རྫ་ཆས་བཟོ་རྩལ་ལ་བརྟེན་ནས་མི་ཚེར་འོད་སྣང་གིས་ཁེངས་པར་བྱས།

ཁུངས། ཀློག་གྲངས།
​     ཉེ་ལམ། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གཉན་ཐོག་ཞང་ཤྭ་སྦྲང་སྡེ་བར་འབྱོར་བ་ན། མིག་ལ་གྲུང་ཤ་དོད་པའི་བུད་མེད་ལས་གཏོད་པ་ཞིག་མཐོང་། མོས་རི་ནས་ཁུར་ཡོང་བའི་ས་སེར་ཉུང་ངུ་ཞིག་ཟོར་ཡང་བའི་ལག་ཟུང་གི་སྟོབས་ལ་བརྟེན་ནས། མཉམ་འབྲེལ་རྒྱལ་ཚོགས་ཚན་རིག་སློབ་ཚོགས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་མིང་ཐོའི་ཚབ་མཚོན་དུ་གྱུར་པའི་རེབ་གོང་སྒྱུ་རྩལ་དེ་ལ། དུས་རབས་གསར་པར་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་སུ་བཅུག་པར་མ་ཟད། སྡེ་བའི་ནང་གི་བུད་མེད་རྣམས་ལ་ཏན་ཏན་ཏིག་ཏིག་གིས་ཡོང་འབབ་འཕར་སྣོན་གྱི་ལམ་བུ་ཞིག་ཁད་ཀྱིས་ཕྱེ་སྟེ། བརྩོན་སེམས་དང་ཁག་ཁུར་ལ་བརྟེན་ནས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་གྲོང་གསེབ་དར་སྤེལ་གཏིང་ཟབ་སྒོས་མཉམ་འདྲེས་བྱེད་པའི་མཚར་སྡུག་གི་ལེའུ་གསར་བ་ཞིག་བརྩམས་ཡོད་དེ། མོ་ནི་རྨ་ལྷོ་སྐལ་ལྡན་རིག་གནས་ལག་ཤེས་ཐོན་རྫས་ཚད་ཡོད་ཀུང་སིའི་འགན་འཛིན་པ་སྒྲོལ་དཀར་རེད།

སྒྲོལ་དཀར་ནི་ཁམས་ཡུས་ཧྲུའུ་ནས་ཡོང་བ་དང་། སྔོན་ཆད་ཁྱིམ་ཆས་ལས་རིགས་གཉེར་ནས། བོད་ལུགས་ཀྱི་གནའ་ཉམས་དང་སྲོལ་རྒྱུན་གྱི་རི་མོ། རིགས་དངོས་ཀྱི་མཛེས་ཚོར་ཐད་རང་གི་མྱོང་བ་ཐུན་མོང་མ་ཡིན་པ་ཞིག་ལྡན་ཡོད། གོ་སྐབས་ཐེངས་ཤིག་ལ་རྐྱེན་བྱས་ཏེ་མོ་རང་བོད་ཀྱི་འདག་ཆལ་དང་བོད་སྤོས་སོགས་ཀྱི་ལག་བཟོ་གཉེར་བཞིན་པའི་ལྷུན་འགྲུབ་བྱམས་དང་བོད་ལུགས་ཀྱི་རིག་གནས་ཐོན་དངོས་ལས་གཏོད་ཀྱི་ལམ་བུ་གཅིག་ཏུ་སོང་བ་དང་། ཁོ་གཉིས་བློ་ཁ་མཐུན་ཞིང་བརྩེ་འདང་ཇེ་ཟབ་ཏུ་སོང་བས། སྒྲོལ་དཀར་རྒྱང་ཐག་རིང་བའི་ཕ་ཡུལ་ཡུས་ཧྲུའུ་ནས་རེབ་གོང་ཤྭ་སྦྲང་སྡེ་བར་གནས་ལ་ཡོང་ཞིང་། རེབ་གོང་རིག་གནས་ཀྱི་ངད་ཁས་གསོས་པའི་ཡུལ་གྲུ་འདི་ལ་རང་གི་ཁྱིམ་ཕུགས་གཏད་དེ་ཤ་འབད་རུས་འབད་བྱེད་པའི་ཕ་ཁྱིམ་བཞིན་དུ་སྲུང་ནས་ཡོང་།

མོའི་ཁྱོ་གའི་ཁྱིམ་རྒྱུད་ལ་མི་རབས་གསུམ་རིང་གི་རྫ་ཆས་བཟོ་རྩལ་གྱི་སྲོལ་རྒྱུན་ཡོད་པ་རྟོགས་རྗེས། བཟའ་ཟླ་གཉིས་ཀྱིས“སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་གསོན་ཤུགས་བསྩལ་བ་དང་། ཉེ་འཁོར་གྱི་ཡུལ་མི་རྣམས་ཕྱུག་སྒྱུར་བྱེད་པའི”ཐུན་མོང་གི་སེམས་འདུན་རུམ་ཞིང་། རྨ་ལྷོ་ཁུལ་གྱི“ཁྱད་ཆོས་ལྡན་པའི་གྲོང་གསེབ་རིག་གནས་ཐོན་ལས་གསོ་སྐྱོང་བྱས་ནས། གཟུགས་འདས་ཤུལ་བཞག་རིག་གནས་དང་གྲོང་གསེབ་དར་སྤེལ་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བའི”འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམིགས་པ་དང་། ཐེངས་དུ་མར་འཆར་འགོད་བྱས་པ་བརྒྱུད་དེ་མཉམ་དུ་ཀུང་སི་བཙུགས་ཤིང་། རྫ་ཆས་བཟོ་རྩལ་དེ་འཇུ་ཐག་ཏུ་བྱས་ནས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཏོད་ལམ་བུ་ཞིག་ཁད་ཀྱིས་ཕྱེས།

ལས་གཏོད་ཀྱི་ལམ་དུ་ཞུགས་མ་ཐག དཀའ་གནད་ཆེན་པོ་ཞིག་ངང་གིས་མདུན་དུ་ལྷགས། ཤྭ་སྦྲང་སྡེ་བ་རུ་རྫ་ཆས་བཟོ་བར་འཚམ་པའི་ས་རྒྱུ་མེད་པས། སྒྲོལ་དཀར་བཟའ་ཟླ་གཉིས་ཀྱིས་ལ་ལུང་བརྒལ་ཏེ་ཉེ་འཁོར་གྱི་སྡེ་གྲོང་དུ་ཡང་དང་བསྐྱར་དུ་འཚོལ་ཞིབ་བྱས་མཐར། འབྱར་ཚད་མཐོ་ལ་ས་སྤུས་བཟང་བ་དང་འབག་བཟོའི་ནུས་པ་དྲག་པོ་ལྡན་པའི་ས་སེར་རྙེད་དེ། རྫ་ཆས་ལས་བཟོ་རྨང་གཞིའི་རྒྱུ་ཆ་བརྟན་པོ་འདིང་ཐུབ་པ་བྱུང་།

