཟར་གྱི་རྦབ་རྡོ་བཞིན་བཟློག་ཏུ་མེད། ཚེ་རིང་དོན་འགྲུབ་ལོ་ཉི་ཤུའི་སྐབས་སུ་ས་གནས་དེ་གའི་འབྲོག་མོ་ཞིག་ཆུང་མར་བསུས། དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་བསྐྲུན་ཆེད། ཁོས་རང་གིས་ལག་འགུལ་ནས་ཁང་པ་ཕུབ་རྒྱུའི་སེམས་ཐག་བཅད། ཡིན་ཡང་། སྐབས་དེར། དེ་ནི་མངོན་འགྱུར་འབྱུང་སླ་བ་ཞིག་ག་ལ་ཡིན། ཁོའི་དཔལ་འབྱོར་གྱི་འཁོས་ཀ་ཞན་པས། གཞན་པར་སྒོར་མོ་བསྐྱི་དགོས་ལ། ཁང་པའི་རྒྱུ་ཆ་ཚང་མ་ཟི་ལིང་ནས་ཉོ་དགོས་པ་དང་། སྐབས་དེའི་ཁོའི་ཕ་ཡུལ་གྱི་འགྲོ་ལམ་སྟབས་བདེ་མིན་ཕྱིར། ལམ་དུམ་རེར་རླངས་འཁོར་བགྲོད་མི་ཐུབ་པར་ཟོག་ལ་ཁལ་བཀལ་ནས་སྐྱེལ་དགོས། ཡིན་ནའང་། ཁོས་དཀའ་བ་སྣ་ཚོགས་དང་དུ་བླངས་ནས་རང་ཉིད་ལ་དབང་བའི་ཁང་པ་དྲོན་མོ་ཞིག་བསྐྲུན་ཐུབ་སོང་། གཞིས་ཁྱིམ་དེ་རུ་ལོ་ངོ་བཅུ་ཁ་ལྷག་ལ་དབྱར་གསུམ་གྱི་ཆར་ཆུ་དང་དགུན་གསུམ་གྱི་ཙག་རླུང་ལ་གཡོལ་མྱོང་མོད། ཡིད་ཕངས་པ་ཞིག་ལ། བྱིས་པ་གཉིས་ཀ་འཆི་བདག་གི་ཞགས་པས་ཁྲིད་སོང་བས། ཁོའི་སེམས་པ་སྡུག་ལ་སྦྱར་ཞིང་འཚོ་བར་སྐྱོ་སྣང་གིས་ཁེངས། ཚེ་རིང་དོན་འགྲུབ་ཀྱིས་སེམས་ཀྱི་སྐྱོ་བ་སངས་པའི་ཆེད་དུ་བརྙན་ཕབ་བྱ་བར་རྩེ་གཅིག་ཏུ་གཞོལ། བརྙན་ཕབ་ལ་དགའ་མོས་ཡོད་མཁན་ཚོས་སྔ་རྗེས་སུ་པར་ཆས་གསར་པ་ཉོས་པ་མཐོང་དུས་ཁོར་ཡིད་སྨོན་ཚད་མེད་སྐྱེ་ཞིང་། དབྱར་རྩྭ་བརྐོས་པའི་ཡོང་འབབ་འབྱོར་རྗེས། ཁོས་ཆུང་མར་གྲོས་བྱས་ནས་པར་ཆས་ཉོ་རྒྱུའི་བསམ་ཚུལ་བཏོན་པ་དང་། ཆུང་མས་ཆོག་དང་མི་ཆོག་གི་ལན་ཅི་ཡང་མ་བཏབ་པས། ཁོ་ཆེད་དུ་ཟི་ལིང་དུ་སོང་ནས་སྒོར་ཁྲི་གཉིས་ཅན་གྱི་པར་ཆས་གསར་པ་ཞིག་ཉོས།
བརྙན་བླངས་པའི་འདྲ་པར་ཇེ་མང་ནས་ཇེ་མང་དུ་སོང་བ་དང་བསྟུན་ནས། ཚེ་རིང་དོན་འགྲུབ་ལ་བསམ་ཚུལ་གསར་པ་ཞིག་བྱུང་བ་སྟེ། སློབ་གྲྭར་འགྲིམ་མ་མྱོང་ལ་ཡིག་ངོ་མི་ཆོད་པའི་མི་བུ་འདིས་སྒེར་གྱིས་འགྲོ་གྲོན་བཏང་ནས་དུས་དེབ་ཞིག་པར་སྐྲུན་བྱེད་པ་དང་། དེར་འདྲ་པར་དང་སྐྱ་ཐིག