ས་ནག་གིས་བཟོས་པའི་རྫ་ནག

ཁུངས། ཀློག་གྲངས།

པདྨ་ཆོས་རྒྱས་ཀྱིས་རྫ་ནག་ལས་བཞིན་པ། 

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གྲོང་གསེབ་དར་སྤེལ་ཐོན་ལས་ར་བའི་རྒྱལ་ཁབ་རིམ་པའི་གྲོང་གསེབ་བཟོ་བོ་གྲགས་ཅན་པདྨ་ཆོས་རྒྱལ་གྱི་བཟོ་ཤག་ནང་དུ། ཁོའི་སློབ་མ་ཨོ་རྒྱན་ནོར་བུས་གནའ་བོའི་ཉམས་ཀྱིས་ཕྱུག་པའི་རྫ་ནག་བཟོ་བཞིན་ཡོད།

ཨོ་རྒྱན་ནོར་བུའི་རྒྱབ་ཀྱི་སྒྲོམ་སྟེགས་དང་། སྒྱུ་རྩལ་གྱི་རྔམས་ཁ་མཐུག་པའི་བཤམས་ཁང་ནང་དུ་པདྨ་ཆོས་རྒྱལ་གྱིས་ཕྱོགས་བཞི་མཚམས་བརྒྱད་ནས་བཙལ་ཡོང་བའི་གནའ་བོའི་བོད་རྫ་དང་རང་གིས་བཟོས་པའི་རྫ་ནག་མང་པོ་བསྒྲིགས་ཡོད་ལ། དེ་དག་གིས་བོད་རིགས་མི་དམངས་ཀྱི་རིག་གནས་དང་འཚོ་བའི་བློ་གྲོས་མཚོན་ཡོད།

དབྱིབས་སྣ་ཚོགས་ཀྱི་རྫ་ནག་དེ་དག་ནི་སྔོན་ཆད་ཀྱི་མཐོ་སྒང་གི་གྲང་འཁྱགས་ནམ་ཟླ་དང་བོད་རིགས་ཀྱི་ཕྱུགས་ལས་འཚོ་བ་དང་འབྲེལ་བ་ཟབ་མོ་ཡོད་ལ། ད་ལྟ་གོ་ཆོད་དང་མཛེས་དཔྱོད་གཉིས་ཀ་གཞི་གཅིག་ཏུ་འབྲེལ་ཡོད། དཔེར་ན་པདྨ་ཆོས་རྒྱལ་གྱིས་དངོས་སུ་བཟོས་པའི“པདྨའི་བུམ་པར”མཚོན་ན་པདྨའི་རི་མོས་བརྒྱན་ཞིང་བྱ་ཁྱུང་གསོན་པོར་བབ་ཡོད་པ་དང་མཚུངས། དེ་དང་གཅིག་མཚུངས་ཀྱི་རྫ་ནག་དག2010ལོའི་ཧྲང་ཧའེ་འཛམ་གླིང་དངོས་མང་བཤམས་སྟོན་སྟེང་དུ་བཤམས་མྱོང་བར་མ་ཟད་ཀྲུང་གོ་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་སོགས་ཀྱིས་ཉར་ཚགས་བྱས་ཡོད།

སྲོལ་རྒྱུན་རྫ་ནག་གི་རྒྱུ་ཆ་འདེམས་པ་དང་བཟོ་རྩལ་ལ་ཞིབ་ཚགས་ཤིན་ཏུ་ཆེ་བ་དང་། ལྷག་པར་དབྱིབས་བཟོ་བའི་ལས་རིམ་ཚང་མ་ལག་པ་ཁོ་ནར་བརྟེན་དགོས་པས། རྫ་ནག་ལ་དར་རྒུད་མང་པོ་བརྒྱུད་པའི་གནའ་ཉམས་ཀྱི་མཛེས་པ་ཡོད། ནག་པོ་རྡོ་སོལ་དང་འདྲ་ལ་སྲ་མོ་དཀར་བུམ་དང་མཚུངས། མེར་བསྲེགས་ནས་ཐོན་པའི་རྫ་ནག་དེ་དག་ལ་ལག་པས་རེག་ན་ལྕགས་ལ་རེག་པའི་མྱོང་བ་ཐོན་པའམ་ཡང་མོས་རྡུང་ན་ལྕགས་རྡུང་བ་ལྟ་བུའི་སྒྲ་ཐོན་པ་རེད། ས་ནག་གིས་བཟོས་པ་ཡིན་རུང་ས་ནག་ལས་བརྒལ་བའི་སྒྱུ་རྩལ་འདི་རིགས་མཐོང་ན་ཧ་མི་ལས་པ་དང་ཧང་མི་སངས་པའི་མི་ཞིག་མེད།