བཟོ་རྩལ་ནི་གཞི་རྩ་ཡིན་ལ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་པའི་སྙིང་པོའང་ཡིན། བཟོ་རྩལ་དེ་སྔར་བས་ལེགས་ཤིང་ཆེད་ལས་ལྡན་པར་བྱེད་ཆེད། ཁོ་གཉིས་ཀྱིས་ཆེད་དུ་སྔོན་ཆད་རྒྱལ་ནང་དང་ཕྱི་རྒྱལ་དུ་མ་ལག་དང་ལྡན་པའི་སློབ་སྦྱོང་བཟང་པོ་བྱས་མྱོང་བའི་རྫ་བཟོ་དགེ་རྒན་གདན་ཞུ་བྱས་ནས་སློབ་ཁྲིད་བྱེད་དུ་བཅུག་ཅིང་། ལས་ཡུལ་དངོས་སུ་སོང་སྟེ་སྡེ་མི་རྣམས་ལ་རྫ་ཆས་བཟོ་བའི་ལག་རྩལ་ཁྲིད། སྒྲོལ་དཀར་གྱིས་བཤད་ན། ཁོ་གཉིས་ཀྱིས་ཅིན་ཏེ་གྲོང་རྡལ་གྱི་ཆེད་ལས་རྫ་བཟོ་མཁན་དང་ཡང་དང་བསྐྱར་དུ་འབྲེལ་འདྲིས་བྱས་བས། ཁོ་ཚོའི་ཞིབ་ཚགས་ལྡན་པའི་ཁ་དོག་བྱུག་སྟངས་དང་བསྲེག་སྦྱོང་ལག་རྩལ། དེང་རབས་ཇུས་འགོད་སོགས་ཀྱི་ཐད་ནས་ཁོ་གཉིས་ལ་བློ་སྐྱེད་ཆེན་པོ་བྱུང་། ཀུང་སིའི་གཞི་འཛུགས་སྐབས་དང་ཐོག་མའི་མ་དངུལ་བསྡུ་རུབ་ཁྲོད་ཀྱི་གནོན་ཤུགས་དང་ཚད་བཀག་ཐེབས་ནས། དགེ་རྒན་མིང་གྲགས་ཅན་གདན་ཞུ་བྱེད་པ་དང་མ་ལག་དང་ལྡན་པའི་སྒོ་ནས་བཟོ་རྩལ་ལེགས་པོ་ནང་འདྲེན་བྱེད་པརདཀའ་ཁག་མི་ཉུང་བ་ཕྲད། དེ་ལྟར་འདྲ་མིན་ཚད་བཀག་ཐེབས་ནའང་། སྒྲོལ་དཀར་གྱིས་བློ་ཁ་བརྟན་པོས“ལེགས་འགྲུབ་འབྱུང་ཁོ་ཐག་ཡིན། ང་ཚོས་ཆེས་ལེགས་པོ་ཞིག་འགྲུབ་ཁོ་ཐག་ཡིན”ཟེར།

ཨ་རག་ཁ་ལ་ཞིམ་ཡང་དྲི་ངད་རྒྱང་ལ་མཆེད་པ་དཀའ། སྔར་ལས་མང་བའི་མི་རྣམས་ལ་ཤྭ་སྦྲང་གི་རྫ་བཟོའི་ལག་རྩལ་ཤེས་རྟོགས་བྱེད་དུ་འཇུག་ཆེད། བཟའ་ཟླ་གཉིས་ཀྱིས་དྲ་ལམ་གྱི་ཐད་གཏོང་བརྒྱུད་ནས། རྫ་བཟོའི་ལས་རིམ་མཐའ་དག་ཡོངས་སུ་འགྲེམ་སྟོན་བྱས་ཤིང་། ཞུམ་མེད་ཀྱི་བརྩོན་སེམས་དང་རེབ་གོང་གི་མི་རིགས་ས་ཆའི་རྔམ་མཐུག་པའི་ཁྱད་ཆོས་ཀྱི་རྫ་ཆས་རིག་གནས་དེས་ཞེན་མི་མི་ཉུང་པ་ཞིག་ཚུར་བཀུག་པ་དང་། ལག་ཤེས་ཐོན་རྫས་ལ་སྔར་བས་ཁོད་ཡངས་པའི་དྲ་ལམ་གྱི་ཚོང་ལམ་ཡང་ཕྱེ་ཐུབ་པ་བྱུང་།

ས་ལེན་པ་དང་། ས་སྐེམ་པ། འདམ་སྦངས་བ། འདམ་ཆགས་པར་བྱེད་པ་ནས། རྫ་རྨང་བཟོ་བ་དང་། རྫ་དབྱིབས་ལེགས་བཅོས་བྱེད་པ། བསིལ་སྐེམ་བྱེད་པ། རྫ་མདངས་བྱུགས་པ། དེ་ནས་མཐའ་མཇུག་གི་བསྲེག་སྦྱོང་བྱེད་པ་དང་། བསྲེག་ཁུང་ནས་བླངས་ཏེ་མདངས་ཕུད་པ་སོགས་ཀྱི་ལས་རིམ14པོ་རེ་རེ་བཞིན་ཚགས་དམ་པར་བྱས་ཤིང་འཐུས་ཤོར་མི་འབྱུང་བར་བྱས། སྒྲོལ་དཀར་དང་ཆེད་ལས་དགེ་རྒན་རྣམས་པའི་སྣེ་ཁྲིད་འོག་ཏུ། མི་རབས་གསུམ་ལ་བརྒྱུད་པའི་ཁྱིམ་རྒྱུད་ཀྱི་རྫ་བཟོའི་ལག་ཤེས་ཀྱི་རྨང་གཞིར་བརྟེན་ནས། རེབ་གོང་གི་མི་ཆོས་ཉམས་འགྱུར་ལྡན་ཞིང་ལག་བཟོའི་དྲོད་ཁོལ་ལྡན་པའི་རྫ་ཆས་རིམ་གྱིས་གྲུབ། སྒྲོལ་དཀར་ལ་ད་དུང་གསར་རྩོམ་གྱི་རིགས་ལམ་ཞིག་ཡོད་པ་ནི། བོད་ལུགས་ཁྱིམ་ཆས་ཀྱི་སྟེང་གི་གནའ་ཉམས་དོད་པའི་རི་མོ་དང་རེབ་གོང་སྒྱུ་རྩལ་གྱི་རི་མོ་གཉིས་རྫ་ཆས་ཀྱི་སྟེང་དུ་ཇུས་འགོད་བྱས་ནས། གསོལ་ཆས་དང་བཤམས་ཆས་ལ་བཀོལ་སྤྱོད་ནུས་པ་དང་རིག་གནས་ཀྱི་དོན་སྙིང་གཉིས་ཀ་ལྡན་པར་བྱས་ཏེ། རྫ་ཆས་དེ་རེབ་གོང་སྒྱུ་རྩལ་ཀུན་ལ་ངོམས་སའི་སྟེགས་བུ་གསར་པ་ཞིག་ཏུ་ཆགས་ཡོད།

ལས་གཏོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ། སྒྲོལ་དཀར་གྱིས་དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་ཡོད་པ་དང་། ནམ་ཡང་སེམས་ལ་ཐོགས་ཡོད་པ་ནི་སྡེ་བའི་ནང་གི་ལྕམ་སྲིང་ཚོ་རེད།

ཤྭ་སྦྲང་སྡེ་བའི་བུད་མེད་མི་ཉུང་བ་ཞིག་གིས་ཁྱིམ་ཚང་སྐྱོང་དགོས་པ་དང་རྒྱ་སྐད་བཤད་མི་ཤེས་པའི་དབང་གིས། ཕྱི་རུ་སོང་སྟེ་གླ་བརྒྱབ་ནས་ཡོང་སྒོ་འཚོལ་དཀའ་ཞིང་། རང་གི་འཇོན་ནུས་ངོམ་དཀའ་བས། ཕྱུགས་འཚོས་ནས་འཚོ་བ་རོལ་རྒྱུ་ལས་ཐབས་གཞན་མེད། སྒྲོལ་དཀར་གྱིས་ཁོ་ཚོའི་དཀའ་ཁག་རྣམས་ཤེས་འཕྲལ། གྲོང་གསེབ་ཀྱི་ཐོན་སྐྱེད་འཚོ་བ་དངོས་དང་ཟུང་འབྲེལ་བྱས་ནས། བསྟུན་མཁས་ཀྱི་ལས་ཀ་བྱེད་སྟངས་སྤྱད་དེ། ལྕམ་སྲིང་ཚོ་ཞིང་ལས་ལ་བྲེལ་དུས་སེམས་བདེ་མོས་ཁྱིམ་ལས་བྱེད་དུ་འཇུག་པ་དང་། མངག་ཐོ་དང་གསོ་སྦྱོང་ཡོད་དུས་སླར་ཡང་ལས་ཀར་ཡོང་དུ་བཅུག་ནས། ཚད་བཀག་དང་གཅུན་འདོམས་མེད་ལ། བཙན་སྐུལ་གྱི་བླང་བྱ་མི་འདོན་པར། བརྩེ་སེམས་དྲོན་མོ་དང་བསྟུན་མཁས་ཀྱི་སྒོ་ནས་གྲོང་གསེབ་ཀྱི་བུད་མེད་རྣམས་ལ་རང་ཉིད་ཀྱི་རིན་ཐང་ངོམ་སའི་སྟེགས་བུ་ཞིག་བསྐྲུན།

