

དགེ་རྒན་ཡུས་ཧེ་ནཱ་ཡིས་བཤད་རོགས་ཁྲིད་གསུམ་གྱི་ལམ་ནས་ཁྲིད་ཡིག་མཉམ་སྤྱོད་བྱེད་བཞིན་པ།
ཉེ་ལམ། མཐོ་སྒང་གི་ཞོགས་པའི་ཉི་ཟེར་གྱིས་སྤྲིན་པའི་བང་རིམ་བརྟོལ་ནས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་བཞི་པའི་དངོས་ལུགས་ཚོད་ལྟ་ཁང་དུ་འཕྲོས་འདུག དགེ་རྒན་ཡུས་ཧེ་ནཱ་ཡིས་མཐོ་འབྲིང་གཉིས་པའི་འཛིན་གྲྭ་གཉིས་པའི་སློབ་མ་རྣམས་ལ་ཚོད་ལྟའི་སྒྲིག་ཆས་སྙོམ་སྒྲིག་ཚོད་ལྟ་བྱེད་སྟངས་ཐད་ནས་མཛུབ་སྟོན་བྱེད་བཞིན་ཡོད་ལ། སློབ་མ་ངག་དབང་སྒྲོལ་མས་ཚད་འཇལ་བྱས་མ་ཐག་པའི་རླངས་འཁོར་འགུལ་སྐྱོད་གཞི་གྲངས་ཁྱེར་ཡོང་སྟེ། སྤྲོ་སེམས་འཁོལ་བའི་ངང་དགེ་རྒན་ཡུས་ལགས་ཁྱེད་ཀྱིས་ཁྲིད་པའི་བྱེད་ཐབས་ལ་བརྟེན་ནས་ང་ཚོས་རླངས་འཁོར་གྱི་འགྲོས་སྣོན་ཚད་དང་མྱུར་ཚད་འཇལ་ཤེས་སོང་ཞེས་བཤད་པ་དང་། རྣམ་པ་དེ་ནི་པེ་ཅིང་དང་ཡུས་ཧྲུའུ་བར་གྱི་སློབ་གསོའི་རོགས་སྐྱོར་གྱི་བརྩེ་བ་ཟབ་མོ་མཚོན་པའི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཤིག་རེད།
2025ལོའི་ཟླ7པར། པེ་ཅིང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་རུ་ཁག་གི་ཁོངས་མི་ཞིག་ཡིན་པའི་ཆ་ནས། དགེ་རྒན་ཡུས་ཧེ་ནཱ་ཡིས་ལམ་ཐག་སྤྱི་ལེ་ཉིས་སྟོང་ལྷག་བརྒྱུད་དེ་ཆ་སྙོམས་མཚོ་འཕགས་ལ་རྨིད་བཞི་སྟོང་ཡན་ཡོད་པའི་ཡུས་ཧྲུའུ་རུ་ཡོང་། ཐོག་དང་པོར་མཐོ་སྒང་དུ་ཡོང་བའི་དབང་གིས་གསོ་རླུང་དཀོན་པ་དང་དྲོད་ཚད་དམའ་བ། བཟའ་བཏུང་གི་ཁྱད་པར་སོགས་དཀའ་ཁག་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་ཡང་། དགེ་རྒན་ཡུས་ལགས་ཀྱིས་བོད་རིགས་བྱིས་པ་ཚོའི་ཤེས་བྱ་སྦྱང་འདོད་ཀྱི་རེ་སྙེག་དེ་མཐོང་མ་ཐག སྔོན་ཐོན་གྱི་དངོས་ལུགས་སློབ་ཁྲིད་བྱེད་ཐབས་མཐོ་སྒང་དུ་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ལེན་རྒྱུའི་སེམས་ཐག་བཅད།