གསར་འགོད་པས་དེ་ལྟར་རྫ་ནག་གི་བཟོ་རྩལ་ལ་རོལ་མྱོང་བྱེད་ཀྱིན་པའི་སྐབས་སུ་བུད་མེད་དར་མ་ཞིག་ནང་དུ་ཐོན། མོའི་སྐྲ་ལོ་རིང་མོ་རྒྱབ་ཏུ་དཔྱངས་ཤིང་ལུས་ལ་བོད་ལྭ་སྟབས་བདེ་ཞིག་གྱོན་ཡོད་པ་དང་། རྣམ་རིག་རྒྱས་པའི་མིག་མདངས་ལས་ཁམས་པའི་བུ་མོ་ཁོ་ནར་མངའ་བའི་ལྷོད་གཡེང་དེ་མཐོང་ཐུབ། མོའི་མིང་ལ་སྒྲོལ་མ་དཔལ་འཛོམས་ཟེར་ལ་པདྨ་ཆོས་རྒྱལ་གྱི་ཆུང་མ་རེད། པདྨ་ཆོས་རྒྱལ་གྱི་རྫ་ནག་ལག་རྩལ་རྒྱུན་འཛིན་ལམ་ཁའི་ཆེས་བློ་འཁེལ་ཆོག་པའི་རམ་འདེགས་པའང་རེད། ཉིན་འདི་འགར་པདྨ་ཆོས་རྒྱལ་ བུ་མོ་སློབ་ཆེན་ལ་བསྐྱལ་དུ་སོང་བས། མོ་གནས་སྐབས་སུ་ལས་ཤག་གི་གདུང་འདེགས་ཀ་བ་ལྟ་བུར་གྱུར་ཡོད།

“སྔོན་ཆད། ངེད་བཟའ་ཟླ་གཉིས་ཀས་མཉམ་དུ་རྫ་ནག་བཤམས་ནས་བཙོང་བ་ཡིན་ལ། དེ་ནི་རྫ་ནག་ལ་གཞན་གྱི་ཁས་ལེན་ཐོབ་ཏུ་འཇུག་ཆེད་ཡིན།”སྒྲོལ་མ་དཔལ་འཛོམས་ཀྱི་སྐད་མགོ་དམའ་རུང་གོ་རྒྱུ་མང་། “ལོ་འདི་དག་གི་རིང་ལ། གནའ་རྫ་རྩ་ཆེན་ཉོ་ཆེད་གཞན་ལ་སྒོར་མོ་མང་པོ་བསྐྱིས་ཡོད་རུང་། རྫ་ནག་ལག་རྩལ་ལ་བཅངས་པའི་དགའ་ཞེན་དང་རྒྱུན་འཛིན་ནམ་ཡང་དོར་མ་མྱོང་།”

གསར་འགོད་པས་པདྨ་ཆོས་རྒྱལ་དང་ཁོའི་ལས་ཤག་ལ་རྒྱུས་ལོན་སྔར་ལས་གསལ་པོ་བྱེད་དུ་འཇུག་ཆེད། སྒྲོལ་མ་དཔལ་འཛོམས་ཀྱིས་མོའི་སྐྱེས་པར་ཁ་པར་བཏང་ནས་བརྙན་ལམ་ནས་ཁ་བརྡ་བྱེད་དུ་བཅུག

ཁ་པར་ཕ་རོལ་གྱི་ལག་བཟོའི་སྒྱུ་རྩལ་པའི་ཁྱིམ་རྒྱུད་དུ་སྐྱེས་ཤིང་ན་གཞོན་སྐབས་སུ་འཇིམ་བཟོ་ལག་རྩལ་ལ་བརྟེན་ནས་བོད་ཁུལ་དུ་མིང་དུ་གྲགས་པའི་པདྨ་ཆོས་རྒྱལ་གྱི་སྐད་གདངས་མཐོ་ལ། རང་ཉིད་དང་རྫ་ནག་བར་གྱི་འབྲལ་ཐབས་མེད་པའི་ལས་དབང་ཕྱིར་དྲན་བྱས་སོང་། ན་གཞོན་དུས་སྐབས་ཀྱི་ངར་ཤུགས་དེ་སྔར་བཞིན་ཡལ་མེད་པར་སྙམ།

