

—2026ལོའི་མཚོ་སྔོན་གྱི“ཆེས་མཛེས་པའི་ལས་བཟོ་བའམ”རྨ་ལྷོ་ཁུལ་རྩེ་ཁོག་རྫོང་སྤྱི་བདེ་ཅུས་རྩེ་ཆུ་མངགས་གཏོང་ཁང་གི་ལས་རོགས་ཉེན་རྟོག་པ་ཚེ་རིང་བསམ་འགྲུབ་ཀྱི་གནས་ཚུལ་བཀོད་པ།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་དར་རྒྱས་ཆེ་བའི་རྫོང་མཁར་གྱི་སྲང་ལམ་དང་། ཡང་ན་རྒྱང་ཐག་རིང་བའི་འབྲོག་ཁུལ་གང་ཡིན་རུང་། མི་རྣམས་ཀྱིས་རྒྱུན་དུ་ལུས་ལ་སྔོ་ནག་གི་ཉེན་རྟོག་ལྭ་བ་གྱོན་པའི་གཟུགས་བརྙན་ཞིག་མཐོང་ཐུབ་སྟེ། ཁོའི་གོམ་འགྲོས་བརྟན་ལ་བློ་རིག་གསལ་བ་དང་། རྒྱུན་དུ་མངའ་ཁུལ་གྱི་གྲུ་ཟུར་རེ་རེར་སྐོར་ཞིབ་བྱེད་ཀྱིན་ཡོད། ཁོའི་མིང་ལ་ཚེ་རིང་བསམ་འགྲུབ་ཟེར་ཞིང་། ཁོ་ནི་རྩེ་ཁོག་རྫོང་སྤྱི་བདེ་ཅུས་རྩེ་ཆུ་མངགས་གཏོང་ཁང་གི་རིམ་པ་བཞི་པའི་ལས་རོགས་ཉེན་རྟོག་པ་ཞིག་རེད། དམག་སྒར་ནས་ཉེན་རྟོག་པའི་ལས་ལ་ཞུགས་པའི་ལོ་ངོ་དགུའི་རིང་ལ། ཁོས་ནམ་ཡང་ལས་ཡུལ་དང་པོར་རྐང་བཙུགས་ཏེ་བློ་དཀར་གཞུང་དྲང་གིས་བདེ་འཇགས་བསྲུངས་ལ། རང་གི་གོམ་འགྲོས་ལ་བརྟེན་ནས་དམངས་སེམས་དྲོ་བར་བྱས།
1996ལོར། ཚེ་རིང་བསམ་འགྲུབ་མཐོ་སྒང་དུ་སྐྱེས། ལོ་ན་བཅོ་བརྒྱད་ལ་སོན་པའི་ལོ་དེར། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་ཡིད་ལ་བསྣམས་ནས་དམག་དཔུང་དུ་ཞུགས་པ་དང་། མེ་ཤུགས་འཕུར་མདའ་དམག་དཔུང་གི་དམག་སྡེ་ག་གེ་མོ་ནས་དམག་ཞབས་བྱས། ལོ་གཉིས་ཀྱི་དམག་དཔུང་གི་འཚོ་བས་ཁོར་བདེ་ཐང་གི་ལུས་སྟོབས་སྦྱིན་པར་མ་ཟད། དེ་ལས་ཀྱང“བཀའ་ཁྲིམས་བརྩི་སྲུང་དང་འཐབ་ཕོད་རྒྱལ་ངེས”ཀྱི་སྤྱོད་ཚུལ་བརྟན་པོ་དང་བློ་དཀར་གསོལ་འབུལ་གྱི་གཤིས་ཀ་ཡང་ཆགས་པ་རེད། 