རྩོམ་རིག་བཅས་ཀྱི་བརྩམས་ཆོས་སོགས་འགོད་རྒྱུ་དེ་རེད། ཁོས་ལས་རོགས་བཙལ་ནས་རྩོམ་སྒྲིག་དང་ཞུ་དག་གི་བྱ་བ་གཉེར་དུ་བཅུག་པ་དང་། ལོ་རེར་ཐེངས་གཅིག་རེར་སྒྲིག་རྩོམ་བྱས་ཤིང་། ཐེངས་རེར་དེབ་སྟོང་གཅིག་དཔར་ནས་ས་གནས་དེའི་སློབ་མ་སོགས་ལ་བཀྲམ། ལྷག་མའི་དེབ་རེར་སྒོ་བརྒྱད་རེ་བྱས་ནས་བཙོངས་ན་ཡོང་འབབ་སྒོར་སྟོང་གཉིས་གསུམ་ཞིག་ལེན་ཐུབ་མོད། འོན་ཀྱང་ཐེངས་རེར་མ་རྩ་སྒོར་ཁྲི་གཉིས་ལྷག་གཏོང་དགོས། ཁྱིམ་མི་ཚོས་ཁོ་ལ་བསམ་ཤེས་བྱས་ནས་ལུག་བལ་བཙོངས་པའི་ཡོང་འབབ་ཚང་མ་དེའི་ཕྱོགས་སུ་བཏང་། དཀའ་ཁག་དེ་འདྲ་ཆེ་བའི་གནས་ཚུལ་འོག ཁོས་རང་གི་དགའ་ཕྱོགས་བཞིན་ལོ་བཅུ་ལ་རྒྱུན་འཁྱོངས་བྱས་རུང་། མཇུག་མཐར་དཔར་སྐྲུན་དཔང་ཡིག་མེད་པས་ལས་སྒོ་མཚམས་འཇོག་ཏུ་བཅུག སྐབས་དེར། ཁོས་ད་གཟོད་དུས་དེབ་དཔར་སྐྲུན་བྱེད་དགོས་ཚེ་འབྲེལ་ཡོད་ཀྱི་ཡིག་ཆ་མང་པོ་དགོས་པ་དངོས་སུ་རྟོགས། ལོ་ན་སོ་གཅིག་ལ་སོན་སྐབས། ཁོ་རང་མཚོ་སྔོན་ཞིང་ཆེན་གྱི་བརྙན་ལེན་པའི་མཐུན་ཚོགས་ཀྱི་ཚོགས་མི་ཞིག་ཏུ་གྱུར།
སྤྱིར་རྒྱལ་ནང་དུ་དུས་རབས་གསར་པའི་རྗེས་སུ་ད་གཟོད་གྲངས་འཛིན་པར་ཆས་རིམ་གྱིས་ཁྱབ་གདལ་དུ་ཕྱིན་པ་དང་། དེའི་སྔོན་གྱི་ལོ་ངོ་མང་པོ་ཞིག་ལ། པར་ཆས་ནི་ཚང་མས་རྒྱས་སྤྲོས་དངོས་རྫས་ཤིག་ཏུ་འདོད་བཞིན་ཡོད་ལ། པར་ཆས་ཡོད་པའི་ཁྱིམ་ཚང་རེ་འགའ་མ་གཏོགས་མེད་པས། ཚང་མས་ཁྱིམ་ཚང་གི་མཉམ་པར་དང་ལག་ཁྱེར་འདྲ་པར་ལེན་སྐབས་པར་ལེན་ཁང་དུ་འགྲོ་བཞིན་ཡོད། དེ་དང་མཉམ་དུ། སྤྱིན་ཤོག་དང་འདྲ་པར་ལེན་པའི་མ་རྩའང་ཁྱིམ་ཚང་དཀྱུས་མ་ཞིག་གིས་དང་ལེན་བྱེད་དཀའ་བར་སྣང་། གྲངས་འཛིན་པར་ཆས་ཁྲོམ་རར་བསྐྱོད་པ་དང་བསྟུན་ནས། ཚང་མར་པར་ལེན་འདོད་ཀྱི་འདུན་པས་ཁེངས་ཤིང་། གསོག་ཉར་བྱང་བུ་སྤྱོད་སྒོ་བདེ་བར་བརྟེན། ཚང་མར་འདང་རྒྱག་ཅི་ཡང་མེད་པར་གྱུར། ཚེ་རིང་དོན་འགྲུབ་ཀྱིས་ང་ལ་བཤད་རྒྱུར། ཁོས་ཐོག་མར་གྲངས་འཛིན་པར་ཆས་ཉོ་སྐབས། རང་གི་འདོད་པ་བཞིན་འདྲ་པར་མང་པོ་བླངས་ཕྱིར། གསོག་ཉར་བྱང་བུ་གང་བ་དང་། སྙིགས་དོར་བཅུད་ལེན་བྱེད་མ་ཤེས་པས་མུ་མཐུད་དུ་བྱང་བུ་ཉོ་དགོས་བྱུང་ཟེར། ཁོས་དེ་ལྟར་སྦ་གསང་ཅི་ཡང་མེད་པར་ང་ལ་བཤད་པས། ངས་སློབ་གྲྭར་འགྲིམ་མ་མྱོང་བའི་མི་བུ་འདིས་པར་ཆས་ཀྱི་གསལ་བཤད་ཡི་གེར་ལྟར་མི་ཤེས་པས་བརྙན་ཕབ་ཀྱི་ཆུ་ཚད་ཇི་ལྟར་མཐོ་རུ་བཏང་བ་ཡིན་ནམ་སྙམ་བྱུང་།
