བགྲོད་ལམ་གེགས་མེད་དུ་གྱུར་བས་སེམས་པ་བདེ་ལ་བབས།

ཁུངས། ཀློག་གྲངས།

___2026ལོའི་མཚོ་སྔོན་གྱི་ཆེས་མཛེས་པའི་ལས་བཟོ་པ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཡན་ལག་རུ་ཁག་མཁར་ནུབ་ཆུས་ཀྱི་རུ་ཁག་ཆེན་མོའི་ཉེན་རྟོག་ལས་རོགས་པ་བཀྲ་ཤིས་དོན་གྲུབ་ཀྱི་གནས་ཚུལ་ཆེད་བཀོད།

བཀྲ་ཤིས་དོན་གྲུབ་ཀྱིས་ཐུན་རིན་ལམ་དུ་འགྲིམ་འགྲུལ་ཁ་འགྲེམ་གཏོང་བཞིན་པ། 

ཟླ1པོའི་ཚེས19ཉིན་གྱི་ཞོགས་པར། མཐོ་སྒང་གི་མནའ་མཁར་ཟི་ལིང་དེ་ཡུན་གྱིས་གཉིད་ལས་སད་ཅིང་། རླངས་འཁོར་དང་མི་སྣའི་འགྲོ་འོང་གི་མགོ་བརྩམས་བྱུང་། བཀྲ་ཤིས་དོན་གྲུབ་ཀྱིས་ཉེན་རྟོག་པའི་ལས་ལྭ་གྱོན་ནས། ཁོག་སྟོད་དགྱེ་དགྱེ་ཡིས་མཁར་ནུབ་ཆུས་ཀྱི་ཞུས་ཧྲོས་ལམ་གྱི་སུམ་མདོར་ལངས་ཏེ། ཉིན་གསར་བ་ཞིག་གི་ལས་འགན་བསྒྲུབ་མགོ་བརྩམས། ཁོང་གིས་བློ་རྩེ་གཅིག་ཏུ་སྒྲིམ་ནས་གོ་རིམ་ལྡན་པའི་ངང་འགྲིམ་འགྲུལ་ལ་བཀོད་འདོམས་བྱེད་ཀྱིན་ཡོད་པ་དང་། ལག་པ་གཡུག་པའི་སྐབས་དང་བསྟུན་ནས། རླངས་འཁོར་ཚང་མ་གོ་རིམ་ལྡན་པའི་ངང་བསྐྱོད་ཀྱིན་མཆིས།

ཉིན་རེའི་ཆུ་ཚོད་བདུན་པ་ནས་དགུ་པའི་བར། བཀྲ་ཤིས་དོན་གྲུབ་ཀྱིས་ཞུས་ཧྲོས་ལམ་གྱི་སུམ་མདོ་རུ་ཐེངས་མང་པོར་བདེ་འཇགས་ལ་དོ་སྣང་བྱོས་ཞེས་བཤད་ཀྱིན་ཡོད། ས་སྲོད་དུ། ཁོང་དུས་ལྟར་གནས་འདིར་ཐོན་ནས་འགྲིམ་འགྲུལ་འཚང་ཁ་ཆེ་བའི་གནས་ཚུལ་ཞི་འཇགས་སུ་གྱུར་རྗེས་ད་གཟོད་ཁ་འབྲལ་གྱིན་ཡོད།

