
ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཟི་ལིང་ཆེད་དམིགས་འོས་སྦྱོར་ཚོགས་འདུ་དང་གསེར་དངུལ་རྩྭ་ཐང་གི་དགུན་ཤའི་དུས་ཚིགས་སྐབས་གསུམ་པ་བདེ་བླག་ངང་ཚོགས།
བྱེད་སྒོ་དེ་ནི་སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་གྱིས་སྒྲུབ་པ་ཞིག་ཡིན་ཞིང་། ཁེ་ལས་ཉི་ཤུ་ལྷག་ཙམ་གྱིས་ཞིང་འབྲོག་ཐོན་རྫས་རིགས་དྲུག་ཅུ་ལྷག་ཁྱེར་ནས་འགྲེམས་ཚོང་མྱོང་རོལ་དང་ཐད་གཏོང་ཕྱིར་འཚོང་བྱེད་པའི་ལས་ལ་ཞུགས་ཡོད། མདའ་བཞི་རྫོང་ཡོངས་ལ་རྩྭ་ར་མུའུ་ས་ཡ་བཞི་འབུམ་བཞི་ཁྲི་བརྒྱད་ཡོད་པ་དང་ནོར་ལུག་འབུམ་བདུན་ཁྲི་བདུན་ལྷག་ཡོད། རྫོང་དེར་རྒྱལ་ཁབ་རིམ་པའི་ཞིང་ལས་ཚོད་ལྟའི་ས་ཚིགས་རྫོང་སོགས་ཀྱི་མཚན་སྙན་ཐོབ་ཡོད་ལ། མདའ་བཞིའི་ནོར་ལུག་གི་ཤ་ཡི་སྤུས་ཀ་ལེགས་པས་ཐོན་རྫས་མང་ཤོས་རྒྱལ་ཡོངས་ཀྱི་ཁྱད་ལྡན་སྤུས་ལེགས་ཟས་རིགས་ཀྱི་མིང་ཐོར་ཚུད་ཡོད། དེ་མིན་ཤ་རིགས་གཉིས་ལ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ས་ཁམས་མཚོན་རྟགས་ཀྱི་མཚན་སྙན་ཐོབ་ཡོད།
ཐེངས་འདིའི་བྱེད་སྒོར་བསྟེན་ནས་མདའ་བཞི་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་སའི་ཚོང་ར་བསྐྲུན་པར་མ་ཟད། མུ་མཐུད་དུ་ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་སྟོབས་ཆེར་གཏོང་བ་དང་ཕྱི་ཕྱོགས་ཚོང་ལམ་རྒྱ་བསྐྱེད་དེ། རྩྭ་ཐང་གི་སྤུས་ལེགས་ཐོན་རྫས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱེལ་རྒྱུ་འགན་ལེན་བྱས།
མདའ་བཞི་རྫོང་སྨྱན་སྦྱོར་ལྟེ་གནས། རྡོ་རྗེ་རྒྱལ་མཚན།