རྐང་རྗེན་སྨན་པ་ནས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིར་གྱུར་བའི་མི་བུ་ཞིག་གི་མི་ཚེའི་བརྒྱུད་ལམ།

ཁུངས། ཀློག་གྲངས།

——གཅིག་སྒྲིལ་རྫོང་དཔལ་ཡུལ་ཞང་ལུང་དཀར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀུན་ཉིའི་གནས་ཚུལ་རགས་བཀོད།

ཀུན་ཉི་ཡིས་མཉམ་ལས་ཁང་གི་ཕྱུགས་ལ་གཟན་རྩྭ་སྟེར་བཞིན་པ།

བ་ཡན་ཧ་རིའི་ལྷོ་རྒྱུད་དང་གཉན་པོ་གཡུ་རྩེའི་འདབས་རོལ་གྱི་འབྲོག་ཁུལ་ཏེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དཔལ་ཡུལ་ཞང་ལུང་དཀར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀུན་ཉི་ཡིས་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་འབད་པ་བྱས་པ་བརྒྱུད། གྲོང་གསེབ་ཀྱི་རྐང་རྗེན་སྨན་པ་ནས་སྡེ་བ་ཡོངས་ཀྱི་སྣེ་ཁྲིད་ཧྲུའུ་ཅིར་གྱུར་བ་རེད། འདི་ནི་སྨན་པའི་བྱམས་སྙིང་རྗེ་དང་ཏང་ཡོན་ཞིག་གི་འགན་འཁྲི་ཕྲག་ཏུ་བླངས་ནས་འབྲོག་པ་མང་པོ་ཞིག་གི་བདེ་ཐང་དང་བདེ་སྐྱིད་སྲུང་སྐྱོང་བྱས་པའི་གཏམ་རྒྱུད་ངོ་མ་ཞིག་ཡིན།

1969ལོར་སྐྱེས་པའི་ཀུན་ཉི་ནི་འབྲོག་མི་ཕལ་བ་ཞིག་ཡིན་ལ། རྐང་རྗེན་སྨན་པའི་རྒྱུན་འཛིན་པ་ཞིག་ཀྱང་རེད། ལོ14ནས་བཟུང་། ཁོ་ཨ་ཕའི་རྗེས་འབྲངས་ཏེ་སྨན་སྒམ་འཁུར་བ་དང་། དཔལ་ཡུལ་དང་བར་གཞི་ཞང་གཉིས་ཀྱི་འབྲོག་པའི་སྦྲ་གུར་ནང་ཕར་འགྲོ་ཚུར་འོང་བྱས་ཏེ་སྲོག་སྐྱོབ་སྨན་བཅོས་ཀྱི་ལས་ལ་འབད། ལོ33སྟེང་། ཁོས་སྨན་བཅོས་ལག་རྩལ་མཐོ་རུ་གཏོང་ཆེད་སི་ཁྲོན་ཞིང་ཆེན་འབར་ཁམས་རྫོང་ཕྱི་ལུགས་གསོ་རིག་སྨན་ཁང་དུ་ཟབ་སྦྱོང་བྱེད་དུ་སོང་ནས། བོད་ལུགས་གསོ་རིག་ལག་རྩལ་དང་དེང་རབས་ཕྱི་ལུགས་གསོ་རིག་གི་ཤེས་བྱ་མཉམ་འདྲེས་སྨན་བཅོས་ཐད་འབད་པ་བྱས་པ་བརྒྱུད་རང་རྒྱུད་ལ་ཡོན་ཏན་ཆེན་པོ་འབྱོར།