སློབ་ཁྲིད་དང་སློབ་མའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱེད་ཆེད། ཡུས་ཧེ་ནཱ་ཡིས་དུས་ཡུན་ཟླ་གཅིག་གི་དུས་ཚོད་སྤྱད་དེ་སློབ་ཁྲིད་ཉི་ཤུ་ལྷག་ལ་ཉན་པ་དང་། ལས་བྱ་བརྒྱ་ལྷག་ལ་དབྱེ་ཞིབ་བྱས་ནས། གནས་དེའི་སློབ་མ་ཚོས་སློབ་སྦྱོང་ལ་བཟུང་བའི་རྣམ་འགྱུར་བཟང་མོད། འོན་ཀྱང་གཏན་ཚིགས་དང་མཐུན་པའི་བསམ་གཞིག་གི་ནུས་པ་ཞན་པ་དང་ནང་དོན་ར་སྤྲོད་པའི་ནུས་པ་མི་འདང་བ་སོགས་ཀྱི་གནད་དོན་མང་པོ་ཡོད་པ་ཤེས་རྟོགས་བྱུང་།
དེ་མིན་ད་རུང་སློབ་མ་ཚོས་རང་གི་འདུག་གནས་སུ་བསྡད་དེ་དྲི་བར་ལན་འདེབས་སྐབས་སྐད་མདངས་ཧ་ཅང་མཐོ་ཡང་། ཡར་ལངས་ནས་དྲི་བར་ལན་འདེབས་སྐབས་སྐད་མདངས་དམའ་བའི་གནས་ཚུལ་དེས་ཁོ་མོ་བསམ་གཞིག་གི་ཀློང་དུ་བསྐྱལ། དེ་བས། ཁོ་མོས་ཚན་ཆུང་བགར་ནས་དཔེ་ཀློག་འགྲན་སྡུར་བྱེད་པ་དང་འཛིན་གྲྭ་ཡོངས་ཡར་ལངས་ནས་མཉམ་དུ་ཀློག་འདོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སློབ་ཚན་ཀློག་འདོན་ནས་འགོ་བརྩམས་ཏེ་སློབ་མའི་ཡིད་ཆེས་གསོ་སྐྱོང་བྱས།
གློག་འགོག་ཆུང་བ།—ཕྱི་སྦྲེལ།—ཆུང་བར་འགྱུར། གློག་འགོག་ཆེ་བ།—ནང་སྦྲེལ།—ཆེ་བར་འགྱུར་ཞེས་ཧྥུ་ཨམ་ཐབས་ཀྱིས་གློག་འགོག་འཇལ་བ་ཞེས་པའི་སློབ་ཁྲིད་སྐབས་སུ། ཡུས་ཧེ་ནཱ་ཡིས་ཁ་གསལ་གོ་བདེའི་སློབ་ཁྲིད་བྱེད་ཐབས་ལ་བརྟེན་ནས་སློབ་མའི་ཡིད་འཛིན་ནུས་པ་ཇེ་མཐོར་འགྲོ་བར་རོགས་རམ་བྱས། ཁོ་མོས་སྔོན་ལ་བརྟག་དཔྱད་དང་དེ་ནས་ཚོད་ལྟའི་ཞིབ་དཔྱད་དང་གཞུང་ལུགས་དབྱེ་ཞིབ། བསམ་ཕྱོགས་ལེགས་སྒྲིག ལག་ལེན་ར་སྤྲོད་སོགས་སློབ་ཁྲིད་མུ་ཕྲེང་གསར་གཏོད་བྱས་ནས་སློབ་མ་རང་ཉིད་ཀྱིས་གློག་རྒྱུན་འཇལ་ཆས་ནང་སྦྲེལ་དང་ཕྱི་སྦྲེལ་བྱེད་པའི་གློག་ལམ་ཚོད་ལྟ་བྱེད་དུ་བཅུག་སྟེ། ཐད་ཀར་སློབ་མ་རྣམས་ལ་ཁྱད་པར་ཚོར་དུ་བཅུག