དངོས་གནས་བཤད་ན་པདྨ་ཆོས་རྒྱལ་གྱི་ལས་དབང་བསྒྱུར་བའི་སྐལ་བ་དེ་ནི་ནང་ཆེན་རྫོང་ལྕི་ཆུ་ཞང་གསང་གཞུང་སྡེ་བའི་དགེ་རྒན་བཀྲ་དབང་དང་འཕྲད་པ་ལས་བྱུང་། སྐབས་དེར་ལོ་ན་རྒས་པའི་དགེ་རྒན་བཀྲ་དབང་ནི་ནང་ཆེན་རྫོང་རྫ་ནག་ལག་རྩལ་གྱི་རྒྱུན་འཛིན་པ་ཁོ་ན་ཡིན་ལ་ཁོར་སློབ་མའང་མེད། པདྨ་ཆོས་རྒྱལ་གྱིས་རྫ་ནག་མཐོང་མ་ཐག་ཏུ་དེར་དགའ་བོ་བྱུང་སྟེ་ཡིད་སེམས་རབ་ཏུ་འགུལ། ད་ལྟའང་སེམས་ལ་ཝ་ལེར་འཆར་ཡོང་བ་ནི“ངས་དགེ་རྒན་བཀྲ་དབང་གིས་རྫ་ནག་བཟོ་བའི་རིམ་པ་མ་ལུས་པ་མཐོང་བའི་མོད་ལ་རིན་པོ་ཆེ་ཞིག་རྙེད་པ་ལྟ་བུའི་སྣང་བ་སྐྱེས།”

དེའི་རྗེས་དགེ་རྒན་ལ་བསྟེན་པའི་ལམ་ཁ་ནི་དེ་འདྲའི་བདེ་བླག་ཅིག་མ་བྱུང་། དགེ་རྒན་བཀྲ་དབང་གིས་ཡུལ་དེའི་སྲོལ་རྒྱུན་ལག་རྩལ་གྱི་གདམས་ངག་སྟེར་བའི་གོམས་གཤིས་ཀྱི་དབང་གིས་ཁོ་རང་སློབ་བུར་མ་བླངས། འོན་ཀྱང་པདྨ་ཆོས་རྒྱལ་གྱིས་བློས་མ་བཏང་བར་ཐེངས་གསུམ་ལ་དགེ་རྒན་གྱི་མདུན་དུ་གཏུགས་ནས་ཞུ་བ་ཡང་ཡང་བྱས་མཐར། དགེ་རྒན་བཀྲ་དབང་ནལང་ཚོ་དར་ལ་བབ་པའི་པདྨ་ཆོས་རྒྱལ་གྱི་ཨུ་ཚུགས་ལ་སེམས་འགུལ་ཐེབས་ནས་རྫ་ནག་གི་བཟོ་རྩལ་མ་ལུས་པ་སྦ་གསང་མེད་པར་ཁོ་ལ་ཁྲིད།

བཟོ་རྩལ་དེ་བསླབས་ནས་ཤེས་རྗེས། པདྨ་ཆོས་རྒྱལ་གྱིས་མ་འོངས་པའི་རྫ་ནག་གི་མདུན་ལྗོངས་མཐོང་ནས། 2006ལོར་ཁོས་ཁྱིམ་ཚང་ཕལ་བ་ཞིག་གི་ཁང་པ་གླས་ཏེ་རང་ཡུལ་གྱི་ན་གཞོན་སློབ་མ30ལྷག་བསྡུས་ནས། ནང་ཆེན་རྫོང་བོད་རིགས་དམངས་ཁྲོད་ཀྱི་རྫ་ནག་བཟོ་རྩལ་བཟོ་གྲྭ་བཙུགས་ལ། ནང་ཆེན་རྫ་ནག་གི་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་ལམ་ཁ་འཚོལ་ཞིབ་བྱེད་མགོ་བརྩམས།

2008ལོར། ནང་ཆེན་རྫ་ནག་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་གྲས་སུ་ཚུད་ལ། ཁོའི་བཟོ་གྲྭའང་ཇེ་རྒྱས་ཇེ་ལེགས་སུ་སོང་ཞིང་། ལག་རྩལ་སློབ་ཏུ་ཡོང་བའི་སློབ་མའང་ཇེ་མང་ནས་ཇེ་མང་དུ་གྱུར། ཡུལ་དེའི་དབུལ་ཐར་ཕྱུག་བསྒྱུར་ལ་རོགས་འདེགས་བྱེད་ཆེད། པདྨ་ཆོས་རྒྱལ་གྱིས་ཉེ་འགྲམ་སྡེ་བའི་དབང་པོ་སྐྱོན་ཅན་དང་དྭ་ཕྲུག དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་ན་གཞོན་བཅས་བསྡུས་ནས། ཁོས་ལག་རྩལ་ཁྲིད་པའི་འགན་འཁུར་བ་དང་སྒྲོལ་མ་དཔལ་འཛོམས་ཀྱིས་ཟ་མ་ལས་ནས་ན་གཞོན་དེ་དག་ལ་རྫ་ནག་གི་ཁྲོད་ནས་མི་ཚེའི་འོད་སྣང་འཚོལ་དུ་བཅུག