ཟི་ལིང་གྲོང་ཁྱེར་གྱི་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཡན་ལག་རུ་ཁག་གི་དོ་དམ་ཁོངས་གཏོགས་ནི་ཟི་ལིང་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཚང་ཁ་ཆེ་སའི་ཁུལ་ཡིན་ཏེ། ཧྲིན་ལིས་ལམ་དང་ཝུའུ་ཟི་སྲང་ལམ། ཐུན་རིན་ལམ་སོགས་ནི་མཁར་གྲོང་གི་ལམ་ཐིག་གཙོ་བོ་ཡིན་པས། འགྲིམ་འགྲུལ་འཚང་ཁ་ཆེ་དུས་རླངས་འཁོར་དང་མི་སྣའི་འགྲོ་འོང་གི་རྒྱུན་ཆད་རྒྱུ་མེད། བྱ་བའི་དགོས་དབང་གིས་ཚ་བ་ཆེ་བའི་དབྱར་དུས་དང་གྲང་ལྷགས་རྒོད་པའི་དགུན་དུས་གང་ཡིན་རུང་། བཀྲ་ཤིས་དོན་གྲུབ་ནམ་རྒྱུན་ལམ་དཀྱིལ་དུ་ལངས་ནས་འགྲིམ་འགྲུལ་ལམ་སྟོན་བྱེད་ཀྱིན་ཡོད་པར་བརྟེན། རླུང་བུ་ལྡང་ཚེ་མིག་ན་ནས་མཆི་མ་ཆད་མེད་དུ་བཞུར་གྱིན་ཡོད།

ལས་འགན་བསྒྲུབ་པའི་སྐབས་སུ། ཁོའི་མིག་ཆུ་དབང་མེད་དུ་བཞུར་གྱིན་ཡོད་པས། བཀྲ་ཤིས་དོན་གྲུབ་ཀྱིས་མིག་ཆུ་མ་ཕྱིས་ཚེ་ལམ་གསལ་བོར་མི་མཐོང་བར་ཡོལ་བ་སྲབ་མོ་ཞིག་གིས་བསྒྲིབས་ཡོད་པ་དང་འདྲ།  དེའི་རྐྱེན་གྱིས་ནམ་རྒྱུན་ཁུག་མའི་ནང་བཅུག་ཡོད་པའི་གཙང་ཤོག་མྱུར་མོར་བཀོལ་ཚར་འགྲོ་བ་དང་། ཁོས་གོམ་ལོབས་ལྟར་ཚི་ལེན་ཕུ་རུང་གིས་ཕྱིས་པ་ཡིན་ཞེས་བཤད། 

བཀྲ་ཤིས་དོན་གྲུབ་ཀྱིས་ནམ་རྒྱུན་འགྲིམ་འགྲུལ་ཁ་འགྲེམ་གཏོང་བ་ནི་ངའི་ལས་ཀ་གཙོ་བོ་ཡིན་ལ། བགྲོད་ལམ་གེགས་མེད་དུ་གྱུར་ཚེ། མང་ཚོགས་ཀྱི་སེམས་ཀྱང་ལྷོད་ལ་འབབ་ཐུབ་ཅེས་པའི་སྐད་ཆ་འདི་ཡང་དང་བསྐྱར་དུ་གླེང་བཞིན་ཡོད་པར་མ་ཟད། ཁོང་གིས་དངོས་སུ་ལག་ཏུ་བསྟར་གྱིན་ཡོད།

ཞིན་ཉིང་ལམ་དང་ཧྲིན་ལིས་ལམ་གྱི་བཞི་མདོའི་འགྲིམ་འགྲུལ་གནད་དོན་ལ་དམིགས་ནས། བཀྲ་ཤིས་དོན་གྲུབ་ཀྱིས་དགོང་མོའི་འགྲིམ་འགྲུལ་འཚང་ཁ་ཆེ་དུས་ཐེངས་མང་པོར་རྟོག་ཞིབ་བྱས་ནས་ལེགས་སྒྱུར་ཇུས་གཞི་བཏོན་པ་སྟེ། རླངས་འཁོར་བགྲོད་ལམ་ལྔ་པ་དེ་གཡས་ཕྱོགས་སུ་འཁོར་བའི་ཆེད་སྤྱོད་བགྲོད་ལམ་དུ་བསྒྱུར་བ་དང་། བརྡ་གཏོང་གློག་བཀར་ཡུན་སྐར་ཆ་བཅོ་ལྔ་ཇེ་རིང་དུ་བཏང་ཕྱིར། ལམ་འགྲོ་བས་སྲང་ལམ་བརྒྱུད་པ་དང་རླངས་འཁོར་བསྐྱོད་པའི་སྒྲིག་སྲོལ་ཚད་ལྡན་དུ་བཏང་ནས། ལམ་ཁའི་ཕྱི་བསྐྱོད་ཚད་ཇེ་མཐོར་བཏང་།