དགེ་རྒན་ཡུས་ལགས་ཀྱི་མཛུབ་སྟོན་འོག སློབ་མ་ཏིང་མཆོག་གི་དངོས་ལུགས་ཀྱི་རྒྱུགས་འབྲས་ཀྱང་མགྱོགས་མྱུར་སྒོས་ཡར་རྒྱས་ཆེན་པོ་བྱུང་།
སློབ་མ་ཏིང་མཆོག་གིས་སྤྲོ་སེམས་འཁོལ་བའི་ངང་བཤད་རྒྱུར། དགེ་རྒན་ཡུས་ལགས་ཀྱིས་རྒྱུན་དུ་ངས་གནད་དོན་ལ་དབྱེ་ཞིབ་བྱེད་སྐབས་ཀྱི་བསམ་ཕྱོགས་གསལ་བོ་རེད་ཅེས་བསྟོད་བསྔགས་བྱེད་པར་མ་ཟད། ད་རུང་ང་ལ་ཀ་ར་སོགས་ཀྱི་བྱ་དགའ་ཡང་སྟེར་མྱོང་། ད་ལྟ་ང་དངོས་ལུགས་ཀྱི་སློབ་ཁྲིད་ལ་ཇེ་དགའ་ནས་ཇེ་དགའ་རེད་ཟེར།
དགེ་རྒན་ཡུས་ལགས་ཀྱིས་སློབ་ཁྲིད་ལ་བརྩི་མཐོང་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད། ཡུས་ཧྲུའུ་ས་ཁུལ་ལ་དགེ་རྒན་གྱི་དཔུང་སྡེ་བཟང་བོ་ཞིག་གསོ་སྐྱོང་བྱེད་རྒྱུར་དེ་ལས་ཀྱང་མཐོང་ཆེན་བྱས་ནས་ཚེ་དབང་དཔལ་མཚོ་དང་ཝང་ཐུང་ཁྲིན་སོགས་ས་གནས་ཀྱི་དགེ་རྒན་བར་དགེ་སློབ་ཀྱི་འབྲེལ་བ་བཙུགས་ཏེ། གཟའ་འཁོར་རེའི་ནང་སློབ་ཚན་གྲ་སྒྲིག་ཐད་མཛུབ་སྟོན་དང་། གཟའ་འཁོར་གཉིས་རེའི་ནང་སློབ་ཁྲིད་ལ་ཉན་ནས་ནང་དོན་ལ་དཔྱད་བསྡུར་བྱས།
གློག་ར་དང་གློག་རའི་དྲག་ཚད་ཀྱི་འཆར་ཡན་རང་བཞིན་ལ་ཁ་གཏད་ནས། ཁོ་མོས་དགེ་རྒན་ཚེ་དབང་དཔལ་མཚོར་ཚོད་ལྟ་བྱེད་པ་དང་། གནད་དོན་མུ་ཕྲེང་ཁྲིད་སྟོན་སོགས་ཀྱི་བྱེད་ཐབས་སྤྱོད་པར་ཁྲིད་སྟོན་བྱས་ནས། སློབ་མས་གོ་དཀའ་བའི་ཚད་གཞི་ཇེ་དམའ་རུ་བཏང་། གློག་འགོག་སློབ་ཁྲིད་གཞིར་བཟུང་སྟེ། དགེ་རྒན་ལི་ཝུན་ཧྥ་ལ་ཚད་འགྱུར་ཐབས་ཤུགས་དྲག་ཏུ་གཏོང་བ་དང་ཚོད་འཛིན་བྱེད་པའི་ཚོད་ལྟའི་ཇུས་འགོད། གློག་འགོག་གི་འདྲེན་གཟུགས་རང་ངོས་ཀྱི་ངོ་བའི་སྲོག་ཤིང་གཏན་ཚིགས་འབུར་དུ་དོད་པའི་བསམ་ཚུལ་བཏོན། སྙོམ་འགྲོས་དྲང་ཐིག་འགུལ་སྐྱོད་ཀྱི་བརྗེ་སྤོར་དང་དུས་ཚོད་བར་གྱི་འབྲེལ་བར་གཞིགས་ནས