2010ལོར། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་གནས་སྤོར་ཡུལ་མིའི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་ནས་པདྨ་ཆོས་རྒྱལ་གྱིས་སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1780ཡོད་པའི་ལས་སྣོན་བཟོ་གྲྭའི་ཁང་པ་དང་བཤམས་ཁུལ་ལས་པར་མ་ཟད། ལས་བཟོ་པ་རྣམས་ལ་ཟླ་རེར་གླ་ཕོགས་སྒོར3000རེ་བྱིན།

2014ལོར། སྲིད་གཞུང་གི་རྒྱབ་སྐྱོར་འོག པདྨ་ཆོས་རྒྱལ་གྱིས་ནང་ཆེན་རྫ་ནག་རིག་གནས་ཞིབ་འཇུག་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས། རྫ་ནག་ཐོན་རྫས་དེ་ཇ་ཆས་སོགས་ཀྱི་འཚོ་བའི་མཁོ་ཆས་སུ་བསྒྱུར། ཁོའི་རྫ་ནག་བརྩམས་ཆོས་མང་པོ་ཞིག་ལ་ཞིང་ཆེན་རིམ་པ་ཡན་གྱི་བྱ་དགའ་ཐོབ་པས། རྒྱལ་ཡོངས་སུ་རྫ་ནག་གི་སྙན་གྲགས་རྒྱས། རྫ་ནག་གི་སྣ་ཁ་སྔོན་ཆད་ཀྱི20ལྷག་ནས105རུ་འཕར་ཞིང་རིན་གོང་ཡང་སྒོར་བཅུ་ཕྲག་འགའ་ནས་སྒོར་ཁྲི་བར་གྱི་མི་འདྲ་བ་མང་པོ་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཚན་རྩལ་གསོ་སྦྱོང་དང་སློབ་གསོ་ཁོངས་གཏོགས་ཀྱི“ཉི་འོད་བཟོ་སྐྲུན”སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་ཐེངས་མང་པོར་བསྡུས་པར་རིམ་བསགས་ཀྱིས་སློབ་མ1340ལ་གསོ་སྦྱོང་བྱས་པ་དང་། དེའི་ནང་སློབ་མ170ལྷག་ལ་ལས་གཏོད་དང་གཏན་འཇགས་ཀྱི་ལས་ཀར་ཞུགས་སུ་བཅུག་ཡོད།

2024ལོའི་ཟླ6པར། པདྨ་ཆོས་རྒྱལ་རྒྱལ་ཁབ་རིམ་པའི་གྲོང་གསེབ་བཟོ་བོ་གྲགས་ཅན་དུ་བདམས་ཐོན་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས“པདྨ་ཆོས་རྒྱལ་བཟོ་བོ་གྲགས་ཅན་གྱི་ལས་ཤག”ཅེས་པའི་མཚན་སྙན་བསྩལ་ནས། ནང་ཆེན་རྫ་ནག་གི་རྒྱུན་འཛིན་དང་འཕེལ་རྒྱས་ལ་འཕེལ་རྒྱས་ཀྱི་ཐབས་ལམ་སྔར་ལས་གསལ་པོ་བཏོན་ཅིང་འཕེལ་རྒྱས་ཀྱི་སྟེགས་བུ་སྔར་ལས་བརྟན་པོར་འདོན་སྤྲོད་བྱས་ཏེ་གནའ་བོའི་ལག་རྩལ་འདིར་རིག་གནས་རྒྱུན་འཛིན་ནས་ཐོན་ལས་དར་སྤེལ་གྱི་མཛེས་སྡུག་གི་འཕོ་འགྱུར་བྱུང་དུ་བཅུག་ཡོད།

“མ་འོངས་པར་ནང་ཆེན་རྫ་ནག་སྔར་ལས་འོད་སྟོང་འབར་ངེས་ཡིན།”ཞེས་ཁ་པར་གྱི་འཆར་ངོས་ལས་ཤར་བའི་པདྨ་ཆོས་རྒྱལ་གྱི་མིག་མདངས་ལས་ཡིད་ཆེས་བརྟན་པོ་མཐོང་ལ། ཁོས་ས་ནག་དང་མེའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བརྗོད་ཞོར་དུ། ནང་ཆེན་རྫ་ནག་གི་དུས་རབས་གསར་པའི་འོད་སྟོང་འབར་བའི་མ་འོངས་པར་སྔོན་དཔག་བྱས་སོང་།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།