“འདི་ནས་རང་རང་གི་ཁྱིམ་དང་ཐག་ཉེ་བས། ང་ཚོས་ཁྱིམ་གྱི་ཞིང་ལས་ལས་ཚར་རྗེས་རྫ་ཆས་བཟོ་རུ་ཡོང་བ་ཡིན། དུས་ཚོད་བཀོད་སྒྲིག་རང་དབང་ཡིན་ལ། སྲོལ་རྒྱུན་གྱི་རྫ་ཆས་བཟོ་རྩལ་སློབ་ཐུབ་པར་མ་ཟད། ད་དུང་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་སྒོར་མོ་བཙལ་ཐུབ་སོང་། ང་ཚོ་ཁྱིམ་སྲུང་བུད་མེད་རྣམས་ལ་མཚོན་ན། ལས་ཀ་འདི་ནི་དངོས་གནས་ཐོབ་དཀའ་བ་ཞིག་རེད།”ད་ལྟའི་འཚོ་བ་གླེང་ཡོང་ཚེ། སྡེ་མི་དབང་ཕྱུགས་མཚོ་དགའ་མགུ་ཡིས་ཁེངས་འདུག་ཅིང་། འཚོ་བའང་སྔར་བས་ཇེ་བདེ་ཇེ་སྐྱིད་དུ་སོང་ཡོད།

ལས་གཏོད་བྱས་ནས་ཆེས་དཀའ་ཁག་ཆེ་སྐབས། ཀུང་སིའི་མ་དངུལ་འཁོར་སྐྱོད་བྱེད་དཀའ་བས། གཏན་འཁེལ་གྱི་ཟླ་ཕོགས་དུས་ལྟར་སྟེར་དཀའ་ཡང་། སྒྲོལ་དཀར་གྱིས་རང་གི་སྒོར་མོ་བཀོལ་ནས་དུས་ཆེན་རེ་རེར་ལྕམ་སྲིང་ཚོར་ཕྱེ་དང་འབྲས། སྣུམ་སོགས་འཚོ་བའི་མཁོ་ཆས་སྟེར་ངེས་ཡིན། རྫ་ཆས་གཅིག་བཙོང་མ་ཐག མོས་མྱུར་དུ་གླ་ཆ་རྩིས་བརྒྱབ་སྟེ། སུས་བཟོས་པ་ཡིན་ན་སྒོར་མོ་མྱུར་དུ་དེར་སྟེར་བ་དང་། འགོར་འགྱངས་སྤུ་ཙམ་ཡང་བྱས་མ་མྱོང་། “རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བཙལ་ཡོང་བའི་སྒོར་མོ་བླངས་ན་སེམས་བདེ་ཡང་བདེ་ལ་བཀན་ཡང་བཀན།”བབ་ཆགས་ཀྱི་སྐད་ཆ་འདི་ནི་མོ་རང་གི་སེམས་གཏམ་ཡིན་ལ། ལྕམ་སྲིང་ཡོངས་ཀྱི་ཐུན་མོང་གི་བློ་གདེངས་ཀྱང་རེད།

