
ཟླ4པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུ་ལྟར་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་མུའུ་ཧན་མོ་ཏེ་དང་ཞལ་པར་བསྐྱོན།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ད་ལོ་ནི་རྒྱལ་ཁབ་གཉིས་ཀས་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ10འཁོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་གོ་སྐབས་འདི་དང་བསྟུན་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་པ་སོ་སོའི་འགྲོ་འོང་ཇེ་མང་དུ་གཏོང་བ། ཀྲུང་གོ་དང་སོ་ཏི་ཨ་རབ་བར་གྱི་འབྲེལ་བའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་མུ་མཐུད་ཆེ་རུ་བཏང་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་པ་བསྟན།
དེང་སྐབས་ཀྱི་དབུས་ཤར་མཚོ་ཁུག་ས་ཁུལ་གྱི་གནས་བབ་ལ་དམིགས་ཏེ་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མྱུར་དུ་ཕྱོགས་ཡོངས་ནས་དམག་འཁྲུག་མཚམས་བཞག་ནས་ཞི་བདེ་སླར་གསོ་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་དང་། ཆབ་སྲིད་འབྲེལ་བའི་ཐབས་ལམ་བརྒྱུད་ནས་རྩོད་གཞི་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུའི་འདོད་ཚུལ་རྒྱུན་བསྐྱངས་ཡོད། ཧོའར་མུའུ་ཚི་མཚོ་འགག་རྒྱུན་ལྡན་ལྟར་ཤར་བགྲོད་རྒྱུན་འཁྱོངས་བྱེད་དགོས་པ་དེ་ནི་ས་ཁུལ་དང་། རྒྱལ་ཁབ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན། ཀྲུང་གོས་ས་ཁུལ་དང་རྒྱལ་ཁབ་ཀྱིས་ཁྱིམ་མཚེས་དང་། འཕེལ་རྒྱས། བདེ་འཇགས། མཉམ་ལས་བཅས་བྱེད་པའི་ཐུན་མོང་གི་ཁྱིམ་གཞིས་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་བཟུང་ནས་ས་ཁུལ་གྱི་ཡུན་རིང་ཞི་བདེ་ལ་སྐུལ་འདེད་གཏོང་རྒྱུ་ཡིན།
མུའུ་ཧན་མོ་ཏི་ཡིས་སོ་ཏི་ཨ་རབ་དང་ཀྲུང་གོའི་འབྲེལ་བ་ནི་འཐབ་ཇུས་རང་བཞིན་ཡིན་པས། ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་ནི་སོ་ཏི་ཨ་རབ་རྒྱལ་ཁབ་ལ་མཚོན་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། མིག་སྔར་དབུས་ཤར་ས་ཁུལ་གྱི་དམག་འཁྲུག་གིས་མཚོ་ཁུག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བ་དང་འཛམ་གླིང་གི་ནུས་རྒྱུ་མཁོ་སྤྲོད་དང་དཔལ་འབྱོར་འཁོར་སྐྱོད་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། སོ་ཏི་ཨ་རབ་ཀྱིས་གླེང་མོལ་བརྒྱུད་ནས་འགལ་ཟླ་ཐག་གཅོད་བྱ་རྒྱུར་བརྩོན་བཞིན་ཡོད་ལ་གནས་བབ་ཛ་དྲག་ཏུ་མི་འགྲོ་བར་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོ་ནི་འགན་འཁྲི་འཁུར་བའི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་དྲང་བདེན་གྱི་ལངས་ཕྱོགས་འཛིན་པ་དང་། དབུས་ཤར་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་དང་གླེང་མོལ་མཉམ་ལས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། སོ་ཏི་ཨ་རབ་ཀྱིས་ཀྲུང་གོ་བར་གྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་དང་། དམག་འཁྲུག་མཚམས་འཇོག་པའི་རྣམ་པར་སྲུང་སྐྱོང་བྱེད་པ། ཡང་བསྐྱར་དམག་འབྱུང་བར་སྔོན་འགོག་དང་། ཧོར་མུའུ་ཙི་མཚོ་འགག་གི་མཚོ་འགྲུལ་བདེ་འཇགས་དང་རང་དབང་ལ་འགན་ལེན་བྱས་ཏེ་མཉམ་དུ་ས་ཁུལ་ཡུན་རིང་ཞི་བདེ་ཡོང་བའི་བྱེད་ཐབས་འཚོལ་འདོད་ཡོད་པ་བསྟན།