བསྡོམས་རྩིས་བྱས་པ་ལྟར་ན། ཁོ་ཆ་སྙོམས་ཀྱིས་ལོ་རེར་འགྲིམ་འགྲུལ་ཁ་འགྲེམ་གཏོང་བའི་བརྒྱུད་རིམ་ཁྲོད་ཞུགས་པའི་དུས་ཡུན་ཆུ་ཚོད་དྲུག་བརྒྱ་ལས་བརྒལ་ཞིང་། ཁྲིམས་འགལ་གྱོད་དོན་སྟོང་གསུམ་དང་དྲུག་བརྒྱ་ལྷག་ཞིབ་བཤེར་ཐག་གཅོད་བྱེད་པར་གཞོགས་འདེགས་དང་། རླབས་འཁོར་སྟོང་གཉིས་གང་འདོད་དུ་བཞག་པར་ཁ་ཏ་བྱས།

གྲངས་ཀ་འདི་དག་ནི་ཁོའི་ཉི་འོད་དྲག་པོའི་འོག་བཞུར་བའི་རྔུལ་ཆུ་དང་། གྲང་རླུང་ཁྲོད་ཁངས་པའི་མཛུབ་མོ་ཡིན་ལ། ཐེངས་མང་པོར་ངང་རྒྱུད་རིང་པོས་ཁ་ཏ་བྱས་པ་དང་ཁ་འགྲེམ་བཏང་བའི་མཇུག་འབྲས་རེད།

ལས་ཞུགས་བྱས་མ་ཆག ཁོས་འགྲིམ་འགྲུལ་ཁྲིམས་ལུགས་ཁྲིམས་སྲོལ་དང་ཁྲིམས་བསྟར་ཚད་གཞི་མྱུར་མོར་རྒྱུས་ལོན་བྱ་ཆེད། ནམ་རྒྱུན་ཉེན་རྟོག་པ་རྒན་པར་བློ་འདྲི་དང་གྱོད་དོན་དབྱེ་ཞིབ་བྱས་ཤིང་། ཁོམ་སྐབས་ཡོད་ཚད་སྤྱད་དེ་སློབ་སྦྱོང་བྱེད་ཀྱིན་ཡོད། 2023ལོར། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་རྩལ་ནུས་འགྲན་བསྡུར་ཆེན་མོའི་ཁྲོད། ཁོས་ལས་སྒོའི་འཇོན་ནུས་ལེགས་པོར་བརྟེན་ནས་གཞན་ལས་ཁྱད་དུ་འཕགས་པས། འགྲིམ་འགྲུལ་ཁྲིམས་འགལ་ཡུལ་དངོས་ཞིབ་བཤེར་ཐག་གཅོད་ལས་གནས་ཀྱི་འཇོན་མི་ཞེས་པའི་མཚན་སྙན་ཐོབ་ཡོད།

2023ལོའི་དབྱར་ཁར། ལས་འགན་བསྒྲུབ་སྐབས། བཀྲ་ཤིས་དོན་གྲུབ་ཀྱིས་རླངས་འཁོར་དམར་པོ་ཞིག་རྒྱུན་ལྡན་མིན་པའི་སྒོ་ནས་ལམ་འགྲམ་དུ་བསྡད་པ་མཐོང་བས། མགྱོགས་པོར་འགྲམ་དུ་ཕྱིན་ནས་བལྟས་ཚེ། ཁ་ལོ་བའི་ངོ་མདོག་སྐྱ་བོར་གྱུར་ཞིང་ལག་པ་བྲང་ཁར་བཞག་སྟེ་སྐད་ཆ་བཤད་མི་ཐུབ་པར་གྱུར་འདུག གནས་ཚུལ་ཛ་དྲག་ཡིན་པས། བཀྲ་ཤིས་དོན་གྲུབ་ཀྱི་ཐེ་ཚོམ་ཅི་ཡང་མེད་པའི་སྒོ་ནས་མྱུར་མོར120ལ་ཁ་པར་བཏང་མ་ཟད། དེའི་བརྒྱུད་རིམ་ཡོངས་སུ་ནད་པའི་འགྲམ་དུ་བསྲུངས་ནས་བསྡད།

བཀྲ་ཤིས་དོན་གྲུབ་ཀྱིས་དགོད་ཞོར་དུ་བཤད་རྒྱུར། སྐབས་དེར་ངས་ཁོའི་འགྲམ་དུ་བསྲུངས་ནས་བསྡད་པ་ཡིན། གོམ་པ་གང་ཡང་ཁ་འབྲལ་མ་ཕོད། ཁོས་སོ་སྲ་མོ་བསྡམས་ནས་ཧྲག་སྒྲ་གྲགས་ཀྱིན་ཡོད་ལ། ཁ་ནང་དུ་ཝུ་བ་དཀར་པོ་ཞིག་འཕྱུར་བྱུང་། ངས་མིག་རྡེབ་ཙམ་ཡང་བྱེད་མ་ཕོད་པར་ཅེར་ནས་བསྡད་པ་དང་། སེམས་ནས་བྲེལ་ཤ་ལངས་པ་ཞིག་རེད། གལ་ཏེ་ཁོས་སོ་བཏབ་ཚེ་ལྕེ་ཆད་པའི་སྣང་ཚུལ་ཡང་འབྱུང་སྲིད་། ངས་ཁ་རོག་གེར་མཛུབ་མོ་རྐྱོང་བསྐུམ་བྱས་པ་དང་། གལ་ཏེ་གནས་ཚུལ་སྔར་ལས་ཚབས་ཆེན་ཡིན་ན། ངས་རང་གི་མཛུབ་མོ་ཁོའི་སོ་བར་དུ་བཞག་ནས་སོ་འདེབས་སུ་འཇུག་པའི་བསམ་ཚུལ་སྐྱེས་བྱུང་། ད་ལྟ་ཕྱིར་འདང་རེ་བརྒྱབ་ཚེ། སྐབས་དེའི་བསམ་ཚུལ་ངོ་མ་དགོད་སྤྲོ་བ་ཞིག་ཡིན་པར་མ་ཟད། སྨན་བཅོས་མྱུར་སྐྱོབ་རྒྱུན་ཤེས་ལས་འགལ་འདུག་ཅེས་ཟེར།

120མྱུར་སྐྱོབ་རླངས་འཁོར་མ་སླེབས་གོང་། ཁོས་ཡན་ལག་རུ་ཁག་བཀོད་འདོམས་ལྟེ་གནས་ལ་གེགས་མེད་སྲུང་སྐྱེལ་གྱི་དམིགས་བསལ་གནས་ཚུལ་ཡར་ཞུ་བྱས་པར་བརྟེན། སྐར་མ་བཞིའི་རིང་ལ་མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གི་མྱུར་སྐྱོབ་ཁང་དུ་སྐྱེལ་ཞིང་། མྱུར་སྐྱོབ་ཀྱི་འགག་རྩའི་དུས་ཚོད་དམ་འཛིན་བྱས། ཁོས་སྨན་ཁང་དུ་ཐོ་འགོད་བྱེད་པར་རོགས་རམ་བྱས་པ་དང་། ཁྱིམ་མི་ལ་འབྲེལ་གཏུག་བྱས་ནས། ནད་པའི་ཁྱིམ་མི་ཐོན་རྗེས་ད་གཟོད་ཕྱིར་རང་གི་ལས་གནས་སུ་ལོག

ཞུས་ཧྲོས་ལམ་གྱི་མི་བགྲོད་བརྡ་གཏོང་གློག་ལུགས་མཐུན་མིན་པའི་གནད་དོན་ལ་དམིགས་ནས། བཀྲ་ཤིས་དོན་གྲུབ་ཀྱིས་ཐེངས་མང་པོར་སུན་སྣང་མེད་པར་གནས་དེར་རྟོག་ཞིབ་བྱས་པ་དང་། གློ་བུར་ནད་ཕོག་པའི་ཁ་ལོ་བའི་གནས་ཚུལ་ལ་གཞིགས་ཏེ། ཁོས་སྔོན་ཆད་རང་གི་མཛུབ་མོར་སོ་འདེབས་སུ་འཇུག་རྩིས་བྱས། ཡིན་ན་ཡང་། ཆུང་མ་རྡོ་རྗེ་སྒྲོལ་དཀར་ལ་མཚོན་ནས་བཤད་ན། ཁོ་ནི་ནམ་རྒྱུན་ཕྱི་ན་ཡོད་པའི་ཁྱོ་ག་ཞིག་ཏུ་གྱུར་ཡོད།

