མི་རབས་གསུམ་ལ་ལག་རྩལ་གྱི་རྒྱུན་བསྐྱངས་པའི་རྭ་རྒྱའི་བོད་ལྷམ།

ཁུངས། ཀློག་གྲངས།

​ཕྱི་དྲོའི་ཉི་འོད་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྭ་རྒྱ་གྲོང་རྡལ་གྱི་སེར་ཐོ་སྡེ་བ་བརྒྱུད་ནས། ཁྱིམ་བདག་དབང་སྟོབས་ཀྱི་ལུས་རྒྱབ་ལ་དྲོད་སོབ་སོབ་ངང་འཕྲོས་དུས། ཁོས་ལག་ཏུ་ཁ་བཏགས་དཀར་པོ་བཏེགས་ནས། ང་ཚོར་བསུ་མ་བྱས་བྱུང་། ཉིས་ཐོག་ཏུ་ཡོད་པའི་བཟོ་ཁང་དུ་སོང་བ་ན། མཁའ་དབུགས་ཁྲོད་དུ་ཀོ་བ་དང་ལུག་བལ་མཉམ་དུ་འདྲེས་པའི་ཁྱད་མཚར་གྱི་དྲི་མ་ཞིག་གིས་ཁེངས་འདུག་ལ། དེ་ནི་ལོ་ཟླ་མང་པོར་བསགས་པའི་དྲི་མ་ཞིག་རེད།

དབང་སྟོབས་ཀྱི་མཛུབ་མོ་སྦོམ་ལ། མཛུབ་མོའི་ལྷུ་ཚིགས་ལོ་ངོ་མང་པོར་ངལ་རྩོལ་བྱས་སྟབས་ཅུང་ཙམ་འཁྱོག་འདུག་ནའང་། སྐུད་པ་འཁེལ་སྐབས། འདར་འགུལ་ཅི་ཡང་མེད། ཁབ་ཤུལ་ཕྲ་ཞིང་ཞིབ་པ་དང་། ལྷམ་ཡུའི་སྟེང་གི་སྲོལ་རྒྱུན་གྱི་འཁྱུག་རིས་དང་ཡིག་རིས་དེད་ནས་སོང་བ་ན། ཁབ་དང་སྐུད་པ་རེ་རེས་འགུལ་སྐྱོད་ཀྱི་ལོ་ཟླ་ཞིག་འཚེམ་བཞིན་པ་དང་ཡོངས་སུ་མཚུངས།

བཟོ་པའི་ལག་ཟུང་འདི་ནི། སྔོན་ཆད་ཁོའི་ཨ་མར་དབང་། དབང་སྟོབས་ཀྱི་དྲན་ངོགས་སུ་ལོ་ངོ་བཅུ་ཕྲག་གི་སྔོན་དུ། ཨ་མ་འོད་གསལ་འཚོ་སྐྱིལ་ཀྲུང་གིས་པགས་གདན་སྟེང་ཙོག་འདུག་ལ། དེ་ནི་གྲགས་འགུལ་མེད་པའི་རི་བོ་ཞིག་དང་མཚུངས། སྐབས་དེར། ལོ་ན་གཞོན་པའི་ཁོ་ལ་མཚོན་ན། ཆེས་ཡིད་དབང་འཆོར་ས་ནི་བང་རྩལ་ཅན་གྱི་རྟ་མཆོག་མིན་པར། ཨ་མས་ལྷམ་བཟོ་སྐབས་ཀྱི་སྟངས་སྟབས་ལྡན་པའི་རྡུང་སྒྲ་དང་པགས་པ་འདྲ་བའི་ཧྲག་སྒྲ་རེད། ཨ་མར་སྨྲ་བ་ཤིན་ཏུ་ཉུང་ལ། ལག་རྩལ་ནི་མོའི་སྐད་ཆ་རེད། མོས་དྲོད་འཇམ་གྱི་ནོར་རུས་ཀྱིས་ཀོ་བ་བརྡར་ནས། དེ་ལ་འཇམ་མཉེན་གྱི་འོད་མདངས་མངོན་དུ་བཅུག་པ་དང་། མོས་བལ་སྐུད་ཀྱིས“རྒྱ་གྲམ”གྱི་མདུད་པ་རྒྱག་པ་དེ་ནི་འབྲོག་པས་སྨོན་འདུན་གྱི་རྟགས་ཐམ་ཡིན་ལ། དེ་ཡིས་གོམ་པ་རེ་རེ་ཏན་ཏན་ཏིག་ཏིག་ཡིན་པ་མཚོན།