2017ལོར། དམག་ཁོངས་ནས་བུད་པའི་ཚེ་རིང་བསམ་འགྲུབ་འདེམས་བསྐོ་བྱས་པ་བརྒྱུད། བསམ་འདུན་ལྟར་རྩེ་ཆུ་མངགས་གཏོང་ཁང་གི་ལས་རོགས་ཉེན་རྟོག་པ་ཞིག་ཏུ་གྱུར། ཐོབ་ཐང་འགྱུར་ཡང་ཐོག་མའི་བསམ་འདུན་ལ་འགྱུར་བ་མེད། ཁོས་བཤད་རྒྱུར།“དམག་དཔུང་ནས་མི་དམངས་ལ་ཞབས་འདེགས་ཞུ་དགོས་ལ། ཉེན་རྟོག་པའི་སྡེ་ནས་ཀྱང་དེ་བཞིན་རེད། ངས་དམག་མིའི་འགན་འཁྲི་དེ་སྤྱི་བདེ་བྱ་བའི་ཁྲོད་ནས་ཀྱང་འཛིན་ངེས་ཡིན།”དུས་དེ་ནས་བཟུང་། ཁོས་མངགས་གཏོང་ཁང་རང་ཁྱིམ་དུ་བརྩི་བ་དང་མངའ་ཁུལ་གཡུལ་སར་དཔེ་བླངས་ནས། ཕལ་བའི་ལས་རྐང་དུ་འབད་པ་ལྷོད་མེད་བྱས།
ཚེ་རིང་བསམ་འགྲུབ་ཉེན་རྟོག་པའི་ལས་ལ་ཐོག་མར་ཞུགས་དུས། རྩེ་ཁོག་རྫོང་སྤྱི་བདེ་ཅུས་དམིགས་བསལ་སྐོར་ཞིབ་རུ་ཆེན་དུ་བགོས་ནས། གཙོ་བོ་སྲང་ལམ་སྐོར་ཞིབ་དང་འགོག་སྲུང་བྱ་བའི་ལས་འགན་ཁུར། ཁོས་དམག་དཔུང་ནས་ཆགས་པའི་གཟབ་ནན་ཞིབ་ཚགས་ཀྱི་གཤིས་སྤྱོད་དེ་བྱ་བའི་ཁྲོད་ལག་ཏུ་བསྟར་བ་དང་། ལག་ལེན་ཁྲོད་སྤྱི་བསྡོམས་དང་འཚོལ་ཞིབ་བྱས་ཏེ། “རྣམ་འགྱུར་ལ་ལྟ་བ་དང་སྐད་སྒྲ་ལ་ཉན་པ། རྒྱུན་ལྡན་མིན་པར་ཞིབ་བཤེར་བྱེད་པའི”སྐོར་ཞིབ་བྱེད་ཐབས་ཤིག་གྲུབ་ཡོད། ཁོས་རྒྱུན་དུ་བཤད་རྒྱུར།“སྐོར་ཞིབ་ནི་འཁྲབ་སྟོན་ཞིག་མིན་པར་གོམ་པ་རེ་རེའི་ཁྲོད་འགན་འཁུར་བསྣམས་ཡོད།”2022ལོའི་ཟླ10པའི་གྲང་ངར་ཆེ་བའི་མཚན་མོ་ཞིག་ལ། ཚེ་རིང་བསམ་འགྲུབ་ཀྱིས་རུ་ཆེན་ཁྲིད་དེ་སྐོར་ཞིབ་བྱེད་སྐབས། སྦྲུམ་མ་ཞིག་ལམ་འགྲམ་དུ་འགྱེལ་ཡོད་པ་ཤེས། ཁོས་དེ་མ་ཐག་ཉེན་རྟོག་རླངས་འཁོར་བཀོད་སྒྲིག་བྱས་པར་མ་ཟད། རྫོང་སྨན་ཁང་ལའང་འབྲེལ་གཏུག་བྱས་ནས་བདེ་འཇགས་བགྲོད་ལམ་ཞིག་བཏོད་དུ་བཅུག་པ་དང་། ལམ་ཧྲིལ་པོར་སྐྱེལ་མ་བྱས་མཐར་སྦྲུམ་མས་བདེ་འཇགས་ངང་བྱིས་པ་བཙས། འདི་ལྟ་བུའི་འཕྲལ་བསྟུན་སྐྱོབ་རོགས་ནི་ཁོའི་སྐོར་སྲུང་འཚོ་བའི་ཁྲོད་སྟེས་དབང་ཙམ་ཞིག་མིན། བསྡོམས་རྩིས་བྱས་པ་ལྟར་ན། ཁོ་དམིགས་བསལ་སྐོར་ཞིབ་ཉེན་རྟོག་རུ་ཆེན་དུ་སྡོད་སྐབས། སྲང་ལམ་སྐོར་སྲུང་ལས་རེས་ཁྲོད་ཐེངས་བརྒྱད་བརྒྱ་ལྷག་ལ་ཞུགས་པ་དང་། རིགས་སོ་སོའི་ཐོལ་བྱུང་ཉེན་རྟོག་གནས་ཚུལ་བདུན་ཅུ་ལྷག་ཐག་བཅད་ལ། གཞུང་ལས་གལ་ཆེན་སུམ་ཅུ་ལྷག་ལ་ཞུགས་ཏེ། “ལས་འཛོལ་ཐེངས་གཅིག་ཀྱང་བྱུང་མ་མྱོང་།”