། དགེ་རྒན་ཝང་ཐུང་ཁྲིན་ལ་འགྲོས་ཚད་དང་དུས་ཚོད་རི་མོའི་དཔེ་དབྱིབས་ནང་དོན་ལེགས་པོར་སྤྱད་དེ། སློབ་མས་སྤྱི་འགྲོས་ཁྲིད་སྦྱོར་གྱི་གཏན་ཚིགས་མུ་ཕྲེང་འཛུགས་པར་རོགས་བྱས། དུས་མཉམ་དུ། དགེ་རྒན་ཡུས་ཧའེ་ནཱ་ཡིས་ད་དུང་པེ་ཅིང་གི་སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་དང་སློབ་ཁྲིད་དོ་དམ་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། དགེ་རྒན་གསུམ་པོར་སློབ་ཁྲིད་ཁྲོད་དུ་འཚོ་བའི་དཔེ་གཞི་དྲངས་ནས། སློབ་ཁྲིད་ཀྱི་རྒྱུས་ལོན་རང་བཞིན་དང་སྤྲོ་སྣང་འཕེལ་བར་བྱེད་པའི་ཐད་སྐུལ་མ་བྱས།
ཚེ་དབང་དཔལ་མཚོར་སེམས་འགུལ་ཐེབས་ཞོར་དུ། དགེ་རྒན་ཡུས་ལགས་ཀྱིས་ང་ཚོར་ཇི་ལྟར་སློབ་ཁྲིད་བྱེད་དགོས་པ་བསླབ་པར་མ་ཟད། ང་ཚོས་ཇི་ལྟར་སློབ་མར་རྒྱུས་ལོན་བྱེད་པ་བསླབ་སོང་ཞེས་བཤད་པ་དང་། སློབ་ཁྲིད་ཇུས་འགོད་བྱ་བར་བསམ་གཞིགས་ཞིབ་མོ་གཏོང་རྒྱུ་ནི་སློབ་གྲྭ་རིམ་པའི་སྤུས་ལེགས་སློབ་ཁྲིད་ཀྱི་དཔེ་གཞི་རུ་གྱུར་ཡོད་ཟེར།
2025ལོའི་ཟླ12པའི་ཁྱིམ་བདག་ཚོགས་འདུ་སྟེང་། དགེ་རྒན་ཡུས་ཧའེ་ནཱ་ཡིས་བོད་པའི་ཁྱིམ་བདག་ང་ལྔ་དང་མཉམ་དུ་ཁ་བརྡ་བྱས།
ཁོ་མོས་གོ་སླ་བའི་སྐད་ཆར་བརྟེན་ནས་སློབ་ཁྲིད་ཀྱི་འཆར་གཞི་མཚམས་སྦྱོར་བྱས་པ་དང་། མེ་ཏོག་དཀར་མོ་དང་། ཚེ་བསྟན་དཔལ་བཟང་སོགས་ཡར་ཐོན་ཡོང་བ་གླེང་སྐབས། ཁྱིམ་བདག་རྣམས་ཀྱིས་མགོ་བོ་ནང་དུ་ལྡེམ་བྱུང་ལ། ཁོ་མོས་མི་རིགས་ཚང་མ་ཁྱིམ་ཚང་གཅིག་ལྟ་བུ་རེད། བྱིས་པ་རྣམས་ཀྱི་འཚར་ལོངས་ནི་ང་ཚོ་ཐུན་མོང་གི་རེ་འདུན་ཡིན་ཞེས་བཤད་པའི་སྐད་ཆ་དེས་དུངས་སེམས་མཉམ་དུ་བསྐྱེད་ཅིང་། ཁྱིམ་བདག་ཅིག་གིས་ལག་ཏུ་ཁ་བཏགས་བཟུང་སྟེ། པེ་ཅིང་གི་དགེ་རྒན་ཁྱེད་དཀའ་ཚེགས་ལ་མ་འཛེམ་པར་ང་ཚོའི་བུ་ཕྲུག་རྣམས་ལ་སློབ་ཁྲིད་བྱེད་དུ་ཡོང་བར་བཀའ་དྲིན་ཆེ་ཞུ། ང་ཚོས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱེད་ཁོ་ཐག་ཡིན་ཟེར།