ཁོས་ངའི་བསམ་ཚུལ་རྟོགས་པ་བཞིན། ང་ལ་བཤད་རྒྱུར། གཙོ་བོ་རང་གི་སྦྱོང་བར་བརྟེན་ནས་བརྙན་ཕབ་ལག་རྩལ་མཐོ་རུ་བཏང་བ་དང་། སྐབས་རེར་མི་གཞན་པར་དྲིས་པ་ཡིན། ཞིང་ཆེན་བརྙན་ཕབ་མཐུན་ཚོགས་ནམ་རྒྱུན་གཞི་རིམ་དུ་ཡོང་ནས་བརྙན་ཕབ་སྐོར་གྱི་འཆད་ཁྲིད་སྤེལ་བ་དང་བརྙན་ཕབ་སྟངས་ཁྲིད་པ་རེད། ཐེངས་འགར་བརྙན་ཕབ་གསོ་སྦྱོང་འཛིན་གྲྭར་ཞུགས་རྗེས་ཁོའི་བརྙན་ཕབ་ཀྱི་ཆུ་ཚད་ཅུང་མཐོ་རུ་ཕྱིན། གཙོ་བོ་རང་གི་ལག་ལེན་ལ་རག་ལས་ཡོད་དེ། པར་རིས་གྲུབ་ཚུལ་ནས་འོད་བཀར་སྟངས་བར་གཅིག་གཅིག་གཉིས་གཉིས་བྱས་ཏེ་སྦྱངས་དགོས་ཟེར། 2012ལོར། ཚེ་རིང་དོན་འགྲུབ་ཀྱིས་གངས་ཕྲུག་ཅེས་པའི་འབྲོག་པའི་བརྙན་ཕབ་ཚོགས་པ་ཞིག་བཙུགས་ཤིང་། དེ་དག་མགོ་ལོག་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་འབྲོག་པ་ཏག་ཏག་ཡིན་ལ། ཁོ་ཚོས་བོད་འབྲེལ་ས་ཁུལ་དུ་རེས་སྐོར་ནས་བརྙན་ཕབ་འགྲེམ་སྟོན་འཚོགས་པ་དང་། ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད། ཚེ་རིང་དོན་འགྲུབ་ཀྱིས་བཤད་རྒྱུར། གངས་ཕྲུག་ཅེས་པ་ནི་གངས་ལྗོངས་ཀྱི་བུ་དང་བུ་མོའི་དོན་ཡིན་ལ། ང་ཚོས་བརྙན་མིག་ལ་བརྟེན་ནས་ཕ་ཡུལ་གྱི་མཛེས་སྡུག་ཟིན་ཐོར་འགོད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཁྱབ་གདལ་གཏོང་བཞིན་ཡོད་ཟེར།
གཉིས།
ཚེ་རིང་དོན་འགྲུབ་ཀྱི་མིང་གྲགས་ཇེ་ཆེར་སོང་བ་དང་བསྟུན། ཁོ་ཕྱི་རུ་བརྙན་ཕབ་ཏུ་འགྲོ་བའི་དུས་ཡུན་ཇེ་རིང་ནས་ཇེ་རིང་དུ་ཕྱིན་པ་སྟེ། སྐབས་རེར་ཟླ་གཉིས་གསུམ་ལྷག་འགོར་བཞིན་ཡོད། དེའི་ཕྱིར་ཁྱིམ་གྱི་ཆུང་མར་འདུག་རོགས་བྱེད་པའི་དུས་ཚོད་ཉུང་བར་བརྟེན། བཟའ་ཚང་གི་བརྩེ་འདང་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། ཁྱིམ་ཚང་གི་ཡོང་འབབ་ཉུང་ཉུང་དེའང་བརྙན་ཕབ་ཀྱི་ཕྱོགས་སུ་བཏང་ཚར་བས། ཁོའི་སེམས་ལ་གནོང་འགྱོད་སྐྱེ་བཞིན། ཆུང་མར་བརྙན་ཕབ་ཀྱི་དགའ་ཕྱོགས་ལ་འགྱུར་བ་གཏོང་མི་སྲིད་པ་དང་། ཁྱོད་ལོ་ན་ཆུང་བས་ད་རུང་ཡང་བསྐྱར་གདམ་ག་བྱེད་པའི་གོ་སྐབས་ཡོད་ཚུལ་བཤད་རུང་། ཆུང་མ་ཁོ་དང་ཁ་མ་བྲལ་བར་ལོ་ངོ་དྲུག་ཙམ་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཤིང་། དེ་ནས་རྫོང་མཁར་དུ་འཚོ་བ་རོལ་བའི་རེ་འདུན་བཏོན། ཁོས་མོའི་འདོད་བློ་ལྟར་རྫོང་མཁར་ནས་ཁང་པ་ཞིག་གླས་པ་དང་། ཆུང་མས་མགྲོན་ཁང་ཞིག་ཏུ་ཞབས་ཞུ་མའི་ལས་ཀ་ཞིག་རྙེད་ཅིང་། རྫོང་མཁར་དུ་སྤར་ནས་ཅང་མ་འགོར་བར་ཁོས་རང་ནུས་གང་ཡོད་ཀྱིས་ཁང་པ་ཞིག་ཉོས། ཡིན་ནའང་། སྐབས་དེར་ཆུང་མས་གཉེན་འཐོར་རྒྱུ་ཡིན་པའི་བསམ་ཚུལ་བཤད་པས། ཁོས་ཐེ་ཚོམ་ཅི་ཡང་མེད་པར་ཁས་བླངས། ཁོས་ལོ་ངོ་འདི་དག་གི་རིང་ལ་ཆུང་མར་མང་པོ་མང་པོ་ཞིག་ཆད་ཡོད་བསམས་ནས། རྫོང་མཁར་གྱི་ཁྱིམ་ནོར་ཚང་མ་ཁོ་མོར་སྦྱིན་པ་དང་། ཁོ་རང་ཕྱིར་རྩྭ་ཐང་དུ་ལོག 2017ལོར། ཁོའི་ཨ་མར་ནད་ལྕི་མོ་ཞིག་ཕོག་པ་དང་། ཁོས་ཟླ་དྲུག་ལྷག་ལ་བྱམས་ལྡན་མ་ལོར་ནད་གཡོག་བྱས་ཏེ། ཁོ་མོ་ཚེ་ལས་འདས་རག་བར་དུ་བརྙན་ཕབ་ཀྱི་བྱ་བ་རྒྱབ་ཏུ་བསྐྱུར།
ཁོས་སྔར་བཞིན་ཕུན་སུམ་ཚོགས་པའི་འཚོ་བ་ཞིག་རོལ་བཞིན་ཡོད་དེ། བརྙན་ཕབ་པར་དེབ་དང་གཟི་བརྗིད་དཔང་ཡིག་དག་ནི་ཁོའི་འདུག་རོགས་ཡིན་ལ། ཨ་མྱེས་རྨ་ཆེན་གངས་རིས་ནམ་ཡང་ཁོ་ལ་སེམས་ཤུགས་སྩོལ་བཞིན་ཡོད། དབྱར་གཞུང་། ཁོས་སྐར་ཚོགས་རྣམ་པར་བཀྲ་བའི་མཁའ་དབྱིངས་ལ་ཅེར་བཞིན་རྩྭ་ཐང་གི་མེ་ཏོག་སྣ་བརྒྱའི་དྲི་བསུང་སྣོམ་ནས། བརྗིད་ཅིང་རྔམ་པའི་ཨ་མྱེས་རྨ་ཆེན་ལ་རྒྱང་ལྟ་བྱེད་ཀྱིན་ཡོད། དེ་དུས། ཁོས་ད་གཟོད་རང་ཉིད་ཕ་ཡུལ་གྱི་ས་གཞིར་དུངས་པ་ཟབ་མོ་ཡོད་པ་ཚོར་བར་མ་ཟད། ཕ་ཡུལ་གྱི་ས་གཞི་དྲོན་མོར་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་པར་བསམ་གཞིགས་གཏོང་བཞིན་ཡོད། ཁོས་རང་ཉིད་གཅིག་པུའི་ནུས་པ་ཧ་ཅང་ཆུང་བ་ཤེས་བཞིན་དུ365བྱམས་བརྩེའི་ཚན་ཆུང་ཞིག་བཙུགས་པ་དང་། ཚན་ཆུང་དེར་མི་སུམ་ཅུ་ལྷག་ཡོད་ལ། མི་རེས་ཉིན་རེར་སྒོར་གཅིག་རེ་གསོག་ནས་ཉི་མ་སུམ་བརྒྱ་རེ་ལྔ་འགོར་རྗེས། དཔལ་འབྱོར་ལ་དཀའ་ཁག་ཡོད་པའི་ཁྱིམ་ཚང་དང་ཡང་ན་སློབ་རིན་སྤྲོད་དགོས་པའི་བྱིས་པ། དེ་མིན་དྭ་ཕྲུག་ཁང་སོགས་ལ་ཞལ་འདེབས་འབུལ་བ་དང་། ཁོ་ཚོས་དེ་ལྟར་ལོ་ངོ་བདུན་ལ་རྒྱུན་འཁྱོངས་བྱས་ཏེ། མ་དངུལ་མང་པོ་མེད་རུང་སྤྱི་ཚོགས་ལ་བརྩེ་སེམས་རྣལ་མ་ཞིག་ཕུལ་ཡོད།