“གཅེས་ཕྲུག ཁྱོད་ཀྱིས་ལྟོས་དང་།”ཞེས་ཨ་མས་སྔོན་ཆད་ཁོའི་ལག་པ་ཆུང་ཆུང་ནས་འཇུས་ཏེ། གསར་དུ་བཟོས་ནས་འགྲུབ་པའི་ལྷམ་མཐིལ་ལ་ལག་པས་བྱིལ་བྱིལ་གཏོང་བ་དང་།“རིམ་པ་སྟོང་གི་ལྷམ་མཐིལ་གྱི་བརྩེགས་མ་རེ་ཡིས་སྨོན་འདུན་རེ་མཚོན་ཡོད། ལྷམ་འདི་གྱོན་པའི་མི་ལ་དང་ལུང་པ་བརྒལ་དུས། ང་ཚོའི་སྨོན་འདུན་ཡང་དེའི་རྗེས་སུ་བསྙེགས་ནས་ལ་ལུང་བརྒལ་ཡོད།”སྐབས་དེར། དབང་སྟོབས་ཀྱིས་གསལ་པོར་རྟོགས་པ་ནི། དེ་ནི་ལྷམ་ཆ་གཅིག་ཙམ་མིན་པར། དེ་ནི་ས་གཞི་ཆེན་མོར་ཕུལ་བའི་ལྷག་བསམ་གཙང་མ་ཞིག་རེད།

བོད་ལྷམ་བཟོ་བའི་ལག་རྩལ་འདིའི་འབྱུང་རྩ་ནི། དབང་སྟོབས་ཀྱི་དྲན་ངོགས་སུ་དེ་བས་མག་མོག་དང་དྲོད་ཁོལ་ལྡན་པའི་པར་རིས་ཤིག་སྟེ། དེ་ནི་ཁོའི་སྤོ་བོ་ཡིན་ལ། རྩྭ་ཐང་དུ་ཀུན་གྱིས་ལག་བདེ་ཞེས་འབོད་པའི་རྒན་པོ་གཡང་འབུམ་རེད། སྤོ་བོའི་དུས་རབས་སུ། རྭ་རྒྱའི་བོད་ལྷམ་ནི་མཐོ་སྒང་འདིའི་སྟེང་འཚོ་མཁན་གྱི་ཉེར་མཁོའི་དངོས་པོ་ཞིག་ཡིན། བཟོ་རྩལ་ཤིན་ཏུ་ཞིབ་པའི་བོད་ལྷམ་ནི། རྫོངས་པའི་ཁྲོད་ཀྱི་ཆེས་རྔམས་མཐུག་པའི་ཆ་ཤས་ཤིག་ཡིན་ལ། རྟ་རྒྱུག་འགྲན་ཚོགས་སྟེང་དཔའ་བོའི་དཔའ་ཉམས་ཀྱི་རྒྱན་ཆས་ཤིག་རེད།

དབང་སྟོབས་ཀྱིས་ལག་རྩལ་འདི་རྒྱུན་འཛིན་བྱས་པའི་ལོ་ངོ་བཅུ་ཕྲག་དུ་མའི་ནང་། ཁོས་རྐང་འོག་གི་འཇིག་རྟེན་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་བ་མཐོང་། སྣུམ་ལམ་ཁྱིམ་གྱི་སྒོ་དྲུང་དུ་འཐེན་ཞིང་། འཕྲུལ་རྟ་དང་རླངས་འཁོར་གྱིས་ཕྱིར་བགྲོད་ཀྱི་རྟ་ཕོའི་ཚབ་བྱས་ཡོད། ཚོང་ཁང་དུ་རྣམ་པ་གསར་ཞིང་རིན་གོང་བདེ་བའི་ལྷམ་གྱི་རིགས་སྣ་ཚོགས་ཡོད། ཁོ་བཙལ་ནས་སྲོལ་རྒྱུན་གྱི་བོད་ལྷམ་མངགས་བཟོ་བྱེད་དུ་འཇུག་མཁན་ནི། ལོ་རེ་ནས་ལོ་རེར་ཇེ་ཉུང་དུ་ཕྱིན། སྐབས་རེ་རེ་ཁོ་ཡང་ཅི་བྱ་གཏོལ་མེད་དུ་གྱུར་མྱོང་སྟེ། གྱང་ངོས་སུ་བཀལ་ཡོད་པའི་བཟོ་པའི་ལག་ཆ་དེ་དག་ལ་ལྟ་བཞིན་རང་གིས་རང་ལ་ལམ་འདིའི་སྟེང་མུ་མཐུད་དུ་འགྲོ་དགོས་མིན་གྱི་དྲི་བ་མང་པོ་དྲིས་མྱོང་།

ཡིན་ཡང་། གོ་སྐབས་ནི་མཐོ་སྒང་གི་སྤྲིན་པ་དང་འདྲ་བར་དལ་གྱིས་ལྡང་འོང་། 2008ལོར། རྨ་ཆེན་རྫོང་རིག་གནས་ཁང་གི་ལས་བྱེད་པས་ཁོ་རང་བཙལ་ཏེ། ཁོ“གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པར”རེ་ཞུ་བྱེད་རྩིས་བྱས། དེ་མིན་ད་རུང་།  ཆ་རྒྱུས་མེད་པའི་ན་གཞོན་ཁ་ཤས་ཀྱིས་ལག་ལ་པར་ཆས་ཐོགས་ཤིང་། མིག་ཟུང་ལས་མཚར་ཉམས་མངོན་བཞིན་ཁོ་ཚང་གི་སྒོ་རའི་ནང་དུ་ཐོན། ཁོ་ཚོས“ལྷམ་གྱི་རྒྱུ་སྤུས”མི་འདྲི་བར། དེ་ལས་ལྡོག་སྟེ་བཟོ་རྩལ་འདི་ལ་ལོ་ག་ཚོད་ཀྱི་ལོ་རྒྱུས་ཡོད་དམ”ཞེས་ཧ་ལས་ནས་འདུག

དེང་སྐབས། དབང་སྟོབས་ཀྱིས་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་ལྟེ་བའི་སློབ་གྲྭ་རུ་འོས་འགན་དང་བླངས་སྒོས་བོད་ལྷམ་གྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་འཁྲིད་བཞིན་ཡོད་ལ། ཁོས་སློབ་མ་རྣམས་ལ་ལྷམ་དབྱིབས་ཆུང་ཆུང་ཚོད་ལྟའི་ཚུལ་དུ་བཟོ་བའི་སློབ་ཁྲིད་བྱེད་མགོ་བརྩམས། ཁོས་བཤད་རྒྱུར།“ཕྱི་རོལ་གྱི་རླུང་བུ་ལྡང་འོངས་ན། ང་ཚོས་སྒེའུ་ཁུང་རྒྱག་པ་ཁོ་ན་བྱེད་མི་རུང་། ང་ཚོའི་ལག་ཤེས་རྙིང་པ་འདི། བྱིས་པ་ཚོའི་འཇིག་རྟེན་ལ་བསྐྱོད་དུ་བཅུག་སྟེ། ཁོ་ཚོ་དེ་ལ་ཆ་རྒྱུས་ཡོད་དུ་འཇུག་དགོས།”

དེ་ནི་གྲང་ངར་འགོག་པའི་ལྷམ་ཆ་གཅིག་མིན་པར། མི་རབས་བཞིས་ཚེ་སྲོག་གི་དུས་ཚོད་ཀྱིས་འཐག་པའི་སྐུད་པ་ཡིན་ལ། འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་པའི་ཡིད་རྟོན་གྱི་དངོས་པོ་ཐགས་སུ་སྐྲུན་བཞིན་ཡོད།