སྨན་བཅོས་བྱས་ནས་ལོ་ངོ་བཅུ་ཕྲག་ཁ་ཤས་སོང་རྗེས། ཀུན་ཉིའི་རྐང་རྗེས་མངའ་ཁུལ་གྱི་རྩྭ་ཐང་གང་སར་ཁྱབ་ཅིང་། ལོ་ངོ་དེ་དག་གི་རིང་ལ་འཕྲུལ་རྟར་ཞོན་ནས་རི་ལུང་མང་པོར་སོང་བས་འཕྲུལ་རྟ་གསུམ་ཆག་སོང་བ་དང་། རྐང་ཐང་དུ་སོང་ནས་འགྱིག་ལྷམ་བགྲང་ལས་འདས་པ་ཞིག་རལ་སོང་བ་ཁོའི་སེམས་ན་གསལ་པོར་ངེས་ལ། ས་གནས་མང་ཚོགས་ཀྱི་ཁ་ནའང་གཏམ་དེ་རླུང་ལྟར་གྲགས་བཞིན་ཡོད། ཁོ་ལོ་རེར་འབྲོག་ཁྱིམ་དུ་སོང་ནས་ཁེར་རྐྱང་དུ་ལུས་པའི་བགྲེས་པོ་དང་འགུལ་སྐྱོད་སྟབས་བདེ་མིན་པའི་མང་ཚོགས་མི་ཐེངས70ལྷག་ལ་འཚམས་འདྲི་བྱེད་ཀྱིན་ཡོད། ཁོའི་མི་སྒེར་གྱི་སྨན་བཅོས་ཁང་གིས་ཉིན་རེར་ཆ་སྙོམས་ཀྱིས་མི50ལྷག་ལ་སྨན་བཅོས་བྱེད་བཞིན་ཡོད་པས། ལེ་བར་བརྒྱ་ཡས་མས་ཀྱི་འབྲོག་པ་མང་ཚོགས་ཀྱི་སེམས་ནང་གི“བདེ་ཐང་ས་ཚིགས”ཤིག་ཏུ་གྱུར་བ་དང་། ཁོས་ཐོག་མཐའ་བར་གསུམ་དུ་སྨན་པའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ། དབུལ་ཕོངས་མང་ཚོགས་ལ་སྨན་རིན་སྒོར་སྐར་གཅིག་ཀྱང་བླངས་མྱོང་མེད་པར་མ་ཟད། ད་དུང་ལོ་རེར་དཀའ་ཁག་ཡོད་པའི་མང་ཚོགས་ལ་སྨན་རྫས་མཁོ་སྤྲོད་བྱེད་ཀྱིན་ཡོད།

2020ལོའི་གྲང་ངར་ཆེ་བའི་དགུན་དུས་ཀྱི་ནམ་གུང་ཞིག་ལ། འབྲོག་པ་ཞིག་གིས་ཁ་པར་བཏང་ཡོང་ནས་སྦྲུམ་མ་ཞིག་བྱིས་པ་བཙའ་ལ་ཉེ་བའི་སྐབས་སུ་ཉེན་ཁར་འཕྲད་ཡོད་པའི་གནས་ཚུལ་བཤད་མ་ཐག ཁོས་མཚན་མོ་དེར་སྤྱི་ལེ35ལྷག་ཡོད་པའི་རི་ལམ་ཀྱག་ཀྱོག་བརྒྱུད་དེ་འཕྲུལ་རྟར་ཞོན་ནས་སོང་བ་དང་། གྲང་རླུང་རུས་པར་གཟེར་ན་ཡང་། མདུན་སྐྱོད་ཀྱི་གོམ་ཁ་མ་ལྷོད་པར་སོང་ནས་མ་བུའི་བདེ་འཇགས་ལ་འགན་སྲུང་བྱས། ནད་པ་རྣམས་ཀྱི་མདུན་དུ་ཁོས་ནམ་ཡང་གོམ་ཁ་ལྷོད་མ་མྱོང་ལ། ཁོའི་འགྱུར་མེད་ཀྱི་བསམ་བློར་ཡུལ་མི་ཚོའི་ཡིད་ཆེས་ཚད་མེད་ཐོབ་ཡོད།

2017ལོར། ཀུན་ཉི་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་། 2020ལོར་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས་ཐོན་བྱུང་བས། མིང་གི་ཐོབ་ཐང་ལ་འགྱུར་ལྡོག་བྱུང་ནས་དམངས་དོན་ལ་ཐོག་མཐའ་བར་གསུམ་དུ་འབད་པ་ལྷུར་ལེན་བྱས།