2010ལོའི་ཟླ4པའི་ཚེས14ཉིན། ཁོས་སྒྲ་སྡུད་འཕྲུལ་ཆས་ལས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཆེན་པོ་ཞིག་བྱུང་བའི་གནས་ཚུལ་གོ་རྗེས། ཐེ་ཚོམ་ཅི་ཡང་མེད་པར་འཕྲུལ་རྟ་ཞོན་ནས་མྱུར་དུ་ལམ་ལ་ཆས། སྐབས་དེར། མཐོ་སྒང་དུ་སྔར་བཞིན་གྲང་ངར་ཆེ་ཞིང་ཙག་རླུང་རྒོད། ཡིན་ན་ཡང་། ཁོས་ཉིན་གཅིག་ལ་སྤྱི་ལེ་ལྔ་བརྒྱ་ལྷག་གི་མྱུར་ཚད་ཀྱིས་སྐྱེ་རྒུ་མདོ་གྲོང་རྡལ་དུ་འབྱོར། ཁོས་ནམ་རྒྱུན་ཕྱི་རུ་བརྙན་ཕབ་ནས་དཀའ་ཁག་གང་མང་བརྒྱུད་མྱོང་སྟབས། སྐྱེ་རྒུ་མདོ་གྲོང་རྡལ་དུ་གཟའ་འཁོར་གཅིག་ལྷག་གི་རིང་ལ་ས་ཡོམ་ཡུལ་དངོས་ཀྱི་རྨས་མ་སྐྱོབ་རོགས་བྱས་པར་མ་ཟད། ད་རུང་རྒྱུ་ཆ་གང་མང་ཕབ་ལེན་བྱས་སྟབས། དེ་དུས་ཀྱི་རྒྱུ་ཆ་མང་ཤོས་རྩ་ཆེན་ཏག་ཏག་ཡིན།
གསུམ།
ཚེ་རིང་དོན་འགྲུབ་ཀྱིས་སྔོན་ཆད་བརྙན་ལེན་པ་མིང་གྲགས་ཅན་ཞིག་གིས། རྟག་པར་འོད་ཐིག་གི་འགྱུར་ལྡོག་ལ་དོ་སྣང་བྱེད་དགོས་པ་དང། བརྙན་ཕབ་ནི་འོད་ཀྱི་སྒྱུ་རྩལ་ཡིན་ཞེས་བཤད་པ་གོ་མྱོང་ཟེར། ཁོས་བརྙན་ཕབ་འཚོལ་ཞིབ་ཀྱི་བརྒྱུད་རིམ་ཁྲོད། འོད་ཐིག་གི་འགྱུར་ལྡོག་ནི་གལ་ཆེ་ཤོས་ཤིག་ཡིན་པ་ཡུན་གྱིས་ཤེས་པ་སྟེ། དཔེར་ན་ཉི་ཤར་ཉི་ནུབ་ཀྱི་དྲོད་མདོག་འོད་དང་། སྐྱ་རེངས་ཤར་དུས་ཀྱི་གྲང་མདོག་འོད། སྤྲིན་མང་བ་དང་ཡང་ན་གནམ་རུབ་དུས་ཀྱི་གྲམ་འཕྲོའི་འོད་སོགས། འོད་ཐིག་ནི་བརྙན་ཕབ་ཀྱི་ལག་རྩལ་རྨང་གཞི་ཡིན་པར་མ་ཟད། བརྙན་ལེན་པས་རང་གི་བསམ་བློ་མཚོན་པའི་སྐད་ཆ་ལྟ་བུའང་ཡིན། འོད་ཐིག་ཕྱོགས་ཀྱི་ལག་རྩལ་ལ་སྔར་ལས་རྒྱུས་ལོན་བྱ་ཆེད། ཚེ་རིང་དོན་འགྲུབ་ཀྱིས་ནམ་རྒྱུན་པར་ཆས་ཁྱེར་ནས། ཟླ་འགར་ཕྱི་རུ་བསྡད་ཡོད་ལ། ལན་རེར་དགུན་གཞུང་གྲང་ངར་ཆེ་དུས། ཁོའི་སྐྲ་དང་རྫི་མ་སོགས་ལ་དར་ཆགས་ཡོད་སྟབས་ཁོ་ངོ་མི་ཤེས་མཁན་ཡང་མང་པོ་ཡོད། ལོ་གཅིག་གི་དུས་ཚིགས་བཞིའི་རིང་། ཁོས་དུས་སྐབས་མི་འདྲ་བའི་འོད་ཐིག་གི་འགྱུར་ལྡོག་ལ་སེམས་རྣལ་མོས་རྒྱུས་ལོན་བྱས་ཏེ། མགོ་ལོག་ས་ཁོངས་ཀྱི་གང་ས་གང་དུ་ཁོའི་རྐང་རྗེས་ཕབ་ཡོད། རགས་རྩིས་བྱས་ན། ཁོས་འདྲ་པར་འབུམ་གཉིས་ཕབ་ལེན་བྱས་ཡོད་དེ། ཁོས་བརྙན་ཕབ་ཀྱི་བརྩམས་ཆོས་འདི་དག་ལ་བརྟེན་ནས་མགོ་ལོག་གི་རི་ཆུའི་མཛེས་པ་དང་། སྲོག་ཆགས་དང་སྐྱེ་དངོས་ཀྱི་མཛེས་པ། མི་ཚུལ་གྱི་མཛེས་པ་བཅས་མཚོན་ཡོད་པར་མ་ཟད། ད་རུང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་མི་མང་པོ་ཞིག་ལ་བརྒྱུད་སྒྲོག་བྱས་ཤིང་། རང་གི་པར་ཆས་ཀྱིས་ཨ་མྱེས་རྨ་ཆེན་དང་རྨ་ཆེན་འདབས་རོལ་གྱི་རྩྭ་ཐང་ལ་སྲུང་སྐྱོང་བྱེད་བཞིན་ཡོད།
2014ལོར། མགོ་ལོག་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས་རྒྱབ་སྐྱོར་འོག ཚེ་རིང་དོན་འགྲུབ་ཀྱིས་ཁོའི་བརྙན་ཕབ་ཕྱོགས་བསྒྲིགས་ཐོག་མ་པར་འགྲེམ་བྱས་པ་དང་། བརྩམས་ཆོས་དེར་སྐབས་བརྒྱད་པའི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་ཡིག་སྒྱུ་རྩལ་བྱ་དགའ་ཐོབ། བརྙན་ཕབ་ཕྱོགས་བསྒྲིགས་དེ་དཔར་འགྲེམ་བྱས་ནས་བྱ་དགའ་ཐོབ་པས་ཁོ་ལ་སྔར་མེད་ཀྱི་ཡིད་ཆེས་བསྩལ་ཞིང་། བརྙན་ཕབ་བྱ་གཞག་ལ་སྔར་ལས་བརྩེ་བ་ཟབ་མོ་ཞིག་ཆགས། ལོ་དེར། ཁོས་ཨ་ཕ་དང་འགྲོགས་ནས་རྟ་ལོར་ཨ་མྱེས་རྨ་ཆེན་ལ་གངས་སྐོར་བྱས་པ་དང་། ཁོ་ཚོ་ཉིན་བཅུ་གསུམ་རིང་རྐང་ཐང་ལ་སོང་རྗེས། ལམ་བར་དུ་ཨ་ཕས་སྐབས་དེར་ཁོའི་རེ་འདུན་ཅི་ཞིག་ཡིན་པ་དྲིས་པའི་ཚེ། ཁོས་ངའི་རེ་བར་ཁངས་བབས་ན་བསམ་ཞེས་བཤད། སྟབས་ལེགས་པ་ཞིག་ལ། ཕྱི་ཉིན་ཁངས་བབས་པ་དང་། གོ་སྐབས་དེ་དང་བསྟུན་ནས། ཁོས་གངས་སྐོར་དང་འབྲེལ་བའི་པར་མང་པོ་བླངས་ཤིང་། དེར་སྤྱི་ཚོགས་རིང་ལུགས་ཞིང་སྡེ་གསར་པ་དང་འབྲོག་ཁུལ་གསར་པའི་རོང་འབྲོག་པའི་བརྙན་ཕབ་བརྩམས་ཆོས་བྱེད་སྒོའི་གྲུབ་འབྲས་འགྲེམ་སྟོན་ཐོག་མའི་སྟེང་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཀྲུང་གོའི་སྐྱེ་ཁམས་ཀྱི་སྒེའ་ཁུང་སྟེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞེས་པའི་བརྙན་ཕབ་འགྲེམ་སྟོན་ཐོག་མའི་སྟེང་ཕུལ་བྱུང་བྱ་དགའ་ཐོབ།