2023ལོའི་ལོ་མཇུག་ཏུ། ཚེ་རིང་བསམ་འགྲུབ་ཀྱི་བྱ་བའི་གྲུབ་འབྲས་འབུར་དུ་ཐོན་པས། རྩེ་ཆུ་མངགས་གཏོང་ཁང་དུ་ལས་གནས་སྤར་ཏེ། “སྡེ་ཁུལ་གྱི་ཉེན་དོན་ལས་སྒྲུབ་པ”རྣལ་མ་ཞིག་ཏུ་གྱུར། ལས་རྐང་ཡང“འགུལ་རྣམ་སྐོར་སྲུང”ནས“འཇགས་རྣམ་བཅོས་སྐྱོང”དུ་གྱུར་བ་དང་། ཁོ་རང་མགྱོགས་མྱུར་གྱིས་ཐོབ་ཐང་འགྱུར་བར་གོམས་ལོབས་བྱུང་སྟེ། དམིགས་བསལ་སྐོར་ཞིབ་ཉེན་རྟོག་རུ་ཆེན་དུ་སྦྱངས་པའི་འཕྲལ་བསྟུན་རྩལ་ནུས་དེ་མང་ཚོགས་ལ་བྱ་བ་སྒྲུབ་པའི་ཁྲོད་ལག་ལེན་དུ་བསྟར། མངགས་གཏོང་ཁང་གི་ཉེན་རྟོག་བྱ་བ་སྣ་མང་ལ་བྲེལ་བ་ཆེ་ཡང་ཐད་ཀར་མང་ཚོགས་ཀྱི་བདེ་སྡུག་དང་འབྲེལ་ཡོད། 2025ལོའི་ཟླ11པའི་ཚེས24ཉིན་གྱི་མཚན་སྨད་དུ། མངགས་གཏོང་ཁང་ལ་མང་ཚོགས་ཀྱི་རོགས་རམ་ཞུ་བའི་ཁ་པར་འབྱོར་ཏེ་ཁྱིམ་མཚེས་ལ་འབྲེལ་ཐག་ཆད་སོང་ཟེར། ཚེ་རིང་བསམ་འགྲུབ་དང་ལས་གྲོགས་ཚོ་དེ་མ་ཐག་ཡུལ་དངོས་སུ་སོང་སྟེ། སྒོ་གཏོར་བ་ན་མ་བུ་གཉིས་ལ་དབྱང་གཅིག་ཐཱན་རྫས་ཀྱིས་དུག་ཕོག་ནས་བརྒྱལ་འདུག་པ་ཤེས། ཁོས་སྨན་བཅོས་བྱེད་པར་རོགས་བྱས་པ་དང་། མྱུར་སྐྱོབ་ཀྱི་དུས་ཚོད་ནང་སྨན་ཁང་དུ་བསྐྱལ་ནས་མ་བུ་གཉིས་ཀྱི་སྲོག་བསྐྱབས། དེ་དང་འདྲ་བའི་ཉེན་རྟོག་གནས་ཚུལ་ཐག་གཅོད་བྱེད་ཐེངས་རེ་རེའི་ཁྲོད། ཁོས་ནམ་ཡང་བབ་བརླིང་གི་ཆེད་ལས་བྱང་ཚད་དང་ཚེ་སྲོག་ལ་གོང་བཀུར་བྱེད་པའི་བརྩེ་བ་མངོན་ཡོད།
འགལ་རྩོད་འདུམ་འགྲིག་དང་འཆམ་མཐུན་སྐུལ་འདེད་ནི་སྡེ་ཁུལ་ཉེན་དོན་གྱི་ནང་དོན་གལ་ཆེན་ཞིག་རེད། ཚེ་རིང་བསམ་འགྲུབ་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་བསྟར་ཟབ་མོ་བྱས་ཏེ། “འགལ་བ་གོང་རིམ་དུ་མི་སྤྲོད་པ་དང་བདེ་འཇགས་དོན་རྐྱེན་མི་འབྱུང་བ། ཞབས་ཞུ་རྒྱུན་མི་ཆད་པ”བཅས་ལ་ཡིད་ཆེས་བརྟན་པོ་བྱས་ཡོད། ཁོ་སྔོན་ཆད་རྙོག་དྲ་བསླངས་ནས་ལོ་བཅུ་འགོར་བའི་རྩྭ་སའི་འབྲོག་ལམ་རྩོད་གཞི་ཞིག་ལ་འཕྲད་པ་དང་། དེ་སྡེ་ཁུལ་གཉིས་ཀྱི་འབྲོག་པ་མང་པོ་ཞིག་ལ་འབྲེལ་ཡོད་པ་ཤེས་རྗེས། ཕྱི་བསྣུར་མ་བྱས་པར་ལས་གྲོགས་ཚོ་དང་མཉམ་དུ་ཁྱིམ་ཚང་རེ་རེར་སོང་ནས་ཁོ་ཚོའི་བསམ་ཚུལ་ལ་ཉན་པར་མ་ཟད། སུན་སྣང་མེད་པར་བཅའ་ཁྲིམས་དང་སྲིད་ཇུས་སྒྲོག་འགྲེལ་བྱས་ལ། གྲོང་རྡལ་སྲིད་གཞུང་དང་འདུམ་འགྲིག་ཨུ་ཡོན་ལྷན་ཁང་མཉམ་འགུལ་བྱས་མཐར་ལོ་མང་པོའི་འགལ་རྩོད་བསལ། ཁོ་མངགས་གཏོང་ཁང་ལ་ལས་གནས་སྤར་བའི་ལོ་གཉིས་ལྷག་གི་རིང་ལ། རིགས་སོ་སོའི་འགལ་རྩོད་ཉིས་བརྒྱ་དང་བརྒྱད་ཅུ་ལྷག་གི་འདུམ་འགྲིག་བྱ་བར་ཞུགས་པ་དང་། འདུམ་འགྲིག་བྱས་ཚད98%ལ་སླེབས་ཏེ། མང་ཚོགས་ཀྱིས་ཡིད་ཆེས་ཐུབ་པའི“འདུམ་འགྲིག་པར”གྱུར།
“མང་ཚོགས་ཀྱི་ཁྱིམ་དུ་སོང་ན། ད་གཟོད་མང་ཚོགས་ཀྱི་སེམས་པ་ཤེས་ཐུབ་པ་རེད”ཅེས་ཚེ་རིང་བསམ་འགྲུབ་ཀྱིས་རྒྱུན་དུ་དེ་ལྟར་བཤད་བཞིན་ཡོད། ཁོའི་ནམ་ཡང་ལག་ཏུ་འཁྱེར་བའི“དམངས་ཀྱི་གནས་ཚུལ་བཀོད་པའི་ཟིན་ཐོ”མཐུག་པོ་དེའི་ནང་དུ་འཚམས་འདྲི་ཁྲོད་རྒྱུས་ལོན་བྱས་པའི་དཀའ་ངལ་ཁྱིམ་ཚང་དང་མང་ཚོགས་ཀྱི་རེ་བ། བསྒྲུབ་དགོས་པའི་དོན་དག་རེ་རེ་བྲིས་ཡོད། 2024ལོའི་ཟླ5པར། ཁོས་རི་འཕྱོར་སྡེ་བར་འཚམས་འདྲི་བྱེད་སྐབས། རྒན་པོ་མཁའ་ག་གེ་མོའི་འགྲོ་འདུག་སྟབས་བདེ་མིན་པའི་རྐྱེན་གྱིས་ཡུན་རིང་བོར་ཐོབ་ཐང་ལག་འཁྱེར་བླངས་མེད་པ་ཤེས་རྗེས། རང་འགུལ་གྱིས་དཔང་ཡིག་སྒྲུབ་པའི་སྡེ་ཁག་ལ་མཐུན་སྦྱོར་བྱས་པ་དང་། སྒྲིག་ཆས་འཁྱེར་ནས་རྒན་པོ་ཚང་ལ་སོང་ནས་གནས་ཚུལ་འཚོལ་སྡུད་བྱས་པར་མ་ཟད། ཐོབ་ཐང་ལག་འཁྱེར་བླངས་རྗེས་ཁོ་ཚང་ལ་བསྐྱལ། རྒན་པོ་སེམས་འགུལ་ཐེབས་ནས་མིག་མཐར་མཆི་མ་འཁོར་ཏེ་བཤད་རྒྱུར།“ཞི་ལི། ཁྱོས་ང་ལ་དོན་ཆེན་ཞིག་བསྒྲུབས་སོང་། གཉེན་ཉེ་མིན་རུང་གཉེན་ཉེ་ལས་ལྷག་པ་ཞིག་རེད།”འདི་ལྟ་བུའི་དོན་དག་ནི་ཁོའི་དུས་རྒྱུན་གྱི་བྱ་བའི་ཁྲོད་གང་མང་མང་རེད། དོན་དག་ཆུང་ཆུང་རེ་རེ་ལས་མང་ཚོགས་ཀྱི་སེམས་ཁོང་གི་དྲོད་སྐྱིད་དང་ཡིད་ཆེས་གྲུབ་པ་རེད།