མིག་རྒྱངས་རིང་པོར་གཏད་དེ། སྒྲོལ་དཀར་དང་མོའི་ཁྱོ་ག་གཉིས་ཀྱི་འཕེལ་རྒྱས་ཀྱི་འཆར་གཞི་ཇེ་གསལ་ནས་ཇེ་གསལ་དུ་གྱུར། ཁོ་གཉིས་ཀྱིས་རྨ་ལྷོ་རུ་རྫ་བཟོ་ཉམས་ལེན་བྱེད་ས་དང་རྫ་བཟོའི་ལག་རྩལ་གྱི་ཐོན་རྫས་ཚོང་ཁང་། ཁྱད་ལྡན་བོད་ཟས་ཟ་ཁང་བཅས་གཞི་གཅིག་ཡིན་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཁང་ཞིག་གི་སྒོ་འབྱེད་རྩིས་ཡོད། དེ་རུ་ཡུལ་སྐོར་པས་རྫ་བཟོ་ལ་ཉམས་སུ་མྱོང་ཐུབ་པར་མ་ཟད། རྫ་བཟོའི་ལག་རྩལ་ཐོན་རྫས་ཚོང་ཁང་དུ་རང་ཉིད་ཀྱི་བློར་འབབ་པའི་དངོས་པོ་བདམས་ཉོ་བྱས་ཆོག་ལ། དེ་རུ་བསྡད་དེ་བོད་ཟས་ལའང་རོལ་ཆོག ཅོག་ཙེའི་སྟེང་གི་གསོལ་ཆས་ཡོད་དོ་ཅོག་ནི་སྐལ་ལྡན་རིག་གནས་ཚང་གིས་བསྲེགས་པའི་རྫ་ཆས་བརྩམས་ཆོས་ཡིན་ལ། རེབ་གོང་རིག་གནས་དེ་འཚོ་བའི་ཟ་ཟུར་ཡོངས་སུ་སིམ་པར་བྱས་ཡོད། ཁོ་གཉིས་ཀྱིས་ད་དུང་ལག་བཟོའི་ཐོན་རྫས་ལས་སྣོན་དང་ཁྱད་ལྡན་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱས་ནས། ཐོན་རྫས་ཕྱིར་འཚོང་མུ་ཕྲེང་འཐུས་ཚང་དུ་གཏོང་བ་དང་། “ཤྭ་སྦྲང་རྫ་ཆས་བཟོ་རྩལ”གྱི་ཚོང་རྟགས་བསྐྲུན་ཏེ། རེབ་གོང་གི་གཟུགས་འདས་ཤུལ་བཞག་་རིག་གནས་དེ་དངོས་ནས་འཚོ་བའི་ཁྲོད་དང་ཁྲོམ་ར་ཆེན་མོར་བསྐྱོད་དུ་འཇུག་པའི་འཆར་གཞི་འདུག

“དཀའ་ཁག་ཇི་འདྲ་ཆེ་ཡང་དེ་ལ་མི་སྐྱོན་ཏེ། སྡེ་བའི་ནང་གི་ལྕམ་སྲིང་ཚོས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་སྒོར་མོ་རེ་བཙལ་ཐུབ་པ་དང་། འཚོ་བ་སྐྱིད་པོ་རེ་རོལ་ཐུབ་སོང་ན། བདག་གི་དཀའ་ཁག་ཡོད་ཚད་རིན་ཐང་དང་ལྡན་པ་ཞིག་རེད་སྙམ།”

ཏན་ཏིག་གིས་བྱ་བ་བསྒྲུབ་པ་ལས་ཁ་ཚིག་བཙན་པོ་ལབ་རྒྱུ་མེད་ལ། ནན་ཏན་གྱིས་ལས་ཀ་སྒྲུབ་པ་ལས་ཐུམ་སྒྲིལ་རྫིག་པོའང་གང་ཡང་མེད། སྒྲོལ་དཀར་གྱི་མིག་ནང་དུ་འོད་ལྟར་འཚེར་བཞིན་པ་དེ་ནི་གཟུགས་འདས་ཤུལ་བཞག་རིག་གནས་ལ་བཟུང་བའི་བརྟན་སྲུང་ཡིན་ལ། གྲོང་གསེབ་དར་སྤེལ་ལ་བཅངས་པའི་བློ་སེམས་བརྟན་པོ་ཡིན་ཞིང་། སྡེ་བའི་ལྕམ་སྲིང་ཚོར་འཁུར་བའི་འགན་འཁྲི་དང་ཟོལ་མེད་ཀྱི་བརྩེ་བའང་ཡིན།

ད་ལྟ། ཤྭ་སྦྲང་རྫ་ཆས་བཟོ་རྩལ་གྱིས་དྲོད་ཁོལ་ལྡན་ཞིང་དོན་སྙིང་ཅན་གྱི་རྫ་ཆས་རེ་རེ་བཟོས་པར་མ་ཟད། གྲོང་གསེབ་ཀྱི་བུད་མེད་སྐོར་ཞིག་གི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བསྐྱོར་ནས། ལོ་ངོ་སྟོང་ཕྲག་རིང་གི་རེབ་གོང་རིག་གནས་དེ་མི་རབས་ནས་མི་རབས་ཀྱི་སོར་རྩེ་རུ་རྒྱུན་འཛིན་བྱེད་དུ་བཅུག་ལ། བུད་མེད་ཀྱི་འབད་བརྩོན་སྟོབས་ཤུགས་མཐོ་སྒང་དུ་རྣམ་པར་གྲོལ་དུ་བཅུག་ཡོད།

ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།