རི་ནས་རི་བརྒྱུད་ཅིང་། སྤང་ནས་སྤང་བརྒྱུད་མཐར། འབད་བརྩོན་དང་དགའ་ཕྱོགས་ཀྱིས་ཁོ་ལ་གཟི་བརྗིད་མང་པོ་བསྩལ་བ་སྟེ། དེའི་ཁྲོད་བུ་མོ་ཞེས་པའི་བརྩམས་ཆོས་དེར2018ལོར་ཀྲུང་གོའི་ཞང་ཀང་རྒྱལ་སྤྱིའི་བརྙན་ཕབ་འགྲེམ་སྟོན་ལས་ཚོན་མདོག་འགྲེམ་འཕྲོའི་བརྙན་ཕན་ཚན་ཆུང་གི་གསེར་གྱི་རྟགས་མ་ཐོབ། བརྩམས་ཆོས་དེའི་ཁྲོད་ཀྱི་མི་སྣ་ནི་ཁོའི་ཚ་མོ་ཡིན་ལ། ཚ་མོ་སྐྱེས་པ་ནས་ལོ་བཅུ་བདུན་བར་གྱི་བྱིས་པའི་འཚར་ལོངས་ཀྱི་བརྒྱུད་རིམ་པར་བླངས་ཡོད། ཁོས་དམིགས་བཀར་གྱིས་བརྒྱབ་པའི་བརྙན་རིས་དང་རང་བྱུང་འོད་ཐིག་ལ་བརྟེན་ནས། དེའི་མིག་མདངས་འབར་དུ་བཏོད་ཅིང་། ངོ་གདོང་གི་རྣམ་འགྱུར་མངོན་པར་མཚོན་པས། ཁོས་འོད་ཐིག་འགྱུར་ལྡོག་ལ་རྒྱུས་ལོན་ཟབ་མོ་བྱས་ཡོད་པ་གསལ་བོར་རྟོགས་ཐུབ།
ཁ་བརྡའི་བརྒྱུད་རིམ་ཁྲོད། ངས་ཚེ་རིང་དོན་འགྲུབ་ལ། ལོ་ངོ་མང་པོར་མི་མེད་ཀྱི་རི་ལུང་དང་མྱ་ངམ་ཐང་དུ་བསྐྱོད་སྐབས་འཇིགས་སྣང་སྐྱེ་བའི་དོན་དག་དང་འཕྲད་མྱོང་ངམ་ཞེས་དྲིས་པ་ན། ཁོས་ལོ་གཅིག་གི་གྲང་ངར་ཆེ་བའི་དགུན་དུས་ཤིག་ལ་ཁོ་གཅིག་པུ་ཨ་མྱེས་རྨ་ཆེན་གྱི་འཁྱགས་རོམ་བརྙན་ཕབ་ཏུ་སོང་བ་ཡིན། ཉིན་ཞིག་གི་དགོང་མོར། ཁོ་སྤྱང་ཚོགས་ལ་འཕྲད་པ་དང་། སྤྱང་ཚོགས་ཁོ་དང་ཧ་ཅང་ཐག་ཉེ་བས་དེ་དག་གི་དབུགས་ལེན་པའི་སྒྲའང་གོ་ཐུབ་པར་མ་ཟད། ད་རུང་མུན་ནག་ཁྲོད་ནས་མིག་མདངས་ལྗང་ཁུ་དེའང་མཐོང་ཐུབ་མོད། ཁོ་ལ་འཚུབ་ཆ་ཅི་ཡང་མ་སྐྱེ་བར་མེ་ཕུང་ཞིག་སྦར་ནས་དལ་མོར་བཙོག་སྟེ་བསྡད་པ་ཡིན་ལ། ཞག་གང་བོར་མིག་མ་བཙུམ་ཞེས་ཟེར།
ངས་ཁོ་ལ། ངོ་མ་སྐྲག་སྣང་མ་སྐྱེ་འམ་ཞེས་དྲིས་པ་ན། ཁོས་སྐྲག་རྒྱུ་ཅི་ཡང་མེད་ཀི ཨ་མྱེས་རྨ་ཆེན་འདབས་རོལ་དུ་ཡོད་པས་སེམས་བདེ་མོ་རེད་ཅེས་ལན་བཏབ།
བརྙན་ཕབ་ཀྱི་བརྒྱུད་རིམ་ཁྲོད་ལོ་ཟླ་ཡུན་གྱིས་ག་ལེར་བཞུད་སོང་། ཚེ་རིང་དོན་འགྲུབ་ཀྱིས་བརྙན་མིག་ལ་བརྟེན་ཏེ་ཨ་མྱེས་རྨ་ཆེན་ལ་རྒྱང་ལྟ་བྱས་ནས་ལོ་ངོ་ཉི་ཤུ་ལྷག་འགོར་བ་དང་། པར་དུ་བཏབ་བའི་འདྲ་པར་གྱིས་མཁྲེགས་སྡེར་མང་པོ་ཞིག་གང་བར་བྱས་རུང་། ཁོས་ད་རུང་བརྙན་ཕབ་ཀྱི་རྒྱུན་སྐྱོང་བཞིན་ཡོད། ཁོ་ལ་མཚོན་ནས་བཤད་ན། ཨ་མྱེས་རྨ་ཆེན་ནི་སྔར་ནས་སྣང་བརྙན་ཙམ་ཞིག་མ་ཡིན་པར་ཚོར་འདུ་དྲག་པོ་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་འདི་འགར། གོ་ལ་ཧྲིལ་བོའི་དྲོད་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། ཁོས་ཨ་མྱེས་རྨ་ཆེན་གྱི་གངས་ཐིག་རིམ་གྱིས་སྐུམ་ནས་འགྲོ་བ་མཐོང་དུས། ཁོ་རང་འདང་རྒྱག་གི་ནང་དུ་ལྷུང་ཞིང་རང་གི་སྲུང་སྐྱོབ་ཀྱི་འགན་འཁྲི་ཆེ་རུ་སོང་ཡོད་པར་བསམ། ཁོས་བཤད་རྒྱུར། ཨ་མྱེས་རྨ་ཆེན་ལ་སྲུང་སྐྱོབ་བཟང་པོ་བྱས་ཚེ། དེའི་ཉེ་འཁོར་གྱི་སྐྱེ་རྒུ་ཡོད་དོ་ཅོག་ལ་སྲུང་སྐྱོབ་བཟང་པོ་བྱས་པར་མ་ཟད། ང་ཚོའི་མ་ཡུམ་ཆུ་བོ་རྨ་ཆུ་ལའང་སྲུང་སྐྱོབ་བྱས་པ་རེད་ཟེར། ངས་བསམས་ན། ཚེ་རིང་དོན་འགྲུབ་ཀྱི་རེ་འདུན་གྱིས་ཨ་མྱེས་རྨ་ཆེན་འདབས་རོལ་དུ་འཚོ་བ་རོལ་བའི་འབྲོག་པ་མང་ཚོགས་ཚང་མའི་སེམས་འདུན་མཚོན་ཡོད་པར་འདོད།
རྨ་ཆེན་རྫོང་དང་གྱེས་ནས་ཟི་ལིང་དུ་ལོག་པའི་ལམ་བར་དུ། ངས་ལམ་འགྲམ་གྱི་རི་སྒང་དུ་སྔོ་ལྗང་ལྗང་དུ་སྐྱེ་བའི་རྩི་ཤིང་གིས་རི་ལུང་ལ་གོས་ལྗང་གཡོགས་པ་མཐོང་ཞིང་། ཐོག་དང་པོར་འདི་འདྲའི་མཛེས་ལྗོངས་མཐོང་བ་ཡིན། རང་ཉིད་ཀྱི་ནུས་པ་ཕྲན་བུ་ལ་བརྟེན་ནས། ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་ཁྲོད་མཛེས་པ་བླ་ལྷག་མངོན་པ་དེས་ཚེ་སྲོག་གི་བདེན་པ་བསྐྲུན་ཡོད་ཅེས་བཤད་ཆོག་ཆོག་ཏུ་འདོད་ཅིང་། དེས་ང་ལ་རང་ཉིད་གནས་སའི་ས་གཞི་འདིར་སྲུང་སྐྱོབ་བྱེད་པའི་འདུན་པ་འགོག་མེད་ཅིག་སྐྱེས་སུ་བཅུག ང་ཚོ་མི་རེ་རེའི་སྲུང་སྐྱོབ་ཀྱི་སྟོབས་ཤུགས་ནི་ཧ་ཅང་ཆུང་ཆུང་ཞིག་ཏུ་སྣང་མོད། གལ་ཏེ་རྡོག་རྩ་གཅིག་ཏུ་སྒྲིལ་ན། འཇིག་རྟེན་ཡོངས་ལ་བཀྲགས་མདངས་རྣམ་པར་འཚེར་ངེས།
ཨ་རིའི་རྟེན་མཛོད་རིག་པ་བ་ཡུའེ་ཧན་པ་ལི་སི་ཡིས། མི་ལ་ལ་ཞིག་གིས་རང་ཉིད་ས་བོན་བཞིན་དུ་ས་གཞི་ཆེན་པོར་སྐྱེས་སུ་བཅུག་ཡོད་ཅེས་བཤད་མྱོང་། ངས་བསམས་ན་ཚེ་རིང་དོན་འགྲུབ་ནི་ས་བོན་དེ་འདྲ་ཞིག་ཡིན་ཏེ། ཨ་མྱེས་རྨ་ཆེན་གྱི་གཟི་འོད་བཀྲ་བའི་ས་གཞི་ཆེན་མོའི་ཕང་བ་རུ། ཁོ་དང་ཁོ་འདྲ་བའི་རེ་བའི་ས་བོན་མང་དུ་འབུས་ཐུབ་ངེས།
ལྷ་མོ་འཚོས་བསྒྱུར།