གཉེན་མ་སྒྲིག་གོང་ལ། བཀྲ་ཤིས་དོན་གྲུབ་ཀྱིས་ཆུང་མ་ཁྲིད་ནས་ཁྲིན་ཏུའུ་ལ་འགྲོ་རྒྱུའི་ཁས་བླངས་ཡོད། ད་སྐབས། ཁོ་གཉིས་གཉེན་སྒྲིག་ནས་ཕལ་ཆེར་ལོ་གཉིས་འགོར་བ་དང་། བྱིས་པ་སྐྱེས་ནས་ཟླ་བ་ལྔ་ཙམ་འགོར་རུང་། ཁོས་ཁས་བླངས་པའི་དོན་དག་འདི་ད་དུང་འགྲུབ་ཐུབ་མེད། ཆུང་མ་རྡོ་རྗེ་སྒྲོལ་དཀར་གཅིག་པུས་ནམ་རྒྱུན་བྱིས་པ་ཕང་བར་བཟུང་ནས། ཟི་ལིང་དང་ཕ་ཡུལ་གུང་ཧོ་བར་དུ་ཡར་འགྲོ་མར་འགྲོ་བྱེད་ཀྱིན་ཡོད། ཁྱོ་ག་སྔ་མོར་ཕྱིར་འགྲོ་བ་དང་དགོང་མོ་ཕྱིར་ལོག་པའི་གནས་ཚུལ་མཐོང་སྐབས། ཁོ་མོས་ཡུན་གྱིས་ཁོ་ལ་རྒྱུས་ལོན་བྱས་པར་མ་ཟད་རང་ནུས་ཡོད་རྒུས་ཁོའི་བྱ་བར་རྒྱབ་སྐྱོར་བྱས། བཀྲ་ཤིས་དོན་གྲུབ་ཀྱིས་ཆུང་མར་རོགས་པ་དང་སེམས་ཁུར་མང་པོ་བྱེད་དགོས་པ་དང་། ཁོས་རང་གིས་བསྒྲུབ་ཐུབ་པ་དང་སྦྱིན་ཐུབ་པ་ཧ་ཅང་ཉུང་བ་སེམས་ནས་གསལ་བོར་རྟོགས་ཀྱིན་ཡོད།

དགོང་མོ་ཁྱིམ་ལ་ལོག་དུས། ཆུང་མས་བྱིས་པར་གཉིད་སློང་བའི་རྒྱབ་གཟུགས་མཐོང་ཚེ། གནས་སྐབས་ཀྱི་ལས་ཀ་ཚར་རྗེས་ཞེས་པའི་སྐད་ཆ་ཡང་དང་བསྐྱར་དུ་མིད་པར་ཐོན་རུང་། མཇུག་མཐར་སྐད་དམའ་མོས་དེ་རིང་བྱིས་པས་པྲ་ཚགས་བྱས་དམ་ཞེས་དྲིས་པ་དང་། རྡོ་རྗེ་སྒྲོལ་དཀར་གྱིས་ཁོ་ལ་ཆུ་ཁོལ་གང་ལྡུག་ནས་བགད་ཙམ་བྱས།

བཀྲ་ཤིས་དོན་གྲུབ་ཀྱིས་བགྲོད་ལམ་གེགས་མེད་ཡོང་བར་འགན་སྲུང་བྱེད་ཀྱིན་ཡོད་རུང་།  ཡང་ཁོང་གི་ནང་མིས་ངང་རྒྱུད་རིང་པོས་ཁོང་གི་ལྗིད་ཏིག་ཏིག་གི་དམ་བཅའ་དེ་བསྲུངས་ནས་ཡོད། 

ལྷ་མོ་འཚོས་བསྒྱུར།