ཀུན་ཉི་ཡི་སེམས་སུ་ནད་པའི་སྡུག་བསྔལ་ནི་སྒྲ་མེད་པའི་བཀའ་རྒྱ་ཡིན། ཐེངས་ཤིག་ལ། དཔལ་ཡུལ་ཞང་གི་ལོ་ན81ལ་སོན་པའི་ཨ་མ་རྒན་མོ་ཞིག་ལ་ཟས་དུག་ཕོག་ནས་ན་ཟུག་བཟོད་དཀའ་བ་བྱུང་བ་དང་འགུལ་སྐྱོད་སྟབས་མི་བདེ་བར་གྱུར། ཀུན་ཉི་ལ་ཁ་པར་འབྱོར་རྗེས་དཀར་ཡོལ་དང་ཐུར་མ་ས་ལ་བཞག་ནས་མྱུར་དུ་ལམ་ལ་ཆས་ཤིང་། ཀྱག་ཀྱོག་གི་རི་ལམ་བརྒྱུད་མཐར་ཁྱིམ་དེ་གར་ཐོན་ནས་ཆུ་ཚོད་གཅིག་ལྷག་ལ་ཨ་མ་རྒན་མོ་དེའི་མལ་ཁྲིའི་མདུན་དུ་པུས་མོ་སར་བཙུགས་ནས། བོད་ཕྱི་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་སྲོག་ཉེན་ལས་བསྐྱབས།

2000ལོ་ནས2025ལོའི་བར་ཡོང་འབབ་ཉུང་ཡང་གྲོན་ཆུང་བྱས་ཏེ། ཁོས་ཞང་གཉིས་ཀྱི་དཀའ་ཁག་ཡོད་པའི་མང་ཚོགས་ལ་བསྡོམས་པས་སྒོར་ཁྲི8.2ཀྱི་འཚོ་བའི་དངོས་རྫས་ཞལ་འདེབས་ཕུལ་བ་དང་། སྒོར་ཁྲི1.6ལྷག་གི་སྨན་རྫས་རིན་མེད་མཁོ་འདོན་བྱས་ལ། ནད་གཞི་ཚབས་ཆེན་བྱུང་ནས་དཀའ་ཁག་གི་གནས་སུ་གྱུར་བའི་བགྲེས་པོ་རྣམས་ལ་སྒོར་མོས་རོགས་སྐྱོར་བྱས་པས་མང་ཚོགས་ཀྱི་སྙིང་ཉེ་བའི་མི་རུ་གྱུར་ཡོད།

2022ལོར་ལུང་དཀར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གཉེར་མགོ་ཚུགས་པ་ན། ཀུན་ཉི་ལས་འཛིན་མགོ་གཙོར་བདམས་པ་དང་། རྩྭ་ས་ཉམས་ཞན་དང་ནོར་ཉུང་བ། འབྲོག་པ་མཉམ་ལས་ཁང་དུ་ཞུགས་པའི་བརྩོན་སེམས་ཞན་པ་བཅས་དཀའ་གནད་ཀྱི་མདུན་དུ། ཁོས་རང་འགུལ་ངང་རུ་ཁག་གི་སྣེ་ཁྲིད་དེ་ས་ཆ་གཞན་དུ་རྩྭ་ས་བཅོས་སྐྱོང་དང་ཉམས་མྱོང་སློབ་སྦྱོང་བྱེད་དུ་སོང་བ་དང་། ཕྱིར་སྡེ་བར་ལོག་ནས་མང་ཚོགས་སྐུལ་སློང་བྱས་ཏེ་ཨ་བྲ་གསོད་པ་དང་རྩྭ་བཏབ་པར་མ་ཟད། ད་དུང་འགན་ལེན་བྱས་པའི་རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་འགྲོ་གྲོན་ཡང་རང་གིས་བཏང་བ་རེད།