ཚེ་རིང་བསམ་འགྲུབ་ཉེན་རྟོག་པའི་བྱ་བར་ཞུགས་པའི་ལོ་ངོ་དགུའི་རིང་ལ། སྔ་གཞུག་ཏུ“ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཕུལ་བྱུང་ལས་རོགས་ཉེན་རྟོག་པ”དང“ཕུལ་བྱུང་ལས་རོགས་ཉེན་རྟོག་དགེ་རྒན”གྱི་མཚན་སྙན་ཐོབ་པར་མ་ཟད། 2022ལོ་ནས2024ལོའི་བར་དུ་བསྟུད་མར་ལོ་གསུམ་གྱི་རིང་ལ“ཕུལ་བྱུང་ལས་རོགས་ཉེན་རྟོག་པར”བདམས། གཟི་བརྗིད་དེ་ནི་ཉིན་མཚན་གྲངས་མེད་ཅིག་གི་བརྟན་སྲུང་དང་། སྲང་མགོ་ནས་སྲང་མདོ་བར་སྐོར་ཞིབ་གྲངས་མེད་བྱས་པ་ལས་བྱུང་བར་མ་ཟད། དུས་ཚོད་དང་འགྲན་རྒྱུགས་བྱེད་པའི་འཕྲལ་བསྟུན་སྐྱོབ་རོགས་རེ་རེ་དང་། སུན་སྣང་མེད་པར་ཞིབ་ཚགས་ཀྱིས་འགལ་རྩོད་འདུམ་ཐེངས་རེ་རེ་ལས་ཀྱང་བྱུང་བ་རེད། ཁོར་ཚ་ཚ་འུར་འུར་གྱི་གྲུབ་འབྲས་མེད་རུང་། ཆེས་བབ་ཆགས་ཀྱི་སྦྱོར་བ་ལ་བརྟེན་ནས་མཐོ་སྒང་གི་གྲོང་རྡལ་ཆུང་ཆུང་དེར་བདེ་འཇགས་དྲ་བ་ཞིག་བཟོས་ཏེ། ས་ཕྱོགས་གཅིག་གི་མང་ཚོགས་ལ་དྲོད་ཁོལ་སྦྱིན་ཡོད།
ད་ལྟ། ན་གཞོན་བོད་རིགས་ཉེན་རྟོག་ལས་རོགས་པ་འདིས་སྔར་བཞིན་ཁོ་རང་དགའ་ཞེན་ཆེ་བའི་གནས་དེ་རུ་འབད་བརྩོན་བྱེད་ཀྱིན་ཡོད། ཡལ་ཐབས་མེད་པ་ནི་དམག་མིའི་རང་གཤིས་ཡིན་ལ། བརྗེད་ཐབས་མེད་པ་ནི་ཉེན་རྟོག་པར་ཞུགས་པའི་ཐོག་མའི་བསམ་འདུན་དེ་རེད། ཚེ་རིང་བསམ་འགྲུབ་ནི་མཐོ་སྒང་གི་བརྗིད་ཆགས་བབ་བརླིང་གི་བྲག་རི་ཇི་བཞིན་བརྟན་པོར་གནས་ཏེ། མུ་མཐུད་དུ་བདེ་འཇགས་སྲུང་སྐྱོང་གོམ་པས་གཞལ་བ་དང་། བརྩེ་བ་ངོ་མ་དམངས་ལ་བཏེགས་ཤིང་། ཕལ་བའི་ལས་རྐང་སྟེང་དུ་བློ་དཀར་གཞུང་དྲང་དང་ཁག་ཁུར་གསོལ་འབུལ་གྱི་ལེའུ་ཟབ་མོ་རྩོམ་བཞིན་ཡོད།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།