མཐོ་སྒང་གི་སློབ་ཁྲིད་ཁོར་ཡུག་དང་འཚམ་པོར་བྱེད་ཆེད། ཡུས་ཧའེ་ནཱ་ཡིས་སྣེ་ཁྲིད་ནས་ཚོད་ལྟའི་སློབ་ཁྲིད་ཀྱི་ཇུས་གཞི་ལེགས་བསྒྱུར་བྱས། མཐོ་སྒང་གི་རླུང་གནོན་དམའ་བའི་རྐྱེན་གྱིས་ཚོད་ལྟའི་གཞི་གྲངས་རྒྱུན་ལྡན་མིན་པའི་གནད་དོན་ལ་དམིགས་ཏེ། ཁོ་མོས་ཚད་སྡུར་ཚོད་ལྟ་དང་གཞུང་ལུགས་བཟོ་བཅོས་ཀྱི་ཇུས་གཞི་བཏོན་པ་དང་། འཆར་ཡན་གྱི་གོ་དོན་སོགས་ཐད་ནས་ཐོད་བརྒལ་འབྱུང་ཆེད་མིག་མཐོང་ཅན་གྱི་ཚོད་ལྟ་ལག་བསྟར་བྱས།
ད་ལྟ། ཡུས་ཧའེ་ནཱ་ཡི་རོགས་རམ་ལ་ཐོག་མའི་གྲུབ་འབྲས་མངོན་ཡོད་དེ། སློབ་མ་རྣམས་སློབ་ཁྲིད་ཀྱི་ཁ་བརྡའི་ཁྲོད་ཞུགས་ཚད་ཇེ་མང་དུ་སོང་ཞིང་། སློབ་མ་རྣམས་ཀྱི་ཡིད་རྟོན་ཆེ་རུ་གྱུར་བར་མ་ཟད། སློབ་ཚན་རེ་རེར་ཐོབ་སྣང་གསར་བ་འབྱུང་བཞིན་ཡོད། ཁོ་མོས་ཁྲིད་པའི་སློབ་མ་རྣམས་ཀྱིས་རང་སྒེར་ནས་སློབ་ཁྲིད་དཔེ་གཞི་ཇུས་འགོད་དང་གསར་གཏོད་བྱེད་ཐུབ།
པེ་ཅིང་དུ་སློབ་ཁྲིད་བྱེད་པ་ནས་ཡུས་ཧྲུའུ་མཐོ་སྒང་བར་དུ། ཡུས་ཧའེ་ནཱ་ཡིས་བརྩེ་སེམས་ལ་བརྟེན་ནས་པེ་ཅིང་དང་ཡུས་ཧྲུའུ་བར་འབྲེལ་ཟམ་བཙུགས་ཡོད། ཁོ་མོས་བཤད་རྒྱུར། སློབ་གསོ་ནི་མཐའ་མེད་པ་ཞིག་ཡིན་ལ་བརྩེ་བའང་དེ་འདྲ་ཡིན། ཡུས་ཧྲུའུ་ཡི་བྱིས་པ་རྣམས་ཀྱི་མ་འོངས་པར་འོད་སྣང་བསྐྲུན་པ་དང་། མི་རིགས་མཐུན་སྒྲིལ་གྱི་ཆེད་དུ་སྟོབས་ཤུགས་འབུལ་ཐུབ་ན། དེ་ནི་ངའི་ཆེས་རྩ་ཆེ་བའི་མྱོང་སྣང་ཞིག་ཡིན་ཟེར།
ཁྲིད་སྟེགས་བརྒྱུད་ནས་ཤེས་བྱ་དང་བརྩེ་སེམས་ཟབ་མོ་བརྒྱུད་སྤྲོད་བྱས་ཏེ། ཁྱིམ་ཚང་གཅིག་ལྟར་བརྩེ་བ་གཅིག་ཏུ་སྦྲེལ་བའི་གཏམ་རྒྱུད་དེའི་མུ་ད་དུང་མཐོ་སྒང་དུ་འབྲི་བཞིན་འདུག།
ལྷ་མོ་ཚེ་རིང་དང་རིག་འཛིན་སྒྲོལ་མ་གཉིས་ཀྱིས་བསྒྱུར།