མཉམ་ལས་ཁང་གི་མ་གནས་ཇེ་དམའ་རུ་གཏོང་ཆེད། ཁོས་སྣེ་ཁྲིད་དེ་རེས་མོས་ཀྱིས་ཕྱུགས་འཚོས་པ་དང་། དབྱར་རྩྭ་དགུན་འབུ་བརྐོ་བའི་སྐབས་སུ་རང་འགུལ་ངང་མཚོ་ངོས་ལས་མཐོ་ཚད་ལ་སྨི4000ཡན་ཡོད་པའི་རྩྭ་སར་ཕྱུགས་འཚོས་ནས་རྩྭ་ས་སྲུང་སྐྱོང་བྱས། ཁ་བ་བབས་ནས་གཟན་རྩྭ་དཀོན་པའི་སྐབས་སུ་ཡང་ཁོ་རང་གིས་མ་དངུལ་བཏང་ནས་གཟན་རྩྭ་ཉོ་སྒྲུབ་བྱས་པར་མ་ཟད། ད་དུང་འབྲོག་པ་མང་ཚོགས་དང་འབྲེལ་བ་ཆེ་བའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་བཅད། ཁོའི་སྣེ་ཁྲིད་འོག་མཉམ་ལས་ཁང་གི་ནོར་གྲངས250ནས315ལ་འཕར་བ་དང་། རིམ་རྩིས་བྱས་ན་མང་ཚོགས་ལ་སྒོར་ཁྲི15ཡི་ཁེ་སྤོགས་བགོ་བཤའ་བརྒྱབ་ནས་སྡེ་བའི་ཐུན་མོང་ཐོན་ལས་ལ་གསོན་ཤུགས་རྒྱས་སུ་བཅུག

2026ལོའི་ཟླ1པར། ཀུན་ཉི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས་པ་རེད། འགན་འཁུར་ལྕི་མོ་ཕྲག་ཏུ་བབས་ཀྱང་མདུན་སྐྱོད་ཀྱི་གོམ་ཁ་ལྷོད་མ་མྱོང་། ཁོས་ཕྱོགས་གཅིག་ནས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་འདྲི་བརྟག་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་སྡེ་བ་ཡོངས་ཀྱི་འཕེལ་རྒྱས་ལ་བསམ་བློ་བཏང་སྟེ། ས་གནས་ཀྱི་སྐྱེ་ཁམས་ལེགས་ཆར་བརྟེན་ནས་ཕྱུགས་ལས་སྟོབས་ཆེར་གཏོང་བ་དང་། ཞིང་གྲོང་གི་ཁམས་གསོ་གནས་སྐོར་འཕེལ་རྒྱས་གཏོང་བའི་ཐད་འཆར་གཞི་འགོད་པ། ཡུལ་མི་ཚོའི་སྣེ་ཁྲིད་དེ་ཡོང་འབབ་འཕར་སྣོན་གྱི་ལམ་དུ་སྐྱོད་བཞིན་ཡོད།

དེང་སྐབས་ལོ57ལ་སོན་པའི་ཀུན་ཉི་ཡིས་སྔར་བཞིན་ཉིན་རེར་སྒོ་བསྟེན་སྨན་ཁང་དང་ཕྱུགས་ར། སྡེ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱི་དོན་དུ་བྲེལ་ནས་ཁ་དན་ལག་ལེན་ལ་གཞོལ་གྱིན་འདུག

རྐང་རྗེན་སྨན་པ་ནས་སྣེ་ཁྲིད་ཧྲུའུ་ཅི་ཡི་བར། ཀུན་ཉི་ཡིས་མཐོ་སྒང་དུ་གཞི་བཅོལ་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་ནས། ལག་ལེན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་གཞི་རིམ་ཏང་ཡོན་ཞིག་གི་འགན་འཁྲི་དང་འགན་འཁུར་ལ་གསལ་འགྲེལ་བྱས་ཤིང་། གངས་ལྗོངས་མཐོ་སྒང་གི་ཆེས་མཛེས་པའི་གཞི་རིམ་གྱི་ཧུར་བརྩོན་པར་གྱུར་ཡོད།